དེ་རིང་ནི2025ལོའི་ཟླ09པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅི་ཞིག་ལ་སྟོངས་ཉེན་ཡོད་པའི་སྐད་བརྡ་ཟེར།

2025-09-02 15:44:44   |   231

སྒྲིག་སྒྱུར། སངས་རྒྱས་སྐྱིད། པའེ་ཏུའུ་རིག་མཛོད། བཤེར་འབེབས། རིན་ཆེན་ཚེ་རིང་།


སྟོངས་ཉེན་ཡོད་པའི་སྐད་བརྡ་ཞེས་པ་ནི་སྤྱོད་མཁན་མི་གྲངས་གློ་བུར་དུ་ཇེ་ཉུང་དུ་སོང་བའམ་ཡང་ན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་མཚམས་ཆད་པའི་རྐྱེན་གྱིས་སྟོངས་ཉེན་དུ་གྱུར་པའི་སྐད་བརྡ་ལ་ཟེར་བ་དང་། དེའི་གཏན་འཁེལ་ཚད་གཞི་དེ་སྤྱོད་མཁན་མི་འབོར་གྱི་གཞི་ཁྱོན་དང་། སྤྱི་ཚོགས་ཀྱི་ནུས་པ། རིག་གནས་ཀྱི་ཁས་ལེན་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་སྟོངས་ཉེན་ཡོད་པའི་སྐད་བརྡ་དེ་ཚད་རིམ་བདུན་དུ་ཕྱེས་ཡོད་ཅིང་། མི་རབས་བར་རྒྱུན་འཛིན་བྱེད་པ་དེས་སྤྱིའི་མི་གྲངས་ལས་ལྷག་པར་དུ་སྟོངས་ལ་ཉེ་བའི་གནས་ཚུལ་མཚོན་ཐུབ་པ་ནན་བཤད་བྱས་ཡོད། དཔེར་ན་བྱིས་པས་མི་སློབ་པའི་སྐད་ཡིག་དེ་སྤྱོད་མཁན་ཁྲི་ལས་བརྒལ་ནའང་སྔར་བཞིན་སྟོངས་ལ་ཉེ་བ་ཡིན།

འཛམ་གླིང་ཡོངས་སུ་སྐད་རིགས750ལྷག་ཙམ་རྩ་མེད་དུ་སོང་ཚར་བ་དང་། ད་ལྟ་ཡོད་པའི་སྐད་ཡིག་དག་ལས་ཕྱེད་ཀ་ཙམ་ལ་སྤྱོད་མཁན་མི་གྲངས་ཁྲི་གཅིག་ལོན་གྱིན་མེད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་སྟེ། དཔེར་ན་ཧྲེ་རིགས་ཀྱི་སྐད་དང་། ཐ་ཐར་གྱི་སྐད། མན་ཇུའི་སྐད་སོགས་ལ་ཉམས་ཉེན་དྲག་པོ་འཕྲད་ཡོད། དེའི་ནང་ཧྲེ་རིགས་ཀྱི་སྐད་བརྡ་སྤྱོད་མཁན་སྟོང་ཕྲག་ཡང་ཟིན་གྱི་མེད་པས《འཛམ་གླིང་ཐོག་སྟོངས་ལ་ཉེ་བའི་སྐད་བརྡའི་རྒྱབ་ཤ་དམར་པོའི་དེབ》ནང་བཅུག་ཡོད། སྟོངས་ཉེའི་རྒྱུ་རྐྱེན་ལ་གོ་ལ་ཧྲིལ་པོ་ཅན་གྱི་རྡུང་རྡེག་དང་། སློབ་གསོའི་སྲིད་ཇུས་དོ་མི་མཉམ་པ། ཕ་སྐད་ལ་དགའ་ཞེན་བྱེད་ཚད་དམའ་རུ་སོང་བ་སོགས་ཚུད་ཡོད།

2003ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《སྐད་བརྡའི་གསོན་ཤུགས་དང་སྐད་བརྡའི་སྟོངས་ཉེན》ཞེས་པ་ཁྱབ་བསྒྲགས་བྱས་ཏེ། རིམ་དབྱེའི་སྲུང་སྐྱོང་སྒྲོམ་གཞི་བཏོན་པ་རེད། ཀྲུང་གོས2015ལོར“སྐད་བརྡའི་ཐོན་ཁུངས་སྲུང་སྐྱོང་འདུ་འགོད”སྤེལ་མགོ་བཙུགས་ནས་ཧྲེ་རིགས་ཀྱི་སྐད་དང་ཀེ་མན་གྱི་སྐད་སོགས་སྟོངས་ལ་ཉེ་བའི་སྐད་བརྡ་མྱུར་སྐྱོབ་དང་ཟིན་ཐོར་བཀོད་པ་དང་། གོ་ལ་ཧྲིལ་པོའི་སྐད་བརྡའི་ཐོན་ཁུངས་མཛོད་ཆེ་ཤོས་བཙུགས། དེ་དང་ཆབས་ཅིག《ཀྲུང་གོའི་སྟོངས་ལ་ཉེ་བའི་སྐད་བརྡའི་ལོ་རྒྱུས》དཔེ་སྐྲུན་བྱས། ས་ཁུལ་ཁག་ཅིག་གིས་སློབ་གྲྭའི་སློབ་ཚན་(དཔེར་ན་ལེའོ་ཉིང་མན་ཇུ་སློབ་ཆུང་གི་མན་ཇུའི་སློབ་ཚན)དང་གྲངས་འཛིན་ཅན་གྱི་ལག་རྩལ་བརྒྱུད་སྐད་བརྡ་བསྐྱར་དར་བྱེད་བཞིན་ཡོད།

སྟོངས་ཉེན་ཡོད་པའི་སྐད་བརྡའི་མཚན་ཉིད།

བཀོལ་སྤྱོད་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་རྩ་མེད་དུ་འགྲོ་ལ་ཁད་ཀྱི་སྐད་བརྡ།

སྟོངས་ཉེན་དུ་གྱུར་བའི་རྒྱུ་རྐྱེན།

བཀོལ་སྤྱོད་མི་གྲངས་ཉུང་ཞིང་ཁྱབ་ཚུལ་མང་བ་དང་། རིགས་རྒྱུད་ཁ་ཐོར་ཡིན་པ།

གསལ་འབྱེད་བྱེད་ཐབས།

སྐད་བརྡ་རིག་པའི་ཁྲོད་དུ་སྐད་བརྡའི་སྟོངས་ཉེན་གསལ་འབྱེད་ལ་གཅིག་གྱུར་གྱི་བྱེད་ཐབས་ཤིག་གྲུབ་མེད། དེའི་བརྡར་གཅོད་ཀྱི་ཚད་གཞི་ལ་རིགས་མང་པོ་ཡོད་དེ། དཔེར་ན2000ལོའི་ཟླ2པར་འཇར་མན་གྱི་ཁོ་ལུང་དུ་འཚོགས་པའི་སྟོངས་ཉེན་སྐད་བརྡ་རིག་པའི་གྲོས་ཚོགས་སྟེང་། ཚོགས་མི་རྣམས་ཀྱིས་སྐད་ཡིག་གི་ད་ལྟའི་གནས་ཚུལ་ལ་གཞིགས་ཏེ་རིམ་པ་བདུན་དུ་བགོས་ཡོད།

བདེ་འཇགས་ཀྱི་སྐད་བརྡ། མདུན་ལམ་ཧ་ཅང་ཡག་པོ་ཡོད་པ་དང་། ཚོགས་སྤྱིའི་ཁོངས་མི་ཚང་མས(བྱིས་པ་ཚུད)སྐད་བརྡ་སྦྱོང་བཞིན་ཡོད་པ།

གཏན་འཇགས་ཡིན་ཡང་འཇིགས་སྐུལ་ཐེབས་བཞིན་པའི་སྐད་བརྡ། ཚོགས་པའི་ནང་གི་ཁོངས་མི་ཡོད་ཚད(བྱིས་པ་ཚུད)ཀྱིས་སྐད་བརྡ་སློབ་སྦྱོང་བྱེད་བཞིན་ཡོད་མོད། འོན་ཀྱང་མི་གྲངས་ཧ་ཅང་ཉུང་བའི་སྐད་བརྡ།

བསླད་སྐྱོན་ཐེབས་པའི་སྐད་བརྡ། ཚོགས་སྤྱིའི་ཁོངས་མི་ཁ་ཤས་ཀྱིས་སྐད་རིགས་གཞན་སྤྱོད་བཞིན་པ་དང་། ཁོངས་མི་ཁ་ཤས(བྱིས་པ་ཚུད)ཀྱིས་སྔར་བཞིན་སློབ་སྦྱོང་བྱེད་བཞིན་པའི་སྐད་བརྡ།

ཉེན་ཁ་ཆེ་བའི་སྐད་བརྡ། བཀོལ་སྤྱོད་བྱེད་མཁན་ཚང་མ་ལོ20ཡན་ཡིན་པ་དང་། ཚོགས་པའི་བྱིས་པ་དང་ན་གཞོན་ཚོས་ད་ལྟ་བཀོལ་སྤྱོད་དང་སློབ་སྦྱོང་བྱེད་བཞིན་མེད་པའི་སྐད་བརྡ།

ཧ་ཅང་ཉེན་ཁ་ཆེ་བའི་སྐད་བརྡ། བཀོལ་སྤྱོད་བྱེད་མཁན་ཚང་མ་ལོ40ཡན་ཡིན་པ་དང་། ཚོགས་པའི་བྱིས་པ་དང་ན་གཞོན་ཚང་མས་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་བཞིན་མེད་པའི་སྐད་བརྡ།

སྟོངས་ཉེན་ཆེ་བའི་སྐད་བརྡ། ལོ70ཡན་གྱི་རྒན་པ་ཉུང་ཤས་ཀྱིས་ད་དུང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། ཚོགས་པའི་ནང་གི་ཁོངས་མི་གཞན་དག་ཚང་མས་བཀོལ་སྤྱོད་བྱེད་མཚམས་བཞག་པའི་སྐད་བརྡ།

རྩ་མེད་དུ་སོང་བའི་སྐད་བརྡ། དཔེ་མཚོན་ཅན་གྱི་སྟོངས་ཉེན་སྐད་བརྡའི་ཁྱད་ཆོས་དག་མེད་པར་གྱུར་ནས་བཀོལ་སྤྱོད་བྱེད་མཁན་པར་མེད་གྱུར་བའི་སྐད་བརྡ།

སྐད་བརྡ་ལ་ལ་ཞིག་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་ཁྲི་ལས་བརྒལ་རུང་སྟོངས་ཉེན་ཆེ་བའི་སྐད་བརྡ་རུ་གསལ་འབྱེད་བྱས་ཡོད། རྒྱུ་མཚན་ནི་སྐད་བརྡ་དེ་དག་ན་གཞོན་དང་བྱིས་པ་ཉུང་ཤས་ཙམ་གྱིས་སྐད་བརྡ་དང་པོར་རྩིས་ཏེ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་བཞིན་ཡོད། དེ་དང་བསྡུར་ན་ཤེས་དཔལ་གྱི་མཐའ་མཚམས་སུ་གནས་པའི་སྐད་བརྡ་ཁ་ཤས་སྤྱོད་མཁན་མི་གྲངས་བརྒྱ་ཙམ་ཡང་མེད་ཀྱང་སྐད་བརྡ་དེ་སྤྱོད་མཁན་ཡོངས་ཀྱིས(གཞོན་ནུ་དང་བྱིས་པ་ཡང་འདུ) བརྡ་སྤྲོད་བྱེད་གཙོ་བོར་(ཡང་ན་གཅིག་པུ་ཡིན་པ)རྩིས་ན་སྐད་བརྡ་འདིའི་མདུན་ལམ་ནི་རྒྱ་ཆེ་བ་ཡོད།


མཉམ་སྤྱོད།