དེ་རིང་ནི2025ལོའི་ཟླ11པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཚོ་བ་རོལ་སྟངས་དང་འབྲས་སྐྲན་བར་གྱི་འབྲེལ་བ།

2025-11-06 16:03:01   |   60

རྩོམ་སྒྲིག   སངས་དོན།     ཡོང་ཁུངས།   མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


题图_proc.jpg

རྒྱུན་པར་མི་ལ་ལས“འབྲས་སྐྲན་སྔོན་འགོག་བྱེད་ཐུབ་བམ”ཞེས་པའི་དྲི་བ་འདྲི་ལ། དེའི་ལན་ནི་སྔོན་འགོག་བྱེད་ཐུབ་པ་རེད། ཡིན་ནའང་འདིས་བརྒྱ་ཆ་བརྒྱ་ཡི་འབྲས་སྐྲན་མི་འབྱུང་བར་ཁག་ཐེག་བྱེད་ཐུབ་ཅེས་པ་མིན། འབྲས་སྐྲན་གྱི་ནད་རྐྱེན་རྙོག་འཛིང་ཆེ་བ་དང་། དེའི་ནང་གི་རྒྱུ་རྐྱེན་ལ་ལ་ཚོད་འཛིན་བྱེད་ཐུབ་ལ། རྒྱུ་རྐྱེན་ལ་ལ་ཚོད་འཛིན་བྱེད་མི་ཐུབ། གལ་ཏེ་ང་ཚོས་ཚོད་འཛིན་བྱེད་ཐུབ་པའི་ཕྱོགས་དེ་དག་ལེགས་པར་སྲུང་ཐུབ་ན། སྤྱིའི་ཆ་ནས་འབྲས་སྐྲན་ནད་ཕོག་པའི་ཉེན་ཁ་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་སྲིད།

རྒྱུ་རྐྱེན་གང་དག་ཚོད་འཛིན་བྱེད་ཐུབ་པ་ཡིན་ནམ་ཞེ་ན། གཙོ་བོ་བྱ་སྤྱོད་མི་ལེགས་པ་དང་གོམས་གཤིས་ངན་པ་ལ་ཟེར། བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་དང་བྱ་སྤྱོད་གོམས་གཤིས་ཀྱིས་ཡུན་རིང་ནུས་པ་ཐོན་ནས་སྐྲན་ནད་ངན་པའི་རིགས་སློང་ཞིང་། དེའི་རིགས་ལ་རྒྱུན་པར་མི་རྣམས་ཀྱིས་འཚོ་བ་རོལ་སྟངས་ཀྱི་འབྲས་སྐྲན་ཟེར།

བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་ལ་བཟའ་བཏུང་དང་འགུལ་སྐྱོད། ངལ་གསོ་སོགས་ཕྱོགས་མང་བོ་ཚུད་ཡོད། མི་ཚོགས་རིགས་མི་འདྲ་བར་འབྲེལ་བ་ཡོད་པ་དང་དེའི་ཁྲོད་ཐུན་མོང་རང་བཞིན་མང་བོ་ཡོད། འོན་ཀྱང་ཞིབ་ཕྲའི་མངོན་ཚུལ་སོ་སོར་ཕྱོགས་མི་འདྲ་བ་ཡོད་པ་རེད།

གཅིག སྐྱེས་པ།

1.ཐ་མག་འཐེན་པ་དང་ཆང་འཐུང་བ། སྐྱེས་པ་མང་བོར་ཐ་མག་འཐེན་པ་དང་ཆང་འཐུང་བ་ལ་བརྟེན་ནས་གནོན་ཤུགས་ཇེ་ཆུང་དུ་གཏོང་བའམ་གནོན་ཤུགས་ལས་གཡོལ་བའི་གོམས་གཤིས་ཡོད། གློ་བའི་འབྲས་སྐྲན་ནི་སྐྱེས་པ་ཚོར་འབྱུང་བའི་དཔེ་མཚོན་རང་བཞིན་གྱི“འཚོ་བ་རོལ་སྟངས་ཀྱི་འབྲས་སྐྲན”ཞིག་ཡིན་ལ། སྐྱེས་པས་ཐ་མག་འཐེན་ཚད་བུད་མེད་ལས་མངོན་གསལ་གྱིས་མཐོ་བ་རེད། ཐ་མག་འཐེན་པ་ནི་སྐྱེས་པའི་གློ་བའི་འབྲས་སྐྲན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། སྐྱེས་པ་ཚོར་གསོལ་ཚིགས་ལྟོས་བཅས་ཀྱིས་ཅུང་མང་བ་དང་། ཆང་འཐུང་བའི་གོ་སྐབས་དེ་བས་མང་བོ་ཡོད་པས། རྒྱུན་དུ་ཆང་འཐུང་བ་ནི་མཆིན་པའི་འབྲས་སྐྲན་དང་མིད་པའི་འབྲས་སྐྲན་སོགས་སློང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།

2.འགུལ་སྐྱོད་མི་འདང་བ་དང་བཟའ་བཏུང་མི་ལེགས་པ། སྐྱེས་པ་ཁག་ཅིག་གི་ལས་ཀའི་ངོ་བོའི་དབང་གིས། ཡུན་རིང་ཙོག་པུར་འདུག་པའི་གོམས་གཤིས་ཡོད་སྟབས། འགུལ་སྐྱོད་མི་འདང་བ་དང་། དེའི་ཁར་བཟའ་བཏུང་ལ་ཆོས་ཉིད་མེད་པ་དང་ཚོད་མེད་པས། དུས་ཡུན་རིང་བོར་ཚིལ་དང་སྤྲི་དཀར་མང་བའི་བཟའ་བཏུང་ལོངས་སྤྱོད་བྱས་ན་ལོང་གའི་འབྲས་སྐྲན་དང་མདུན་ཆགས་གཤེར་རྨེན་འབྲས་སྐྲན་སོགས་ཀྱི་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

གཉིས། བུད་མེད།

1.བཟའ་བཏུང་མི་ལེགས་པ། བུད་མེད་མང་བོ་མངར་ཟས་དང་མངར་ཇ། གཞན་ནུས་ཚད་མཐོ་བའི་བཟའ་བཏུང་བཅས་ལ་དགའ་བ་དང་། དེའི་ཁར་ཡུན་རིང་ཙོག་པུར་འདུག་པ་དང་ལས་ཀའི་གནོན་ཤུགས་ཆེ་བས། ཚོ་ཆེ་བའི་གནད་དོན་འབྱུང་སླ་ལ། ནུ་མའི་འབྲས་སྐྲན་དང་ལོང་གའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་བ་རེད། བུད་མེད་ཁ་ཤས་ད་དུང་སྣུམ་བཙོས་དང་བསྙལ་ཟས། བསྲེགས་ཟས་རིགས་ལ་དགའ་བས། ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ།

2.སྐུལ་རྩི་དང་མངལ་ཆགས་པ། ཕྱི་ཁུངས་རང་བཞིན་གྱི་མོ་སྐུལ་རྩི་བཀོལ་སྤྱོད་ཚད་ལྡན་མིན་པ་སྟེ། དཔེར་ན། སྦྲུམ་འགོག་སྨན་དང་ཚད་ལྡན་མིན་པའི་མཛེས་བྱུག་རྫས་ལྟ་བུ། འཁྲུག་སྤྱོད་གཙང་མ་མིན་པ་སོགས་ཀྱིས་མིའི་ནུ་ཏོག་འབྲས་སྐྲན་ནད་དུག(HPV)འགོ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་པ་དང་། མངལ་སྐེའི་འབྲས་སྐྲན་འབྱུང་སླ་བ་རེད།

3.སེམས་ཁམས་དང་གནོན་ཤུགས། དེང་རབས་ཀྱི་བུད་མེད་ལ་ལས་ཀ་དང་ཁྱིམ་ཚང་ལས་བྱུང་བའི་གནོན་ཤུགས་ཉིས་བརྩེགས་འཕྲད་བཞིན་ཡོད་པས། དུས་ཡུན་རིང་བོར་སེམས་འཚབ་ཆེ་བ་དང་སེམས་ཁྲལ་བྱེད་པ་སོགས་ཀྱི་སེམས་ཁམས་མི་ལེགས་པའི་ཁྲོད་དུ་གནས་པས། སྐུལ་རྩིའི་ཆུ་ཚད་འཁྲུགས་སླ་བ་དང་། ནུ་མའི་འབྲས་སྐྲན་དང་བསམ་བསེའུ་འབྲས་སྐྲན་སོགས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད།

གསུམ། ན་གཞོན།

1.མཚན་ཕུད་པ། ངལ་གསོ་བྱེད་ཚུལ་ཆོས་ཉིད་དང་མི་མཐུན་པ་སྟེ། གློག་རྡུལ་རོལ་རྩེད་དང་བརྙན་འཕྲིན་ཟློས་གར་ལ་ལྟ་བ། ཡང་ན་དགོང་ཚོགས་ཀྱི་འཚོ་བ་བཅས་ལ་དབྱིངས་ཞུགས་པ་ནི་ན་གཞོན་མང་བོའི་ཐུན་མོང་གི་གནད་དོན་རེད། འཚོ་བའི་གོམས་གཤིས་འདིས་མིའི་ལུས་ཕུང་གི་སྐྱེ་དངོས་ཅོང་དཀྲུགས་ཏེ། གཉིད་འཕེལ་རྒྱུ་ཡི་ཟགས་ཐོན་ཇེ་ཉུང་དུ་གཏོང་བ་དང་། ནུ་མའི་འབྲས་སྐྲན་དང་མདུན་ཆགས་གཤེར་རྨེན་འབྲས་སྐྲན། དེ་བཞིན་ཁྲག་རིལ་དཀར་པོའི་ནད་དང་རྨེན་སྐྲན་སོགས་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན།

2.བཟའ་བཏུང་ངན་པ། ན་གཞོན་ཚོས་རྒྱུན་དུ་སྟབས་བདེ་ཞིང་མགྱོགས་ལ་བདེ་ཐང་མིན་པའི་བཟའ་བཏུང་བསྟེན་པར་དགའ་བ་ཡིན། བསྲེགས་ཟས་དང་སྣུམ་བསྲེགས་རིགས་ཀྱི་ཟས་རིགས་ལ་དགའ་བོ་བྱེད་ཅིང་། མངག་སྐྱེལ་ནི་བཟའ་བཏུང་གི་འབྱུང་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། རྒྱུན་ལྡན་དུ་ཟ་བའི་ཟས་རིགས་ལ་སྣུམ་མང་བ་དང་ཚྭ་མང་བ། མངར་ཆ་མང་བ་སོགས་ཡིན་པས། ཕོ་བའི་འབྲས་སྐྲན་དང་རྒྱུ་མའི་འབྲས་སྐྲན་སོགས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ། 

3.འགུལ་སྐྱོད་མི་འདང་བ། ན་གཞོན་མང་བོ་དུས་ཡུན་རིང་བོར་གློག་ཀླད་ཀྱི་མདུན་དུ་བསྡད་ནས་ལས་ཀ་བྱེད་བཞིན་ཡོད་པ་དང་། རྒྱུན་ལྡན་གྱི་འགྲོ་སྐྱོད་ལ་འགྲིམ་འགྲུལ་ཡོ་བྱད་སྤྱོད་པ་གཙོ་བོ་ཡིན་པས། ལུས་པོའི་འགུལ་སྐྱོད་ཀྱིས་མི་འདང་བ་རེད། ཡུན་རིང་ཙོག་པུར་བསྡད་ནས་མི་འགུལ་བའི་འཚོ་བ་རོལ་སྟངས་དེས་ལོང་གའི་འབྲས་སྐྲན་དང་བུ་སྣོད་ནང་སྐྱི་འབྲས་སྐྲན་སོགས་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ།

བཞི། རྒན་རྒོན།

ལོ་ཇེ་མཐོར་སོང་བ་དང་བསྟུན་ནས། རིམས་འགོག་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། རྒན་རྒོན་རྣམས་ཀྱི་ནད་རིགས་འགོག་པའི་ནུས་པ་ཇེ་ཞན་དུ་འགྲོ་བས། འཚོ་བ་རོལ་སྟངས་མི་ལེགས་ཚེ་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཚད་སྔར་བས་མངོན་གསལ་དུ་འགྱུར།

1.དལ་ལངས་རང་བཞིན་གྱི་ནད། རྒན་རྒོན་རྣམས་ལ་དལ་བའི་རང་བཞིན་གྱི་ནད་རིགས་མང་བོ་ཡོད་པ་སྟེ། དཔེར་ན། དལ་ལངས་རང་བཞིན་གྱི་ཕོ་འཁུམས་གཉན་ཚད་དང་ཕོ་ནད་སྨུག་པོ་སོགས་ཕོ་བའི་ནད་ཡོད་པའི་རྒན་རྒོན་ལ་ཕོ་བའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཅུང་མཐོ་བ་དང་། གཅིན་སྙི་ཟ་ཁུ་ཕོག་པའི་རྒན་རྒོན་ལ་མཆིན་པའི་འབྲས་སྐྲན་དང་གཤེར་རྨེན་འབྲས་སྐྲན་སོགས་ཕོག་པའི་ཉེན་ཁ་ཅུང་མཐོ་བ་ཡིན།

2.འཚོ་བཅུད་དཀོན་པ། རྒན་རྒོན་རྣམས་རྒྱུན་པར་བསྙལ་ཟས་དང་ཚྭ་མང་བའི་ཟས་རིགས་ལ་དགའ་བོ་ཡོད་པས། ཕོ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེ་རུ་འགྲོ་བ་ཡིན། སོ་ལེགས་པོ་མེད་པ་དང་འཇུ་བྱེད་ནུས་པ་ཞན་པ། རྒན་རྒོན་གྱི་བཟའ་བཏུང་གྲུབ་ཆ་སྣ་རྐྱང་ཡིན་པ། འཚོ་བཅུད་བསྡུ་ལེན་མི་འདང་བ་བཅས་ལས་འབྲས་སྐྲན་འབྱུང་བའི་ཉེན་ཁ་སྔར་བས་ཇེ་ཆེར་འགྲོ། 

“འཚོ་བ་རོལ་སྟངས་ཀྱི་འབྲས་སྐྲན”ལ་སྔོན་འགོག་བྱེད་པར་མི་སྒེར་དང་སྤྱི་ཚོགས་བར་འགྲིལ་ཤུགས་ཆགས་ནས་ཕྱོགས་མང་བོའི་སྐྲན་ནད་འགོག་སྲུང་མ་ལག་འཛུགས་དགོས། བདེ་ཐང་ནི་སྤྱི་མཚན་གྱི་གོ་དོན་ཞིག་མིན་པར། འཚོ་བའི་ཁྲོད་ཀྱི་གདམ་གསེས་ཐེངས་ཁྲི་སྟོང་གི་གསོག་འཇོག་ཅིག་ཡིན། “འཚོ་བ་རོལ་སྟངས་ཀྱི་འབྲས་སྐྲན”ནི་དེང་རབས་ཀྱི་འཚོ་བ་རོལ་སྟངས་ལ་ཉེན་བརྡ་བཏང་བ་ཞིག་ཡིན་པས། མི་ཚང་མས་རང་ཉིད་ནས་མགོ་ཚུགས་ཏེ་བདེ་ཐང་གི་འཚོ་བའི་གོམས་གཤིས་ཤིག་ཆགས་པར་བྱ་དགོས།


སྐབས་སྔོན་མ། བཤང་འགགས་ཀྱི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།