དེ་རིང་ནི2025ལོའི་ཟླ11པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བཤང་འགགས་ཀྱི་ནད།

2025-11-04 10:01:39   |   19

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

བཤང་བ་འགགས་པ་ནི་ནད་གཞི་ཁག་གཅིག་ལ་ཐུན་མོང་དུ་འབྱུང་བའི་རྟགས་ཤིག་ཡིན་ལ། སྤྱིར་བཏང་ལུས་ལ་ཚ་བ་ཆེན་པོ་བརྒྱབ་པ་དང་། ཕོ་བ་དང་རྒྱུ་མར་རྨ་དོད་པ། མཁྲིས་པ་དང་མཆིན་པའི་ནད། རྒྱུ་ལོང་གི་ནུས་པ་འཁྲུགས་པ། སྲིན་ནད་སོགས་དང་། དེ་མིན་ཟས་སུ་ཤ་སྐམ་པོ་དང་ཞོ་བཙོས་པ་སོགས་བསྟེན་དྲགས་པས་སློང་བ་ཡིན། 

ནད་རྟགས། 

ཁོག་པ་སྦོས་བརྒྱངས་བྱས་ནས་མཁྲེགས་པོར་ཆགས་པ་དང་། ན་ཟུག་གཏོང་བ། འགག་སྒྲེགས་རྒྱག་པ། འོག་རླུང་མི་ཐོན་པ། བཤང་བ་བསྐམས་ནས་ཤ་རིལ་འདྲ་བ་འབབ་པའམ་ཡང་ན་མི་འབབ་པ། རྒྱུ་ཞབས་ལ་ན་ཟུག་གཏོང་བ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

སྔོན་འགོག

1 རྒྱུན་པར་ཡང་ཡང་དུ་བཤང་བ་འགགས་པའི་ནད་པས་ཧུར་བརྩོན་གྱིས་ནད་རྒྱུ་བཙལ་ཏེ། དེ་ནས་ནད་རྒྱུ་བསལ་བའི་གསོ་བཅོས་བྱེད་པ་ལས་སྦྱོང་སྨན་གང་འདོད་ལྟར་སྤྱོད་མི་རུང་།

2 གལ་ཏེ་བཤང་འགགས་ཀྱི་ནད་ཚབས་ལྕི་ལ་ཟས་སྐོམ་གྱིས་ཕན་སྐྱེད་མེད་ན། ནད་ཚབས་ཅུང་ཡང་བ་རྣམས་ཀྱིས་སྦྱོང་སྨན་འཇམ་པོའི་རིགས་བསྟེན་ཆོག་པ་དང་། ནད་ཚབས་ལྕི་བ་རྣམས་ཀྱིས་སྦྱོང་སྨན་རྣོ་ལ་མྱུར་བའི་རིགས་ནངས་སྔ་མོ་ལྟོ་སྟོང་གི་སྐབས་སུ་བསྟེན་དགོས།

3 བཤང་འགགས་རྐྱང་བའི་ནད་ལ་དུས་ཡུན་རིང་བོར་སྦྱོང་སྨན་བཀོལ་མི་རུང་། དེ་མིན་ན་སྦྱོང་སྨན་གོམས་ལོབས་སུ་འགྲོ་བ་ཡིན། དེ་ལྟ་བུ་ལ་སྙིགས་རོ་མང་པོའི་ཟས(高渣性食物)དང་སྔོ་ཚོད་དང་ཆུ་མང་དུ་བསྟེན་པ་དང་། འགུལ་སྐྱོད་མང་དུ་བྱེད་པ་སོགས་ཀྱིས་སྙོམས་སྒྲིག་བྱ་དགོས།

གསོ་ཐབས།

1 བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་དུ་ཞི་བྱེད་དྲུག་པ་དང་། ཞི་ལྕུམ། (ཞི་བྱེད་དྲུག་པར་ལྕུམ་རྩ་བསྣན་པ) ཨུག་ལྕུམ། ལྕུམ་རྩའི་ཕྱེ་མ་གཏོང་བ་དང་། ཡང་ན་ཨ་རུ་མཆུ་སྙུང་དང་ལྕུམ་རྩ། བུལ་ཏོག་གསུམ་བསྡུས་པའི་ཐང་གཏོང་བ། ཚབས་ཆེ་བར་ཞི་དྲུག་ལ་དུར་བྱིད་བསྣན་ནས་གཏོང་དགོས།

2 ཟས་ཀྱིས་བཅོས་པ་ལ། རྒྱུན་པར་ཟས་སུ་འབྲུ་རིགས་དང་སྔོ་ཚོད་དང་སུལ་ཏོག དཔེར་ན། འབྲས་དང་མ་རྨོས་ལོ་ཏོག སྲན་རིགས། སྣེ་ཚོད། ཀེའུ། ཚོད་དཀར། ལ་ཕུག ཤ་མོ། པོའོ་ཚད།(菠菜)  ཤིང་ཤ་མོ(木耳)སོགས་བསྟེན་དགོས་ལ། ཟས་རིགས་འདི་དག་གིས་བཤང་འགགས་ཀྱི་ནད་སྔོན་འགོག་དང་གསོ་བཅོས་བྱ་ཐུབ་པར་མ་ཟད།  ལོང་འབྲས་དང་གཞང་འབྲས་ཀྱི་བྱུང་ཚད་ཇེ་དམར་གཏོང་ཐུབ་ལ། ཁྲག་ཤེད་མཐོ་བ་དང་ཁྲག་ཞག་མཐོ་བ། པྲོག་རྩའི་སྙིང་ནད། གཅིན་སྙི་ཟ་ཁུའི་ནད་དང་ནུ་འབྲས(乳腺癌)སོགས་སྔོན་འགོག་བྱ་ཐུབ། དེ་བཞིན་སྐོམ་ཆུ་དང་ཁུ་བའི་རིགས་ཀྱང་འདང་ངེས་ཤིག་བསྟེན་དགོས། དུ་བ་དང་ཆང་། ཁོ་ཧྥེ།(咖啡) ཇ་གར་མོ། སུར་པན། ཨ་འབྲ་རྗེན་པ།(生柿子) ལུག་ཤ་དང་སྐམས་ཤ ཁྲག་ཚོད་མི་འཕྲོད་པས་སྤང་དགོས།


མཉམ་སྤྱོད།