དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱ་དགོས།

2024-08-20 10:25:35   |   300

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་དམ་ཟབ་ཡོད་པས། ཁྱིམ་ཚང་དང་སློབ་གྲྭ་དང་སྤྱི་ཚོགས་བཅས་ཕྱོགས་གསུམ་གྱིས་མཐུན་སྦྱོར་བྱས་ནས་སྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་རེད། གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་གི་སློབ་གསོར་གཤམ་གྱི་ཕྱོགས་འགའ་ནས་ཤུགས་སྣོན་དང་དོ་ཁུར་བྱ་ཆོག

640.jpg

གཅིག སློབ་གྲྭའི་སློབ་གསོ་གཙོ་བོར་བཟུང་ནས་མི་སྐྱོང་ནུས་པ་འདོན་སྤེལ་བྱེད་པ།

སློབ་གྲྭས་ཆེད་ལས་ཀྱི་སེམས་ཁམས་སློབ་གསོའི་དགེ་རྒན་དཔུང་སྡེ་འཛུགས་དགོས་པར་མ་ཟད། དུས་ཚོད་ངེས་གཏན་ནང་ལ་སེམས་ཁམས་བདེ་ཐང་གི་དགེ་རྒན་གསོ་སྦྱོང་བྱེད་དགོས། “འཕྲི་གཉིས”ཀྱི་བྱ་བ་དང་སྦྱར་ནས་གཞོན་ནུ་ལོ་ཆུང་ཚོ་སློབ་ཕྱིའི་དགའ་ཕྱོགས་ཚན་ཆུང་ལ་ཞུགས་པར་ཁྲིད་སྟོན་དང་། སློབ་ཁང་སློབ་ཁྲིད་ཀྱི་རྣམ་པ་ཕུན་སུམ་ཚོགས་པོར་གཏོང་བ། ལྗོངས་ཁམས་གསར་སྐྲུན་དང་རོལ་རྩེད་སོགས་ཀྱི་བྱ་འགུལ་བརྒྱུད་དེ། གཞོན་ནུ་ལོ་ཆུང་ཚོར་སེམས་ཁམས་བདེ་ཐང་གི་ཤེས་བྱ་བརྒྱུད་སྤྲོད་བྱས་ནས་སློབ་མའི་སེམས་ཁམས་བྱང་ཚད་མཐོར་འདེགས་གཏོང་དགོས། སློབ་གྲྭས་དམིགས་བསལ་གྱིས་གཞིས་སྲུང་བྱིས་པའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱེད་དགོས་ལ། གཞིས་སྲུང་བྱིས་པའི་སེམས་ཁམས་ཁྲིད་སྟོན་གྱི་སློབ་གསོའི་བྱ་བ་ཧུར་ཐག་གིས་སྤེལ་བ་དང་། གཞོན་ནུ་ལོ་ཆུང་རེ་རེར་སྒེར་ཚུགས་ཀྱི“སྨན་བཅོས”ཟིན་ཐོ་བཟོས་ནས་སེམས་ཁམས་གནད་དོན་བྱུང་ན་དུས་ཐོག་ཏུ“ནད་བསྟུན་སྨན་བཅོས”བྱེད་པར་སྟབས་བདེ་བཟོ་དགོས།

གཉིས། ཁྱིམ་ཚང་སློབ་གསོ་རྨང་གཞི་བྱས་ཏེ་ཁྱིམ་ཚང་དང་སློབ་གྲྭ་མཐུན་སྦྱོར་གྱིས་གསོ་སྐྱོང་བྱེད་པ།

ཁྱིམ་ཚང་གི་ཁོར་ཡུག་ནི་བྱིས་པས་ཐོག་མར་འབྲེལ་འདྲིས་བྱས་པའི་སྤྱི་ཚོགས་ཁོར་ཡུག་ཡིན་ལ། ཁྱིམ་བདག་གི་ཁྱིམ་ཚང་སློབ་གསོའི་འདུ་ཤེས་དང་ཆུ་ཚད་མཐོ་དམན་གྱིས་གཞོན་ནུ་ལོ་ཆུང་ཚོའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས། དེ་བས། ཁྱིམ་བདག་གིས་ཧུར་ཐག་སྒོས་སློབ་གསོའི་ནུས་པ་མཐོར་འདེགས་གཏོང་དགོས། ཁྱིམ་བདག་གིས་དུས་ཐོག་ཏུ་སློབ་གྲྭ་དང་འབྲེལ་འདྲིས་བྱས་ནས་སློབ་མའི་སློབ་གྲྭའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས། སློབ་གྲྭས་དུས་ཚོད་ངེས་གཏན་ནང་ལ་ཁྱིམ་བདག་ལ་གསོ་སྦྱོང་བྱེད་པ་དང་། སློབ་སྐབས་རེར་ཐེངས་གཅིག་ནས་ཐེངས་གཉིས་ཡན་གྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་དང་ལག་ལེན་བྱ་འགུལ་སྤེལ་བར་ཁག་ཐེག་བྱས་ཏེ། ཁྱིམ་བདག་གིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་འཕེལ་རྒྱས་ཀྱི་གལ་ཆེན་རང་བཞིན་ལ་ཤེས་རྟོགས་གསལ་པོ་བྱེད་པར་ཤུགས་སྣོན་དང་། སེམས་ཁམས་སློབ་གསོ་དང་ཁྲིད་སྟོན་ཐབས་ལམ་སྔར་ལས་མང་པོ་ལག་ལེན་བྱེད་དགོས། གཞན་ཡང་། ཕ་མའི་བརྩེ་བ་ནི་གཞོན་ནུ་ལོ་ཆུང་གི་ནར་སོན་གོ་རིམ་ཁྲོད་ཆད་ལྷག་ཤོར་མི་རུང་བའི་མཐུན་རྐྱེན་གལ་ཆེན་ཞིག་ཡིན་པས། ཁྱིམ་བདག་གིས་འཆམ་མཐུན་ཞི་འགྲིག་གི་ཁྱིམ་ཚང་ཁོར་ཡུག་ཅིག་བསྐྲུན་ནས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་རོགས་འདེགས་བྱེད་དགོས།

གསུམ། སྤྱི་ཚོགས་སློབ་གསོ་གཞི་བཅོལ་ས་བྱས་ནས་གསོ་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་པ།

སྡེ་ཁུལ་དང་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱི་དྲང་ཕྱོགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཚོགས་ཁོར་ཡུག་ལེགས་པོ་བསྐྲུན་དགོས། འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་ཀྱིས་དྲང་ཕྱོགས་ནུས་པའི་ཆ་འཕྲིན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ཡང་དག་པའི་བསམ་བློའི་འདུ་ཤེས་ལ་སྐུལ་སྤེལ་བྱེད་པ། གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ཤེས་བྱའི་དྲིལ་སྒྲོག་དང་སློབ་གསོའི་བྱ་བ་ཧུར་ཐག་གིས་སྤེལ་བ་དང་། སྤྱི་ཚོགས་མི་དམངས་ཀྱིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་ངོས་འཛིན་ཡང་དག་བྱེད་པར་ཤུགས་སྣོན་དགོས། སེམས་ཁམས་བདེ་ཐང་གི་ཆེད་སྤྱོད་ཁ་པར་འཛུགས་པ་དང་། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་སེམས་ཁམས་བདེ་ཐང་ཆེད་མཁས་པ་རྩ་འཛུགས་བྱས་ནས་དང་བླངས་ཞབས་ཞུ་བསྒྲུབས་པ། གཞོན་ནུ་ལོ་ཆུང་ཚོར་རིན་མེད་ཀྱི་སེམས་ཁམས་མཛུབ་སྟོན་བྱེད་པ། སྲིད་གཞུང་སྡེ་ཁག་གིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་ཐད་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། སྤྲོ་སྣང་གི་ཁྲོད་ནས་སློབ་གསོ་གཏོང་བ། སེམས་ཁམས་བདེ་ཐང་སློབ་གསོའི་ལྟ་སྐུལ་སྒྲིག་སྲོལ་འཛུགས་པ། སློབ་གྲྭ་དང་ཁྱིམ་ཚང་སློབ་གསོར་ལྟ་རྟོག་བྱེད་པའི་དུས་མཚུངས་སུ་ཕན་ཚུན་ལ་མཐུན་སྦྱོར་བྱེད་པ་བཅས་ཀྱིས། གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ཐད་སྔར་ལས་ལེགས་པའི་འགན་སྲུང་མཁོ་འདོན་བྱེད་དགོས།

ཆུང་འབྲིང་སློབ་མར་སེམས་ཁམས་གནད་དོན་བྱུང་བའི་མངོན་ཚུལ་འགའ།

1.ཁོག་རྒྱ་ཆུང་བ།

ཁོག་རྒྱ་ཧ་ཅང་ཆུང་ཞིང་དོན་དག་ཕྲན་བུ་ཙམ་ལ་ཡང་བཟོད་སྒོམ་བྱེད་མི་ཐུབ་ཅིང་། བྱ་བ་ཆུང་ངུ་དེ་སེམས་ལ་གནག་ནས་ཞི་མི་ཐུབ་པ།

2.ཕྲག་དོག་ཆེ་བ།

མི་གཞན་གྱི་འཚོ་བ་དང་སློབ་སྦྱོང་རང་ལས་བཟང་སྐབས། རྣམ་འགྱུར་སྣ་ཚོགས་སྟོན་ལ་བདེ་བར་སྡོད་མི་ཐུབ་པར་དགྲ་འཛིན་གྱི་སེམས་ཁམས་ཡོད་ལ། ཐ་ན་གཞན་ལ་རྡུང་རྡེག་དང་རྨས་ཕོག་ཏུ་བཅུག་ནས་རང་གི་སེམས་ཀྱི་ཕྲག་དོག་དང་ཁོང་ཁྲོ་ཕྱིར་འདོན་པ།

3.ཚོར་སྣང་སྐྱེན་པ།

དབང་རྩར་ཚོར་ལོག་འབྱུང་ཞིང་དོགས་པ་ཟ་ལ། གཞན་གྱིས་བསམ་བཞིན་བཤད་པ་མ་ཡིན་པའི་སྐད་ཆ་དང་བྱ་སྤྱོད་ནི་རང་ལ་མཐོང་ཆུང་དང་ཟུར་ཟ་བྱེད་པར་འདོད་ལ། དེར་བརྟེན་ནས་དགའ་སྐྱོ་ཆགས་སྡང་ངེས་མེད་སྐྱེ་བ།

4.ཧོན་འཐོར་བ།

ཆུང་འབྲིང་སློབ་མའི་སེམས་ལ་འཆར་སྒོ་མང་པོ་ཡོད་ལ། དེ་ཐམས་ཅད་མངོན་འགྱུར་བྱུང་ན་བསམ། ཁོ་ཚོས་འབད་བརྩོན་དང་ཐབས་ལམ་སྣ་ཚོགས་ཀྱིས་རེ་བ་འཚོལ་སྙེག་བྱེད་ལ། སེམས་ཀྱི་འཚོལ་སྙེག་དེ་དག་བསྐང་མ་ཐུབ་ཚེ་ཕམ་སེམས་སྐྱེ་བ་རེད།

5.རང་དམན་གྱི་སེམས་ཁམས་ཡོད་པ།

རང་ལ་ཡིད་ཆེས་མེད་ཅིང་། འཚོ་བ་དང་སློབ་སྦྱོང་སོགས་ཕྱོགས་གང་ཐད་ནས་ཀྱང་གཞན་ལ་མི་དོ་བར་འདོད། ནམ་ཡང་རང་ཉིད་གཞན་ལས་དམན་པར་འདོད་པ་དང་། རང་དམན་གྱི་སེམས་པས་དགའ་སྐྱོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།

6.ཁ་ལོག་ངོ་ལོག་རྒྱག་པ།

ཆུང་འབྲིང་སློབ་མ་ནི་ནར་སོན་གྱི་བར་བརྒལ་དུས་རིམ་དུ་ཡོད་པས། སྒེར་ཚུགས་ཀྱི་འདུ་ཤེས་དང་བདག་ཉིད་ཀྱི་འདུ་ཤེས་ཉིན་རེ་བཞིན་ཇེ་དྲག་ཡིན། མི་དར་མའི་ལྟ་རྟོག་ལས་སྔ་མོ་ནས་ཐར་བར་འདོད། གཞན་དང་མི་མཚུངས་པའི་སྒེར་གཤིས་ངོམ་ཆེད་བྱ་དངོས་མཐའ་དག་ལ་སྐྱོན་བརྗོད་ཀྱི་རྣམ་འགྱུར་འཛིན་པ་བཅས་སོ། 


མཉམ་སྤྱོད།