དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྙིང་རྩ་འགགས་པར་སྒྲོམ་སྐྱོར་བཞག་རྗེས་སླར་ཡང་མི་བདེ་དོན་ཅི།

2025-04-07 15:20:36   |   507

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་། 


སྒྲོམ་སྐྱོར་ནི་མིག་སྔར་སྙིང་གཟེར་གྱི་ནད་རྟགས་ཞི་ལྷོད་དུ་གཏོང་བ་དང་སྙིང་རྩ་འགགས་ནས་འཆི་བ་ལས་སྐྱོབ་པ་ལ་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན། འོན་ཀྱང་། སྒྲོམ་སྐྱོར་ནི་ནུས་པ་ཀུན་ལྡན་ཞིག་མ་ཡིན་པར། དེ་ལ་རང་སྟེང་གི་ཚད་བཀག་ཡོད།

4~1.jpg

ཚད་བཀག་དང་པོ། སྒྲོམ་སྐྱོར་ནི་སྨན་བཅོས་བྱེད་ཐབས་ཙམ་ལས་སྔོན་འགོག་བྱེད་ཐབས་ཤིག་མིན།

སྒྲོམ་སྐྱོར་གྱིས་རྒྱ་སྐྱེད་དང་འདེགས་སྐྱོར་གྱི་ནུས་པ་བརྒྱུད་ནས་ཇེ་དོག་ཏུ་གྱུར་པའི་ཁྲག་རྩ་ལ་རྒྱུན་ལྡན་གྱི་ཁྲག་རྩའི་ཆེ་ཆུང་དུ་སླར་གསོ་བྱུང་དུ་བཅུག་ཏེ། སྙིང་ཤ་ལ་ཁྲག་ཆད་པ་ལེགས་བཅོས་བྱེད་ཐུབ། འོན་ཀྱང་ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས། ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད། ཁྲག་ཚིལ་མཐོ་བ་སོགས་ཀྱི་རྒྱུ་རྐྱེན་འོག གནས་གཞན་པའི་ཁྲག་རྩ་ཡང་དུས་དང་རྣམ་པ་ཀུན་ཏུ་འཇམ་འདྲའི་སྲ་འགྱུར་འབྱུང་བཞིན་ཡོད་པས། མ་གཞི་དོག་འགྱུར་ཚབས་ཆེན་མིན་པའི་ནད་འགྱུར་ཡང་དུས་ཡུན་ཐུང་ངུའི་ནང་དུ་འཕེལ་ནས་ནད་སྐྱེད་སྲིད། དེར་བརྟེན། སྒྲོམ་སྐྱོར་ནི“ནད་བྱུང་རྗེས་ཀྱི་གསོ་བཅོས”བྱེད་ཐབས་ཙམ་ཡིན་པ་ལས་དོག་འགྱུར་སྔོན་འགོག་བྱེད་མི་ཐུབ། དེ་བས། སྔོན་འགོག་བྱེད་པར་འཚོ་བ་སྐྱེལ་སྟངས་ལེགས་བཅོས་དང་གསུམ་མཐོ་ནད་ཚོད་འཛིན་བྱེད་པ་ལ་བརྟེན་དགོས།

ཚད་བཀག་གཉིས་པ། སྒྲོམ་སྐྱོར་ལ་ཡང་ཚེ་ཚད་ཡོད་ཅིང་། དོག་འགྱུར་རྒྱུ་རྐྱེན་མི་ཉུང་བ་ཞིག་ཡོད།

ཨ་སི་ཕི་ལིན་སོགས་སྒྲོམ་སྐྱོར་དོག་འགྱུར་སྔོན་འགོག་བྱེད་པའི་སྨན་འཐུངས་ནའང་། རྒྱུ་རྐྱེན་མང་པོའི་བྱེད་ནུས་འོག་སྒྲོམ་སྐྱོར་དེ་སྔར་བཞིན་དོག་འགྱུར་འབྱུང་སྲིད་པས། ཡུན་རིང་ལ་བཀོལ་མི་ཐུབ་ཅིང་།  མིག་སྔར་ང་ཚོ་ལ་གནད་དོན་དེ་རྩ་བ་ནས་སེལ་ཐབས་ཤིག་མེད། དེ་མིན། སྒྲོམ་སྐྱོར་སྤོས་འཛུགས་བྱས་ན་ཁྲག་རྩའི་ནང་ལྤགས་ལ་གནོད་སྐྱོན་བཟོ་སྲིད་ཅིང་། གནོད་སྐྱོན་འདིས་ཁྲག་ལེབ་ཆུང་བ་ཕྱོགས་གཅིག་ཏུ་བསྡུས་ཏེ་ཁྲག་རྡོག་ཆགས་ནས་སྒྲོམ་སྐྱོར་གྱི་ཁ་གཅོད་སྲིད། དེར་བརྟེན། སྒྲོམ་སྐྱོར་བཙུགས་ཡོད་པའི་ནད་པས་ཨ་སི་ཕི་ལིན་སོགས་ཁྲག་ལེབ་ཆུང་བ་འགོག་པའི་སྨན་རྫས་ནན་ཏན་གྱིས་འཐུངས་ན་ད་གཟོད་ཁྲག་རྡོག་ཆགས་པ་ཚོད་འཛིན་བྱེད་ཐུབ།

ཚད་བཀག་གསུམ་པ། སྒྲོམ་སྐྱོར་འཛུགས་པ་གཤགས་བཅོས་ཆུང་ཆུང་ཞིག་མིན་པས། ལུས་པོ་ལའང་བླང་བྱ་ཧ་ཅང་མཐོ།

སྒྲོམ་སྐྱོར་སྤོས་འཛུགས་གཤགས་བཅོས་ཀྱི་རྨ་ཁ་ཆུང་ནའང་ཉེན་ཁའི་ཚད་རིམ་མི་དམའ། གཤགས་བཅོས་ཀྱི་བརྒྱུད་རིམ་ཧྲིལ་བོ་ཚངས་ཐིག་ཧའོ་སྨི་ཁ་ཤས་ལས་མེད་པའི་ཁྲག་རྩའི་ནང་དུ་བྱེད་བཞིན་ཡོད་པས། ཧེ་བག་ཕྲ་མོ་ཙམ་གྱིས་ཀྱང་གཤགས་བཅོས་ལ་གནད་དོན་འབྱུང་སྲིད། ཡིན་ནའང་། སྙིང་གཅིག་ལས་མེད་ཅིང་། དེས་ལུས་པོའི་དབང་བོ་ཡོད་ཚད་ཀྱི་ཁྲག་མཁོ་སྤྲོད་ལ་ཚོད་འཛིན་བྱེད་བཞིན་ཡོད་པས། གནད་དོན་འདྲ་མིན་གང་བྱུང་ནའང་ནད་པར་སྲོག་ལ་ཐུག་པའི་གནོད་འཚེ་བཟོ་སྲིད། དེར་བརྟེན། སྙིང་གི་ཁོང་ནད་ཚན་ཁག་གི་གཤགས་བཅོས་སྨན་པའི་ལག་རྩལ་དང་ཉམས་མྱོང་། ལུས་ཤུགས་བཅས་ཀྱི་བླང་བྱ་དེ་བས་མཐོ།  དེའི་ཁར་སྒྲོམ་སྐྱོར་སྤོས་འཛུགས་བྱེད་སྐབས་དྲག་ཚད་མཐོ་བའི་ཁྲག་གསོ་སྨན་དང་ཏེན་བརྙན་བཟོ་སྨན་སྤྱོད་དགོས་པས། ལུས་ཟུངས་ཞན་ལ་ནད་མང་བའི་མིར་ཁྲག་རྡོལ་བའི་ཉེན་ཁ་མཐོ་བའམ་ཡང་ན་སྙིང་དང་མཁལ་མའི་བྱེད་ནུས་ཆ་ཚང་མིན་པའི་ནད་པར་གཤགས་བཅོས་སྐབས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་སླ། དེ་བས། སྒྲོམ་སྐྱོར་འཛུགས་པ་དོན་ཆུང་མིན་ལ།  གཤགས་བཅོས་མ་བྱས་པའི་སྔོན་དུ་དེའི་བཟང་ངན་ལ་བསམ་བློ་ཞིབ་མོ་གཏོང་དགོས།


མཉམ་སྤྱོད།