དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀླད་པའི་རྒྱ་དར་སྟེང་ཁྲག་ཤོར་བ།

2025-12-18 16:00:29   |   57

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཀླད་པའི་རྒྱ་དར་སྟེང་ཁྲག་ཤོར་བ་ནི་ཀླད་པའི་ཕྱི་གཏུམས་ཀྱི་རྒྱ་དར་རམ་དྲ་སྐྱིའི་ནང་དུ་གློ་བུར་དུ་ཁྲག་ཤོར་ནས་ཆུ་རྩའི་ཆ་ཤས་ལ་གནོད་སྐྱོན་ཕོག་སྟེ་ཞ་སྦྲིད་དུ་གྱུར་པའི་ནད་ཅིག་ཡིན། སློང་རྐྱེན་གཙོ་བོ་ནི་འཕར་རྩར་སྐྲན་ཡོད་པ་དང་། དེ་བཞིན་འཕར་རྩ་མཁྲེགས་པོར་ཆགས་པ། ཁྲག་རྩའི་དབྱིབས་འགྱུར་བ་བཅས་དང་། དེ་མིན་ཁྲག་གི་ནད་རིགས་དང་། ཀླད་ཁྱིམ་ནང་ངོས་ཀྱི་ཁྲག་རྩ་འགགས་པ། ཀླད་པ་དང་ཀླད་སྐྱིར་གཉན་ཚད་རྒྱས་པ་སོགས་རྐྱེན་དུ་མས་སློང་བ་ཡིན།

ནད་རྟགས།

ལོ་བཞི་བཅུ་ཡན་ཆད་ལ་སླེབས་རྗེས་ཀླད་པའི་རྒྱ་དར་སྟེང་ཁྲག་ཤོར་བ་མང་ཆེ་བ་ནི་འཕར་རྩར་སྐྲན་ཡོད་པ་ལས་བྱུང་བ་དང་། ནད་མ་བྱུང་སྔོན་དུ་མངོན་ཚུལ་གང་ཡང་མེད་ཀྱང་། ཁྲག་ཤོར་ན་ནད་པ་ཁག་གཅིག་ལ་མགོ་བོའི་གཞོགས་གཅིག་ཁོ་ན་ན་བ་དང་། མིག་རིལ་གྱི་འགུལ་སྐྱོད་དང་མཐོང་ཤུགས་ཉམས་པ། གདོང་གི་གཞོགས་གཅིག་ཞ་སྦྲིད་ཆགས་པ། ཡང་ན་བརྒྱལ་གཟེར་རྒྱག་པ་སོགས་མངོན་ཚུལ་འབྱུང་། ལོ་སུམ་ཅུར་མ་སླེབས་གོང་ནས་ཀླད་པའི་རྒྱ་དར་སྟེང་ཁྲག་ཤོར་བ་མང་ཆེ་བ་ནི་ཀླད་པའི་ཁྲག་རྩའི་དབྱིབས་འགྱུར་བྱུང་བའི་མི་ལ་འབྱུང་བ་དང་། ཁྲག་མ་ཤོར་བའི་སྔོན་ནས་བརྒྱལ་གཟེར་འབྱུང་བ་ཡིན།

སྤྱིའི་ནད་རྟགས་ནི་གློ་བུར་དུ་ཁྲག་ཤོར་ནས་མགོ་ལ་གཟེར་ཟུག་ཆེན་པོ་གཏོང་བ་དང་། དམར་འཐོམ་ལངས་པ། སྐྱུག་མེར་ལངས་ནས་སྐྱུག་པ་ཤོར་བ། མཇིང་པ་རེངས་པ། ལུས་སྟོད་དང་རྐང་པ་ན་བའི་ཚོར་སྣང་ཡོད་པ། ཤེས་པ་འཚུབ་པ། མིག་གཉིས་བཙུམས་ནས་འོད་མདངས་མི་འཁྱོག་པ། སྐད་ཆ་ཤོད་འདོད་མེད་པ། སུན་སྣང་ཆེ་བ། འཆོལ་ལབ་བརྒྱག་པ་ཡིན། ནད་ཚབས་ཆེ་ན། དུས་ཐུང་ངུའི་ནང་ཤེས་པ་འཆོར་ནས་དྲན་པ་ཐོར་ཞིང་མཇིང་པ་རེངས་པ་དང་། སྐྱུགས་པ་ཤོར་བ། མིག་སྤྲིན་ནང་དུ་ཁྲག་མདའ་རྒྱུགས་པ། དབུགས་ཀྱི་འབྱིན་རྔུབ་ལ་ཆོས་ཉིད་མེད་པ། ཁྲག་གི་གནོན་ཤུགས་མཐོ་རུ་འགྲོ་བ། མགོ་བོ་བརྒྱངས་པ། དབང་རྩའི་ཆ་ཤས་ཀྱི་ནུས་པ་ཉམས་པ་སོགས་ཀྱི་མངོན་ཚུལ་ཡོད་པ་མ་ཟད། སྐབས་འགར་ཁྲག་ཤོར་སའི་ཕྱོགས་དེའི་ཡན་ལག་ཞ་སྦྲིད་ཆགས་པ་དང་། ཁ་མིག་ཡོ་བའང་ཡོང་སྲིད་པ་ཡིན། ཁྲག་ཤོར་ཚད་ཆེ་བ་རྣམས་གཟའ་འཁོར་གཉིས་ནང་ཤི་ཚད་མཐོ་བ་དང་། ཁྲག་ཤོར་ཚད་ཆུང་བ་རྣམས་སྤྱིར་བཏང་ནད་ཕོག་ནས་ཉིན་བཅུ་ཕྱིན་རྗེས། ནད་གཞིའི་གནས་ཚུལ་བརྟན་པོར་ཆགས་ནས་ནད་རྟགས་རྣམས་རིམ་བཞིན་ཡལ་འགྲོ་བ་ཡིན། ཡིན་ཡང་ནད་པ་ཁག་གཅིག་དུས་ཚོད་ངེས་ཅན་ཞིག་ཕྱིན་རྗེས་ཡང་བསྐྱར་ཁྲག་ཤོར(ཁྲག་ཤོར་རྗེས་ཀྱི་གཟའ་འཁོར་གཉིས་པ་དེ་ཉེན་ཆེ་ཤོས་ཡིན)བ་དང་། དེའི་ནང་ནས་ཁྲག་གི་གནོན་ཤུགས་མཐོ་བ་དང་། ཁྲག་རྩ་མཁྲེགས་པོར་ཆགས་པའི་ནད་པར་ཡང་བསྐྱར་ཁྲག་ཤོར་བའི་ཉེན་ཁ་ཆེ་བ་ཡོད། ནད་པ་ཉུང་ཤས་ལ་མཇུག་ཏུ་དབང་རྩའི་ཆ་ཤས་ལ་གནོད་སྐྱོན་ཤོར་བ་དང་། ཡང་ན་ཀླད་ཆུ་བསགས་པ། བརྒྱལ་གཟེར་འབྱུང་བ། དྲན་ཤེས་ཉམས་པ་སོགས་ཀྱི་གནས་ཚུལ་འབྱུང་བ་ཡིན།

གསོ་ཐབས། 

1 ཛ་དྲག་གི་དུས་སྐབས་སུ་ངེས་པར་དུ་ཉལ་ཏེ་ངལ་གསོ་བ་དང་། ཀླད་པར་སྲུང་སྐྱོབ་བྱེད་པ། ཁྲག་གི་གནོན་ཤུགས་མཐོ་དྲགས་པ་དེ་འོས་འཚམ་གྱིས་ཇེ་དམར་གཏོང་བ། མགོ་བོའི་ཚ་དྲོད་གཅོག་རྒྱུ་སོགས་གཙོ་ཆེ་བ་ཡིན།

2 མགོ་སྐེ་རུ་འཁྱགས་ཞྭ་དང་འཁྱགས་ཁུག་གླན་ཏེ་ཀླད་པའི་ཚ་དྲོད་ཇེ་ཆུང་དུ་གཏོང་བ་དང་། ཀླད་པའི་ཆུ་སྐྲངས་ཇེ་ཡང་དང་མགོ་ནང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས།

3 བོད་ལུགས་གསོ་རིག་ལྟར་ན། ནད་ཐོག་མ་ཐག་ཏུ་ནད་པས་དེ་གར་སྤོ་སྒུལ་མི་བྱེད་པར་དུས་ཐོག་ཏུ་མགོ་ལ་ཆུ་གྲང་དང་འཁྱགས་པས་བསིལ་དུགས་བརྒྱབ་སྟེ་ཀླད་ཁྲག་ཤོར་བ་ཇེ་ཉུང་ཏུ་གཏོང་བ་དང་། རབ་ཡིན་ན་དཔྲལ་རྩ་དང་མཚོག་གསང་སོགས་སུ་གཏར་ག་བརྒྱབ་སྟེ་ཁྲག་ཤེད་གཅོག་དགོས། དེ་ནས་མྱུར་དུ་སྨན་ཁང་ལ་བསྐྱལ་ནས་གསོ་བཅོས་བྱ་དགོས་པ་དང་། ཁོང་སྨན་དུ་བསམ་ཁྱུང་།(བསམ་འཕེལ་ནོར་བུ་དང་ཁྱུང་ལྔ་བསྲེས་པ) བླ་མེད། སཱ་རའི་ཤེས་བརྩོན། བྱུ་དམར་ཉེར་ལྔ། མི་ཏིག་ཉེར་ལྔ། ཨ་གར་ཉི་ཤུ། ནོར་བདུན་དམར་གསུམ་ཐང་། རིན་ཆེན་རཏྣ་བསམ་འཕེལ། ཞི་གསེར། སྐྱུ་རུ་ཉེར་ལྔ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གང་འཚམ་ལྟར་བསྟེན་དགོས།

4 ཟས་སྤྱོད་ཀྱི་སྤང་བླང་ལ། ཆང་དང་མར་རྙིང་། ཤ ཁྲག་ཟས་རིགས་སྤང་བ་དང་། སྦྲང་དང་མར་གསར། ཞོ་དང་དར་བ་སོགས་དཀར་ཆོས་བསྟེན་པ་དང་། སྤྱོད་ལམ་ལ་མི་གཙང་བའི་གྲིབ་ལ་འཛེམ་ཞིང་མེ་ཉིར་མི་བསྲོ་ལ་སྤང་བ་དང་། མི་ཡིས་ཚིག་མང་པོ་ལབ་ཅིང་ཅོལ་གཏམ་མི་སྨྲ་བར་སྙན་པོའི་ཚིག་སྨྲ་བ་དང་། ཁྲུས་ཆུར་ག་བུར་དང་གི་ཝཾ། བཟང་པོ་དྲུག(ཅུ་གང་གུར་ཀུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ) ཙན་དན། གླ་རྩི། སྤོས་དཀར། དྲི་ཆུ་བཏབ་པའི་ཆུས་ལུས་པོ་བཀྲུ་བ་དང་། ཡང་ན་སྨན་དེ་རྣམས་དང་སྒོག་སྐྱ་ནུས་ལྡན་བསྲེགས་པ་ཆང་དང་སྦྱར་ལ་ལུས་ཀུན་ལ་ཡང་ཡང་དུ་བཀྲུ་བའམ། རྣམ་འཇོམས་ལ་སོགས་ཀྱི་ཁྲུས་ཆུས་བཀྲུ་བ་ཤིན་ཏུ་བསྔགས་པ་ཡིན།


སྐབས་སྔོན་མ། ཀླད་ཁྲག་ཤོར་བ།
སྐབས་རྗེས་མ། མེད།
མཉམ་སྤྱོད།