དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀླད་ཁྲག་ཤོར་བ།

2025-12-17 14:22:08   |   128

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཀླད་ཁྲག་ཤོར་བ་ནི་ཀླད་པར་ཁྲག་ཤོར་བ་དང་། ཀླད་ཟམ་དུ་ཁྲག་ཤོར་བ། ཀླད་སྙིང་དུ་ཁྲག་ཤོར་བ་བཅས་ལ་ཟེར་ཏེ། ནད་དེ་མང་ཆེ་བ་ལོ་ན་ལྔ་བཅུ་ཡན་ཆད་ལ་སོན་པའི་ཁྲག་གི་གནོན་ཤུགས་མཐོ་བའི་ནད་པར་ཕོག་པ་ཡིན། ཁྲག་གི་གནོན་ཤུགས་མཐོ་ཞིང་འཕར་རྩ་མཁྲེགས་པོར་གྱུར་པའི་ཁར། གློ་བུར་དུ་ཁྲག་གི་གནོན་ཤུགས་འཕར་ཏེ་འཕར་རྩའི་སྦུབས་ལྡེབས་ཀྱིས་བཟོད་མི་ནུས་པའི་ཚད་གཞིར་སླེབས་སྐབས། འཕར་རྩ་གས་རྡོལ་བྱུང་ནས་ཁྲག་དེ་ཀླད་པའི་ནང་ཤོར་བ་ཡིན། དེའི་སློང་རྐྱེན་ལ། གློ་བུར་དུ་སེམས་ལ་ཕོག་ཐུག་བྱུང་བ་དང་། དངངས་སྐྲག་ལངས་པ། ཡང་ན་འགུལ་སྐྱོད་ཆེན་པོ་བྱས་པ། ཤེད་ཤུགས་ཆེན་པོ་དོན་པ། ཆུའི་འོད་དང་ཉི་འོད། གློག་འོད་སོགས་ཀྱི་འོད་མདངས་ཕོག་པ་སོགས་ཀྱིས་ཁྲག་གི་གནོན་ཤུགས་གློ་བུར་དུ་འཕར་ནས་འཕར་རྩ་གས་པ་དང་། དེ་མིན་འཕར་རྩར་སྐྲན་ཆགས་པ་དང་། ཁྲག་རྩར་སྐྲན་ཆགས་པ། ཁྲག་གི་ནད་རིགས་གཞན་དག་དང་། ཀླད་པར་སྐྲན་ཆགས་ན་ཡང་དེས་ཁྲག་རྩར་ཟད་སྐྱོན་ཐེབས་ནས་ཀླད་ཁྲག་ཤོར་བ་ཡང་ཡོད་སྲིད་པ་ཡིན།

ནད་རྟགས།

ནད་རྟགས་ཀྱི་མངོན་ཚུལ་དེར་ཛ་དྲག་གི་དུས་སྐབས་དང་། བསྐྱར་གསོའི་དུས་སྐབས། ལྷིང་འཇགས་ཀྱི་དུས་སྐབས་བཅས་གསུམ་ཡོད།

1 ཛ་དྲག་གི་དུས་སྐབས་སུ། གློ་བུར་དུ་མགོ་ལ་གཟེར་ཟུག་དྲག་པོ་ལྡང་བ་དང་། མགོ་ཡུ་འཁོར་བ། སྐྱུགས་པ་ཤོར་བ་དང་སྦྲགས་ཤེས་པ་འཆོར་ནས་དྲན་མེད་དུ་བརྒྱལ་བ། བཤང་གཅི་དབང་མེད་དུ་ཤོར་བ། ལུས་ཁམས་ཀྱི་གཞོགས་ཕྱེད་ཞ་སྦྲིད་ཆགས་པ། མིག་གི་རྒྱལ་མོ་འདལ་ནས་འོད་མདངས་མི་ཚོར་བ། ཁ་མིག་ཡོ་བ། གདོང་མདངས་དམར་པོར་ཆགས་པ། དབུགས་རྔུབ་གཏོང་དཀའ་བ་དང་དབུགས་རིང་འབྱིན་པ། སྐེ་རྩ་སྤྲུགས་པ། མིག་རིལ་འགུལ་བ། ལུས་ཁམས་ཀྱི་པགས་པ་རླན་གཤེར་ཆགས་པ། ཞ་སྦྲིད་ཆགས་སའི་གཞོགས་ངོས་ཀྱི་ཉྭ་ཤའི་ཤེད་ཤུགས་དང་ཚོར་བ་ཉམས། ཁྲག་གི་གནོན་ཤུགས་མཐོན་པོ་ཆགས་པ། ལུས་ཁམས་ཀྱི་དྲོད་ཚད་དམའ་བ། འཕར་རྩའི་རྒྱུ་བ་དྲག་ལ་གྲངས་དལ་བ་སོགས་ཀྱི་མངོན་ཚུལ་ཡོད་པར་མ་ཟད། ཚབས་ཆེ་ན་ཡན་ལག་བཞིའི་འགུལ་སྐྱོད་མི་ཐུབ་པ་དང་། ཤེས་པ་འཆོར་ནས་དྲན་མེད་དུ་བརྒྱལ་བ། ཕ་བ་ནས་ཁྲག་སྐྱུགས་པ་སོགས་ཀྱི་མངོན་ཚུལ་ཡང་ཡོད།

གལ་ཏེ་ཀླད་ཟམ་དུ་ཁྲག་ཤོར་བ་ཡིན་ན། གློ་བུར་དུ་ཤེས་པ་འཆོར་ནས་དྲན་མེད་དུ་བརྒྱལ་བ་དང་། ཚ་བ་མཐོན་པོ་རྒྱས་པ། ཡན་ལག་རེངས་པ། དབུགས་ཀྱི་འབྱིན་རྔུབ་ལ་གོ་རིམ་མེད་པ། ཐོག་མར་མིག་གི་རྒྱལ་མོ་ཆུང་ཆུང་ཆགས་པ་ནས་མཇུག་ཏུ་ཆེ་རུ་ཕྱིན་ཏེ། འོད་མདངས་ཀྱི་ཚོར་བ་ཉམས་ཞན་དུ་འགྱུར་བ་སོགས་ཀྱི་མངོན་ཚུལ་ཡོད།

ཀླད་སྙིང་གི་གཞོགས་གཅིག་ལ་ཁྲག་ཤོར་ན་གློ་བུར་དུ་ལྟག་རྩའི་གཞོགས་གཅིག་ལ་གཟེར་ཟུག་བཏང་ནས་དམར་འཐོམ་ཚབས་ཆེན་ལངས་པ་དང་། སྐྱུགས་པ་ཡང་ཡང་ཤོར་བ། གོམ་འགྲོས་མི་བརྟན་པ། ལྟག་རྩ་རེངས་པ། གཞོགས་གཅིག་གི་ཡན་ལག་ཞ་སྦྲིད་ཆགས་པ། ནད་གཞི་མགྱོགས་མྱུར་ངང་ཚབས་ཆེན་དུ་གྱུར་ནས་དྲན་པ་ཐོར་བ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན། མདོར་ན་ཀླད་ཁྲག་ཤོར་བའི་ནད་པའི་ཉིས་ཆ་གཅིག་ཙམ་དུས་སྐབས་འདིའི་ནད་འཆི་འགྲོ་བ་ཡིན།

2 བསྐྱར་གསོའི་དུས་སྐབས། ཁྲག་ཤོར་ཚད་ཆེན་པོ་མིན་མཁན་གྱི་ནད་པ་རྣམས་དྲན་པ་ཐོར་ནས་ཉིན་ཁ་ཤས་དང་། ཡང་ན་གཟའ་འཁོར་ཁ་ཤས་ཕྱིན་པའི་རྗེས་སུ་དྲན་པ་རིམ་བཞིན་གསལ་ཡོང་བ་དང་། ཟས་སྐོམ་མིད་ཐུབ་པ། དབུགས་འབྱིན་རྔུབ་ཀྱི་རྒྱུ་བ་སྙོམས་པ། ཞ་སྦྲིད་ཆགས་པའི་གནས་རྣམས་ཐག་ཉེ་ས་ནས་མགོ་ཚུགས་ཏེ་ཚོར་བ་དང་འགུལ་སྐྱོད་རིམ་བཞིན་སླར་སོས་ཡོང་བ་ཡིན།

3 ལྷིང་འཇགས་ཀྱི་དུས་སྐབས། ནད་ཕོག་སྟེ་ལོ་ཕྱེད་ནས་ལོ་གཉིས་བར་ཕྱིན་པའི་ནད་པ་མང་ཆེ་བར་བསྐྱར་གསོ་ཡོང་རྒྱུ་ཧ་མང་མགོར་བར་མ་ཟད། ཚད་གཞི་མི་འདྲ་བའི་ཐོག་ནས་ཡན་ལག་ཞ་བ་དང་། སྐད་ཆའི་སྒྲ་གདངས་མི་གསལ་བ། ན་སྦྲིད་ཆགས་པའི་ཡན་ལག་ལ་བཅུད་རྫས་ལེན་མི་ཐུབ་སྟབས། ཉམས་རྒུད་དུ་འགྱུར་བ་དང་། ན་ཟུག་གཏོང་བ། ཤེས་པའི་དྲན་ཚོར་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་མངོན་ཚུལ་འབྱུང་བ་ཡིན།

སྔོན་འགོག

ཁྲག་ཤེད་མཐོ་བའི་ནད་འཕར་རྩ་སྲ་འགྱུར་གྱི་ནད་རྣམས་སྔ་མོ་ནས་གསོ་བཅོས་བཟང་བོ་བྱེད་པ་དང་། རྒྱུན་པར་ཤེད་ཤུགས་ཆེན་པོ་འདོན་པ་དང་གློ་བུར་དུ་དགའ་སྤྲོ་སྐྱེ་བ། སེམས་སྡུག་སྐྱེས་པ། སེམས་ཁམས་འཚུབ་པ་སོགས་ཀྱི་སློང་རྐྱེན་རྣམས་དུས་ཀུན་ཏུ་སྤང་དགོས་པ་ཡིན།

གསོ་ཐབས།

1 ངེས་པར་དུ་བདེ་བར་ཉལ་བ་དང་། ལྷིང་འཇགས་ཀྱི་གནས་སུ་འདུག་དགོས། ནད་པ་ས་གནས་གང་དུ་སར་འགྱེལ་ཡང་གང་འདོད་ལྟར་བསྣུར་མི་རུང་ལ། ནད་ཚབས་ཇེ་ལྕི་རུ་གཏོང་བར་དོགས་ཟོན་བྱེད་དགོས།

2 ནད་པར་སྐོམ་ཆུ་ལྡུད་པ་དང་ཟས་སྟེར་མི་རུང་བ་དང་། དེས་དབུགས་གཅོད་པར་དོགས་ཟོན་བྱེད་དགོས། 

3 མགོ་བོ་གཞོགས་གཅིག་ཏུ་འཁྱོགས་ན་དུས་ལྟར་དབུགས་ལམ་གྱི་ཟགས་རྫས་གཙང་འདོན་བྱེད་དགོས་པ་དང་། དབུགས་ཀྱི་རྒྱུ་ལམ་ནམ་ཡང་བདེ་བར་བྱེད་དགོས།

4 མགོ་སྐེ་རུ་འཁྱགས་ཞྭ་དང་འཁྱགས་ཁུག་གླན་ཏེ་ཀླད་པའི་ཚ་དྲོད་ཇེ་ཆུང་དུ་གཏོང་བ་དང་། ཀླད་པའི་ཆུ་སྐྲངས་ཇེ་ཡང་དང་མགོ་ནང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས།

5 གོང་བཤད་གསོ་ཐབས་འདི་དག་བསྟེན་པ་དང་ཆབས་ཅིག འཕྲལ་ཏུ་མྱུར་སྐྱོབ་ལྟེ་གནས་ཀྱི་ཁ་པར120བཏང་སྟེ། ནད་པ་མྱུར་དུ་སྨན་ཁང་ལ་བསྐྱལ་ནས་བརྟག་དཔྱད་བྱེད་དགོས།

6 བོད་ལུགས་གསོ་རིག་ལྟར་ན། ནད་ཐོག་མ་ཐག་ཏུ་ནད་པ་ས་དེ་གར་སྤོ་སྒུལ་མི་བྱེད་པར་དུས་ཐོག་ཏུ་མགོ་ལ་ཆུ་གྲང་དང་འཁྱགས་པས་བསིལ་དུགས་བརྒྱལ་སྟེ་ཀླད་ཁྲག་ཤོར་བ་ཇེ་ཉུང་དུ་གཏོང་བ་དང་། རབ་ཡིན་ན་དཔྲལ་རྩ་དང་མཚོག་གསང་སོགས་སུ་གཏར་ག་བརྒྱབ་སྟེ་ཁྲག་ཤེད་གཅོག་དགོས། དེ་ནས་མྱུར་དུ་སྨན་ཁང་ལ་བསྐྱལ་ནས་གསོ་བཅོས་བྱ་དགོས་པ་དང་། ཁོང་སྨན་དུ་བསམ་འཕེལ་ནོར་བུ་དང་། བླ་མེད། ཨ་གར་ཉི་ཤུ། མུ་ཏིག་བདུན་ཅུ། མུ་ཏིག་ཉེར་ལྔ། ད་ལི་བཅོ་བརྒྱད། སྲོག་འཛིན་བཅུ་གཅིག ནོར་བུ་བདུན་ཐང་། ཞི་གསེར། ཞི་ཏིག སྐྱུ་རུ་ཉེར་ལྔ་སོགས་ནད་རྟགས་དང་བསྟུན་ནས་གང་འཚམ་གཏོང་དགོས།

7 ཟས་སྤྱོད་ཀྱི་སྤང་བླང་ལ། ཆང་དང་མར་རྙིང་། ཤ ཁྲག་ཟས་རིགས་སྤང་བ་དང་། སྦྲང་དང་མར་གསར། ཞོ་དང་དར་བ་སོགས་དཀར་ཆོས་བསྟེན་པ་དང་། སྤྱོད་ལམ་ལ་མི་གཙང་བའི་གྲིབ་ལ་འཛེམ་ཞིང་མེ་ཉིར་མི་བསྲོ་ལ་སྤང་བ་དང་། མི་ཡིས་ཚིག་མང་པོ་མི་ལབ་ཅིང་ཅོལ་གཏམ་མི་སྨྲ་བར་སྙན་པོའི་ཚིག་སྨྲ་བ་དང་། ཁྲུས་ཆུར་ག་བུར་དང་གི་ཝཾ། བཟང་པོ་དྲུག(ཅུ་གང་གུར་ཀུམ་ལི་ཤི་ཛཱ་ཏི་སུག་སྨེལ་ཀ་ཀོ་ལ) ཙན་དན། གླ་རྩི། སྤོས་དཀར། དྲི་ཆུ་བཏབ་པའི་ཆུས་ལུས་པོ་བཀྲུ་བ་དང་། ཡང་ན་སྨན་དེ་རྣམས་དང་སྒོག་སྐྱ་ནུས་ལྡན་བསྲེགས་པ་ཆང་དང་སྦྱར་ལ་ལུས་ཀུན་ལ་ཡང་ཡང་དུ་བཀྲུ་བའམ། རྣམ་འཇོམས་ལ་སོགས་ཀྱི་ཁྲུས་ཆུས་བཀྲུ་བ་ཤིན་ཏུ་བསྔགས་པ་ཡིན།


མཉམ་སྤྱོད།