དེ་རིང་ནི2026ལོའི་ཟླ04པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲག་ཤེད་མཐོ་བའི་ནད།

2026-04-10 09:49:45   |   21

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཁྲག་ཤེད་མཐོ་བའི་ནད་ནི་མིག་སྔར་འཛམ་གླིང་སྟེང་བྱུང་ཚད་མཐོ་ལ། ནད་སྐྱོན་ཆེ་ཞིང་ཤི་ཚད་མཐོ་བའི་ནད་རིགས་ཤིག་ཡིན་ལ། རང་རྒྱལ་གྱི་གྲོང་ཁྱེར་ཆེ་འབྲིང་དུ་ལོ་ཚད་བཅོ་ལྔ་ནས་དྲུག་ཅུ་རེ་དགུ་བར་ལ་བྱུང་ཚད་བརྒྱ་ཆའི་བཅུ་དགུ་དང་ཚེག་གཉིས་ལ་སླེབས་ཡོད།

ནད་འདིའི་རྒྱུ་རྐྱེན་མང་པོ་ཡོད་ལ། སྤྱིར་བཏང་དུ་བཤད་ན་རྒྱུ་རྐྱེན་འདི་དག་གིས་བསྐྱེད་སླ་བ་ཡིན།

1. ཁྱིམ་རྒྱུད་རང་བཞིན་གྱི་ཁྲག་ཤེད་མཐོ་བའི་ནད། རྒྱུན་པར་མི་དར་མ་དང་རྒན་པར་མཐོང་རྒྱུ་མང་།

2. སེམས་ཁམས་མི་བརྟན་པར་འགྱུར་ལྡོག་ཆེ་ཞིང་ཁྲོ་སླ་བ་དང་། མྱ་ངན་དང་སེམས་ལས་ཆེ་བ། བློ་སྤོབས་ཆུང་ཞིང་བྱ་བར་ཐེ་ཚོམ་དང་བཅས་ཐག་གཅོད་མི་ནུས་པ། བྱ་བའི་ལས་བྲེལ་ཆེ་བ་སོགས་ལ་འབྱུང་སླ།

3. ཚོ་ཆེ་བ་དང་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་ནི་ཁྲག་ཤེད་མཐོ་བའི་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཚོ་ཆེ་ན་ཁྲག་ཤེད་མཐོ་བའི་ནད་བསྐྱེད་པར་མ་ཟད། ད་དུང་པྲོག་རྩའི་སྙིང་ནད་དང་མཁྲིས་སྣོད་ཚ་བ། ཚིགས་ནད་སོགས་ལུས་ཡོངས་ཀྱི་ནད་རིགས་མང་པོ་བསྐྱེད་པ་ཡིན།  

4. ཚྭ་ཆེ་བའི་ཟས་སྐོམ་ཟོས་ན་ཡང་ཁྲག་ཤེད་མཐོ་བའི་ནད་བསྐྱེད་སླ་བ་ཡིན།

5. ཐ་མག་འཐེན་དྲགས་པ་དང་ཆང་འཐུང་མང་པ་ཡང་ཁྲག་ཤེད་མཐོ་བའི་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

སྤྱིར་བཏང་། སྙིང་གི་བུ་ག་འབྱེད་འཛུམ་ལ་བརྟེན་ནས་ཁྲག་རྣམས་རྩ་རུ་རྒྱུ་ཞིང་གཏོར་ན། རྩ་སྦུབས་ཀྱི་ངོས་ཆེར་བསྐྱེད་པ་ལས་ཐོན་པའི་ཤེད་ཤུགས་དེ་ལ་ཁྲག་ཤེད་ཟེར། སྙིང་གི་བུ་ག་འཛུམ་པའི་སྐབས་སུ་བྱུང་བའི་ཁྲག་ཤེད་ལ་ཟུམ་པའི་ཁྲག་ཤེད་དང་། སྙིང་གི་བུ་ག་འབྱེད་པའི་སྐབས་སུ་བྱུང་བའི་ཁྲག་ཤེད་ལ་འབྱེད་པའི་ཁྲག་ཤེད་ཟེར། འབྱེད་པའི་ཁྲག་ཤེད་ནི་ཁྲག་རྩ་ཆེན་པོ་ནང་དུ་བསྐུམ་སྟེ་ཁྲག་རྣམས་མུ་མཐུད་དུ་མདུན་ལ་འདེད་པའི་ཤུགས་ལས་བྱུང་བ་ཡིན། ཁྲག་ཤེད་ཀྱི་བྱུང་ཚུལ་དང་འབྲེལ་བའི་རྒྱུ་རྐྱེན་དང་པོ་ནི་སྙིང་གི་འབྱེད་འཛུམ་དང་། གཉིས་པ་ནི་ཁྲག་རྩ་ཆེན་པོའི་ལྡེམ་ཤུགས་ལ་བརྟེན་ནས་ནང་དུ་བསྐུམ་པ། གསུམ་པ་ནི་མཐའ་འཁོར་ཁྲག་རྩའི་འགོག་ཤུགས་ལ་བཅས་ཡིན།

མཐོ་ཤེད(ཟུམ་པའི་ཁྲག་ཤེད)ནི་ཧའོ་སྨི་ཀོན་ཀྲུའུ(毫米汞柱)140ལས་ཆེ་བའམ་མཚུངས་པ་དང་། དམའ་ཤེད(འབྱེད་པའི་ཁྲག་ཤེད)ནི་ཧའོ་སྨི་ཀོན་ཀྲུའུ(毫米汞柱)90ལས་ཆེ་བའམ་མཚུངས་པ། འདི་གཉིས་ལས་རྟགས་གཅིག་ཚང་ན་ཁྲག་ཤེད་མཐོ་བའི་ནད་ཡིན་པར་སྤྲོད་པ་དང་། རྟགས་གཉིས་ཀ་ཚང་ན་དེ་བས་ཀྱང་ཁྲག་ཤེད་མཐོ་བའི་ནད་ཡིན་པ་གསལ་བཤད་བྱས་ཡོད།

ནད་རྟགས།

རྒྱུན་ལྡན་གྱི་གནས་ཚུལ་འོག་ནད་པར་བཟོད་བསྲན་མི་ཐུབ་པའི་ན་ཟུག་དང་ནད་འགྱུར་གྱི་ཚོར་བ་ཆེན་པོ་གང་ཡང་ཡོང་གི་མེད། ལུས་ཤེད་གཟུགས་སྟོབས་སོགས་ལ་ཡང་འགྱུར་བ་ཆེན་པོ་གང་ཡང་མི་ཡོང། འོན་ཀྱང་རྟག་པར་མགོ་བོ་རྒྱངས་པ་ལྟར་ན་ལྷང་ལྷང་བྱེད་པ་དང་། སྐབས་འགག་ལྟག་རྩ་གཟེར་བ། གཉིད་ཡེར་བ། དྲན་ཤེས་ཉམས་པ། རྣ་བ་འུར་བ། ལག་པ་སྦྲིད་པ། སྙིང་ག་གཡུག་པ། སེམས་མི་སྐྱིད་པ། ཐང་ཆད་པ། འཕར་རྩའི་རྒྱུ་བ་སྦོམ་ལ་རྒྱས་པ་སོགས་ཀྱི་མངོན་ཚུལ་ཡོང་བ་ཡིན། ཁྲག་ཤེད་འཇམ་ཆས་ཀྱིས་བརྟག་ན། ཁྲག་ཤེད་ཧའོ་སྨི་ཀོན་ཀྲུའུ120/90ཡང་བརྒལ་ཡོད་པ་ཡིན། གལ་ཏེ་དུས་ཐོག་ཏུ་སྨན་བཅོས་བཟང་བོ་མ་བྱས་པར་ཡུན་རིང་འགོར་ན། ནམ་ཞིག་ལ་སྙིང་ཁམས་ཆེར་རྒྱས་པ་དང་། སྙིང་ཤུགས་ཉམས་པ། ཀླད་པ་དང་མིག་གི་འཕར་རྩ་མཁྲེགས་པོར་ཆགས་པར་མ་ཟད། ལྷག་ཏུ་ཕག་ཤ་སོགས་སྣུམ་ཚིལ་ཆེ་བའི་ཟས་སྐོམ་རིགས་བསྟེན་པ་དང་། གློ་བུར་དུ་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་ཐོག་པ། ལུས་ཁམས་འཁྲུགས་པ་སོགས་ཀྱི་རྐྱེན་དང་འཕྲད་ན། སྙིང་དྲག་ཏུ་གཡུག་པ། མིག་རབ་རིབ་ཏུ་གྱུར་ནས་གསལ་བོར་མི་མཐོང་བ། ཞེ་མེར་ལངས་ནས་སྐྱུགས་པ་ཤོར་བ། རྣ་བ་འུར་བ། དངངས་ཤིང་དབུགས་ཐུང་བ་བཅས་མཐར་དྲན་པ་ཐོར་ཏེ་གཞོགས་ཕྱེད་ཞ་བར་འགྱུར་བ་ཡིན། 

གསོ་བཅོས།

1 བོད་ལུགས་གསོ་རིག་ལྟར་ན། ཁྲག་ཤེད་མར་བཅག་སྟེ་རྒྱུན་ལྡན་གྱི་ཚད་གཞིར་སླེབས་པར་བྱེད་རྒྱུ་ནི་དམིགས་ཡུལ་གཙོ་བོ་ཡིན་ཕྱིར། ཁོང་སྨན་དུ་བླ་མེད་དང་ཐང་ཆེན་ཉེར་ལྔ། ཨ་གར་ཉི་ཤུ། མུ་ཏིག་ཉེར་ལྔ་ལྟ་བུ་རྒྱུན་བསྲིངས་ནས་གཏོར་བ་དང་། དེ་བཞིན་ཙན་དན་བཅོ་བརྒྱད་དང་བསམ་འཕེལ་ནོར་བུ། བྱུར་དམར་ཉེར་ལྔ། རཏྣ་བསམ་འཕེལ། ཞི་དྲུག སྐྱུ་རུ་ཉེར་ལྔ། ཞི་ཏིག ཞི་ལྕུམ་སོགས་རྒྱུན་སྤྱོད་སྨན་སྦྱོར་རིགས་ནད་རྟགས་དང་ལུས་ཁམས། ན་ཚོད་བཅས་དང་བསྟུན་ནས་བསྟུན་ནས་གང་ལ་དེ་འཚམ་གྱི་སྒོ་ནས་བསྟེན་དགོས།

2 ཟས་ཀྱིས་བཅོས་པ་ལ། ཤིང་ཤ་མོ་ནག་པོ།(黑木耳) ལྕང་ཚལ།(芹菜) ཀ་པེད(葫芦)(གྲིས་ཞིབ་བུར་བརྩད་དེ་ཁུ་བ་བཏོན་པར་སྦྲང་རྩིས་ཁ་བསྒྱུར་བ)། སྲན་ལྗང་།(绿豆) ཆུ་ཀུབ(西瓜)ཀྱི་ཤུན་པ(ཆུ་ཀུབ་ཀྱི་ཤུན་པ་དུམ་གཅིག་དང་ཐལ་ཀ་རྡོ་རྗེ་ཁེ་དགུ་ཆུར་བཙོས་པའི་ཁུ་བ)། པོའོ་ཚད།(菠菜) སྲན་ལྗང(绿豆)(སྲན་ལྗང་ཕག་གི་མཁྲིས་པར་བཅུག་སྟེ་བསིལ་སྐམ་བྱས་པ་ཞིབ་ཏུ་བརྡུངས་པའི་ཕྱེ་མ(ཉིན་རེར་སྨན་ཁེམ་གང་དང་ཕྱེད་ནས་གཉིས་རེ་བསྟེན)དང་སྔོ་ཚལ། ཤིང་ཏོག་གི་རིགས། སྔོ་ཚོད། འོ་མ། སྲན་མ་ལས་བཟོས་པའི་ཟས་རིགས། བྱ་ཤ་དང་ཆུ་ལས་ཐོན་པའི་ཟས(水产)རྣམས་བསྟེན་ན་བཕྲོད་པ་དང་། དེ་བཞིན་ཅཱ(钾)འདྲེས་པའི་ཟས་རིགས་དཔེར་ན། ཞོག་ཁོག་དང་ངང་ལག སྲན་རིལ།(豌豆) རྒུན་འབྲུམ་སྐམ་པོ། ཧ་སྨི་ཀྭ(哈密瓜) ཀྭ་མངར་མོ(甜瓜)སོགས་དང་། ཁྲོག་ཁུ་ལེ(巧克力)ནག་པོ་ཉིན་རེར་རྡོག་པོ་འགའ་རེ་ཟོས་ན་སྙིང་ལ་ཕན་ཞིང་ཁྲག་ཤེད་གཅོག་པར་ཕན་པ་དང་། ཉིན་རེར་ཇ་དཀར་ཡོལ་གསུམ་རེ་འཐུང་ན། བདུན་ཕྲག་དྲུག་གི་རྗེས་སུ་ཁྲག་ཤེད་བརྒྱ་ཆའི་བདུན་མར་གཅོག་ཐུབ། ཕག་དང་ནོར་ལུག་གི་ཤ་ཚོད་པོ། སྲོག་ཆགས་ཀྱི་ནང་ཁྲོལ་དང་ཚིལ། ཚྭ། སྣུམ་བཅུད་ཆེ་བའི་ཟས་རིགས་མི་འཕྲོད། 

3 སྤྱོད་ལམ་གྱིས་བཅོས་པ་ལ། སྤྱིར་སྤྱོད་ལམ་ལ་ངལ་གསོ་མང་ཙམ་བྱས་ནས་ལུས་ཁམས་མི་འཁྲུགས་པ་བྱ་བ་དང་། བྱེ་བྲག་ཏུ། གོམ་སྐྱབས་མགྱོགས་པོས་འགྲོ་བ་དང་། ཤུགས་ཀྱིས་དབུགས་འབྱིན་རྔུབ་བྱེད་པ། སྙན་པའི་རོལ་མོར་ཉན་པ། བྱ་བའི་ལས་འགན་ཇེ་ཡང་དུ་གཏོང་བ་སོགས་ཀྱིས་ཁྲག་ཤེད་ཇེ་དམར་གཏོང་བར་ཕན་པ་དང་། ཁ་བུབ་ཀྱིས་དཔེ་ཆར་བལྟ་བ་དང་། ཡར་ལངས་མར་ཙོག་དང་མགོ་བོ་ཤེད་ཀྱིས་གཡུག་པ། སྐེ་དཀྲིས(领带)དམ་ཆེ་བ། དབྱངས་འགྲོས་མགྱོགས་པའི་རོལ་མོར་ཉན་པ། མགྱོགས་མྱུར་གྱིས་ཟས་ཟ་བ། ཤུགས་ཆེན་པོས་བཤང་བ་གཏོང་བ། ཁོང་ཁྲོ་ཆེན་པོ་ལངས་པ། གློ་བུར་དུ་ཤུགས་འབྱིན་པ་སོགས་ཀྱིས་ཁྲག་ཤེད་གློ་བུར་དུ་ཇེ་མཐོར་ཕྱིན་ན་དོན་རྐྱེན་འབྱུང་ཉེན་ཆེ་བས་ཅི་ནུས་ཀྱིས་སྤང་དགོས་པ་ཡིན། 


སྐབས་སྔོན་མ། ཟུངས་ཁྲག་ཞན་པ།
སྐབས་རྗེས་མ། མེད།
མཉམ་སྤྱོད།