དེ་རིང་ནི2026ལོའི་ཟླ04པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚོར་ཐལ་རང་བཞིན་གྱི་སྨུག་ཐིག

2026-04-13 08:44:06   |   50

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


1628741503322987.png

རྒྱུ་རྐྱེན།

ཚོར་ཐལ་རང་བཞིན་གྱི་སྨུག་ཐིག(过敏性紫癜)ནི་ཟས་དང་སྨན་སོགས་མ་འཕྲོད་པ་ལས་རྩ་ཤིན་ཏུ་ཕྲ་མོ་རྣམས་ལ་ནད་འགྱུར་བྱུང་བའི་ནད་ཅིག་ཡིན། ནད་མང་ཆེ་བ་མྱུར་དུ་བྱུང་བ་ཡིན། ལ་ལ་བྱུང་དལ། ནད་མ་བྱུང་བའི་སྔོན་གྱི་བདུན་ཕྲག་གཅིག་ནས་གསུམ་གྱི་ནང་ལ་དབུགས་ལམ་གོང་མ་རེད་པའི་ལོ་རྒྱུས་ཡོད་པ། ཁྱད་པར་ཟས(ཉ་དང་གློ་ཉ། སྒོ་ང)བསྟེན་པའམ། ཡང་ན་སྨན(ཧྭང་འན་རིགས་དང་འ་སི་ཕི་ལེན)བསྟེན་པའི་ལོ་རྒྱུས་ཡོད་པ།

ནད་རྟགས།

མངོན་རྟགས་གཙོ་བོ་པགས་པར་སྨུག་ཐིག་མངོན་པ་དང་། རྒྱུན་དུ་ཚིགས་མིག་སྐྲངས་པ་དང་ན་བ། གསུས་པ་ན་བ། བཤང་བ་དང་གཅིན་དུ་ཁྲག་འདྲེས་པ་སོགས་ཡོད། བྱེ་བྲག་གི་རྟགས་ལ།

1 ནད་འདིའི་རྟགས་གཙོ་བོ་རྐང་མགོ་གཉིས་དང་ལོང་ཚིགས། ཉྭ་དང་འཕོངས་བཅས་སུ་འབྲུམ་བུ་དོན་པ། གནས་གཞན་པར་དོན་པ་མཐོང་ཉུང་། ཐོག་མར་ཁྲག་རྡོལ་བ་ལྟ་བུའི་འབྲུམ་རྡོག་ཕྲན་བུ་འབྱུང་བ་དང་། དེ་ནས་རིམ་གྱིས་ཁ་དོག་ཇེ་མཐུག་ཏུ་གྱུར་ནས་དམར་ནག་གི་རྣམ་པ་མངོན་པ་དང་། སྐབས་རེར་རྨ་འབྲུམ་གྱི་དཀྱིལ་དུ་ཁྲག་བརྡོལ་ནས་རུལ་བ། དེ་དང་མཉམ་དུ་ཟ་འབྲུམ་དང་རྩ་དཀར་ནག་རང་བཞིན་གྱི་སྐྲངས་པ་འབྱུང་།

2 འཇུ་བྱེད་མ་ལག་གི་རྟགས་སུ། རྒྱུན་དུ་གསུས་པ་ན་བ། སྐྱུགས་པ། བཤང་བར་ཁྲག་འདྲེས་པ། རྒྱུ་མ་འགགས་པ། རྒྱུ་མ་བརྐྱོལ་བ་ཡིན།

3 ཚིགས་ཀྱི་རྟགས་ལ། རྒྱུན་དུ་པུས་མོ་དང་ལོང་ཚིགས། མཁྲིག་ཚིགས་སོགས་ཚིགས་ཆེན་ལ་རྒོལ་བ་དང་སྐྲངས་ཤིང་ན་བ། བརྐྱང་སྐུམ་མི་ཐུབ་པ། ནད་གཞི་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་རང་ཤུགས་ཀྱིས་དྲག་འགྲོ་བ་ཡིན།

4 མཁལ་མའི་རྟགས་སུ། ཕལ་ཆེར་སུམ་ཆའི་གཅིག་གི་ནད་པར་སྨུག་ཐིག་མཁལ་ཚད་ཡོད་པ་དང་། གཅིན་པར་ཁྲག་འདྲེས་པ། གཅིན་ལ་སྤྲི་དཀར་འདྲེས་པ། མཁལ་ནུས་མི་ལེགས་པ། ཁྲག་ཤེད་མཐོ་བའི་ཀླད་ནད་ཡོད་པའི་ནད་པ་གསོ་ཡུན་རིང་།

5 སྐབས་རེར་དབུགས་ལམ་གྱི་རྟགས་སུ་དབུགས་འཚང་བ། གློ་བར་ཁྲག་ཤོར་བ། སྙིང་ཁྲག་གི་རྟགས་སུ་སྙིང་གི་ཤ་གྲིམ་ཚ་ནད་ཡོད་པ། སྙིང་གི་ཐིག་རིས་རྒྱུན་ལྡན་མིན་པ། དབང་རྩའི་རྟགས་སུ་དངངས་འགྱེལ་དང་ཞ་བའི་རྟགས་བཅས་འབྱུང་བ་ཡིན།

གསོ་ཐབས།

1 དེང་རབས་གསོ་རིག་ལྟར་ན། བརྟག་དཔྱད་བྱས་ནས་མ་འཕྲོད་པའི་རྒྱུ་རྐྱེན་འཚོལ(ཟས་དང་སྨན་གང་ཡིན)བ་དང་། ནད་མྱུར་བའི་སྐབས་སུ་ཉལ་ནས་ངལ་གསོ་བ་དང་། རྒྱུ་མར་ཁྲག་ཤོར་མཁན་ལ་ཟ་མ་བཟའ་རུ་འཇུག་མི་རུང་། རེད་པ་བྱུང་བར་དོགས་ན། སྲིན་འགོག་སྨན་ཉིན་བདུན་ནས་བཅུ་བར་བསྟེན་དགོས།

2 བོད་ལུགས་གསོ་རིག་ལྟར་ན། སྨན་ལ་ཁྲག་འཁྲུགས་ཀུན་སེལ་དང་གླ་རྩི་ལྔ་པ། ཐང་ཆེན་བཅུ་པ། ཐང་ཆེན་ཉེར་ལྔ། ཀླུ་བདུད་བཅོ་བརྒྱད། བྱ་ཁྱུང་བཅུ་གསུམ། མང་སྦྱོར་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་གཞི་དང་ན་ཚོད་ལ་བསྟུན་ནས་བསྟེན་དགོས།


སྐབས་སྔོན་མ། ཁྲག་ཤེད་མཐོ་བའི་ནད།
སྐབས་རྗེས་མ། མེད།
མཉམ་སྤྱོད།