དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ལྷན་སྐྱེས་རང་བཞིན་གྱི་སྙིང་ནད།

2024-12-19 09:43:57   |   69

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཟེར་བ་ནི་བཙས་དུས་ནས་སྙིང་ལ་ནད་ཡོད་པའི་ཕྲུ་གུ་ལ་ཟེར་ཞིང་། དེ་ལ་སྙིང་ཁང་བར་ཆོད་ལ་ཆད་བརླག་དང་ཤག་ཆོད་ལ་ཆད་བརླག་འཕར་རྩའི་འདྲེན་སྦུག་མ་ཟུམ་པ་བཅས་ཀྱི་དབྱེ་བ་ཡོད།

ནད་རྟགས།

1 སྙིང་ཁང་བར་ཆོད་ཆད་བརླག་ཏུ་གྱུར་པ།

ལོའི་ཆེ་ཆུང་དང་ཆད་བརླག་མི་འདྲ་བའི་ནད་རྟགས་ཀྱང་མི་འདྲ། ཆད་བརླག་ཆུང་ན་ནད་རྟགས་མེད་ཅིང་ཆད་བརླག་ཆེ་ན་ཐང་ཆད་པ་དང་། རྔུལ་ཆུ་མང་བ། འཚར་སྐྱེ་དལ་བ། དབུགས་ལམ་ཡང་ཡང་རེད་པ། སྙིང་ཤུགས་ཉམས་ཟད་སོགས་འབྱུང་། བཙས་རྗེས་མང་ཆེ་བར་ནད་རྟགས་མེད། སྙིང་གི་ཐིག་རིས་སུ་སྙིང་གི་ཁང་ཤག་གཡས་པ་ཆེར་རྒྱས་པ། Xབརྟག་དཔྱད་དུ་སྙིང་ཁང་གཡས་པ་དང་སྙིང་ཤག་གཡས་པ་ཇེ་ཆེར་སོང་བ། གློ་བའི་འཕར་རྩའི་གནས་ཁག་མངོན་གསལ་དུ་ཕྱིར་འབུར་བ། གློ་བའི་ཁྲག་རྩ་ཁྲོས་པ་དང་འཕར་འགུལ་ཇེ་དྲག་ལ་སོང་བ། སྒྲ་བརྒལ་སྙིང་རིས་ཀྱིས་བརྟག་ན། སྙིང་གི་ཁང་ཤག་གཡས་པ་ཇེ་ཆེར་སོང་བ། ཤག་ཆོད་དང་ཤག་གཡོན་རྒྱབ་ལྡེབས་འགལ་བའི་འགུལ་སྐྱོད་བྱེད་པ། ཆད་བརླག་གི་ཆེ་ཆུང་དང་གནས་མཐོང་ཐུབ་པ་ཡིན།

2 ཤག་ཆོད་ཆད་བརླག་ཏུ་གྱུར་པ།

ཆད་སྐྱོན་ཆུང་ན་ནད་རྟགས་གང་ཡང་མེད། ཆད་སྐྱོན་འབྲིང་ངམ་ཅུང་ཆེ་ན་ཐོག་མའི་དུས་སུ་ཟས་སྐོམ་བསྟེན་པར་དཀའ་ངལ་ཡོད་ཅིང་། འཚར་སྐྱེ་དལ་བ། ཐང་ཆད་པ། རྔུལ་ཆུ་མང་བ། འགུལ་སྐྱོད་ཀྱི་རྗེས་སུ་དབུགས་རྒོད་པ། བྲང་ཁོག་མི་བདེ་བ། གློ་བ་ཡང་ཡང་རེད་པ། སྙིང་ཤུགས་ཉམས་ཤིང་ཟད་པ། བྲང་རུས་གཡོན་འདབས་སྨད་ཕྱོགས་སུ་རིམ་པ་གསུམ་ནས་བཞི་ཅན་གྱི་འཁུམ་སྡུད་སྐབས་རླུང་ལྡང་བ་ལྟ་བུའི་སྒྲ་རྩུབ་པོ་ཐོས་པ་དང་སྒྲ་དེ་སྙིང་གི་མདུན་ཁུལ་དང་རྒྱབ་ཕྱོགས་སུ་རྒྱུད་པ་དང་དེའི་ཞོར་ལ་འདར་བ། གྱེས་བཞུར་ཚད་ཆེ་ན་སྙིང་རྩེའི་གནས་སུ་རྐྱོང་འབྱེད་སྐབས་ལྷད་སྒྲ་ཐོས་པ། སྙིང་གི་ཐིག་རིས་སུ་ཆད་སྐྱོན་འབྲིང་ཡན་ཆད་མང་ཆེ་བ་སྙིང་ཤག་གཡས་གཡོན་ཤག་ཆེར་རྒྱས་པ། Xབརྟག་དཔྱད་དུ་ཆད་སྐྱོན་འབྲིང་ཡན་ཆད་སྙིང་གྲིབ་ཇེ་ཆེར་སོང་བ། སྙིང་ཁང་གཡོན་པ་དང་སྙིང་ཤག་གཡས་གཡོན་ཆེར་སོང་བ་གཙོ་བོར་མཐོང་ཞིང་། གློ་བའི་འཕར་རྩའི་གནས་ཕྱིར་འབུར་བ། གློ་བའི་རྩ་ཁྲོས་ཤིང་འཕར་འགུལ་ཇེ་དྲག་ཏུ་ཕྱིན་པ། སྒྲ་བརྒལ་སྙིང་གིས་བརྟག་ན། སྙིང་ཁང་གཡོན་པ་དང་སྙིང་ཤག་གཡོན་པ་ཆེར་རྒྱས་པ། ཤག་ཆོད་ལྡོག་སྒྲ་ཆད་པ། ཆད་སྣེའི་ལྡོག་སྒྲ་དྲག་པ། ཆད་མཚམས་སུ་གཡོན་ནས་གཡས་སུ་གྱེས་བཞུར་ཟློས་ཤལ་མཐོང་བ།

3 འཕར་རྩའི་འདྲེན་སྦུག་མ་ཟུམ་པ།

ཁྲག་གྱེས་བཞུར་ཆུང་ན་ནད་རྟགས་མེད་པ་དང་གྱེས་བཞུར་ཆེ་ན་དབུགས་རྒོད་པ། གློ་ལུ་བ། ཟས་སྐོམ་ལྡུད་དཀའ་བ། འཚར་སྐྱེ་དལ་བ། བྲང་རུས་གཡོན་པའི་སྟོད་འདབས་སུ་དུས་ཀུན་ཏུ་རྒྱུན་མཐུད་རང་བཞིན་གྱི་འཕྲུལ་གྱི་སྒྲ་ལྟ་བུའི་ལྷད་སྒྲ་སྒྲོག་རུས་གཡོན་པའི་འོག་དང་མཇིང་བའི་རྒྱབ་ཕྱོགས་སུ་བརྒྱུད་དེ་གྲགས་པ་དང་། ལྷད་སྒྲ་གསལ་བའི་གནས་སུ་འདར་ཡོམ་འབྱུང་། གློ་བའི་འཕར་རྩའི་འདབ་ཁུལ་དུ་སྙིང་སྒྲ་གཉིས་པའི་སྒྲ་དྲག་པ་དང་། རྐྱོང་གནོན་མར་འབབ་པ་དང་རྩ་གནོན་ཇེ་ཆེར་འགྲོ་ཞིང་མཐའ་འཁོར་རྩ་ཕྲན་འཕར་བ་དང་སྣེ་ས་ཁུད་ཀྱི་སྙིང་རྩ་མིག་དམར་དུ་མེ་མདའི་སྒྲ་ལྟ་བུ་གྲགས་པ། གྱེས་བཞུར་ཆེ་ན་སྙིང་རྩེའི་གནས་སུ་རྐྱོང་འབྱེད་ལྷད་སྒྲ་ཅུང་ཙམ་ཐོས་པ་དང་། ཐ་མའི་ལྡོག་པའི་གྱེས་བཞུར་སྐབས་སུ་བར་ཁྱད་རང་བཞིན་གྱི་སྔོ་ནག་གི་རྟགས་སྟོན། སྙིང་གི་ཐིག་རིས་སུ། གྱེས་བཞུར་ཆེ་དུས་སྙིང་ཤག་གཡོན་པའམ་སྙིང་ཤག་གཡས་གཡོན་གཉིས་ཆེར་རྒྱས་པ། Xབརྟག་དཔྱད་དུ། སྙིང་གྲིབ་ཇེ་ཆེར་སོང་བ།སྙིང་གི་ཁང་ཤག་གཡོན་པ་ཇེ་ཆེར་སོང་བ། གློ་བའི་འཕར་རྩའི་དུམ་བུ་འབུར་བ། གློ་ཁྲག་རྒྱས་པ། འཕར་རྩ་གཙོ་བོའི་མདུད་པ་ཇེ་ཆེར་སོང་བ། སྒྲ་བརྒལ་སྙིང་རིས་ཀྱིས་བརྟག་ན། སྙིང་གི་ཁང་ཤག་གཡོན་པ་ཇེ་ཆེར་སོང་བ། འཕར་རྩ་གཙོ་བོའི་ནང་ཞེང་ཇེ་ཆེར་སོང་བ། འདྲེན་སྦུག་མ་ཟུམ་པ་མཐོང་བའམ་གློ་བའི་འཕར་རྩའི་ནང་དུ་ཁྲག་འཕྱུར་ཟློས་ཤལ་བརྟག་ཐུབ།

གསོ་ཐབས།

1 སྙིང་ཁང་བར་ཆོད་ཆད་བརླག་ཏུ་གྱུར་ན། བོད་ལུགས་གསོ་རིག་ལྟར་ན། ཨར་ནག་བཞི་ཐང་དང་སྲོག་འཛིན་བརྒྱད་པ། སྲོག་རླུང་འཇོམས་པའི་རྡོ་རྗེ། ཨ་གར་ཉི་ཤུ། བི་མ་ལ། ཨ་གར་བཅུ་གཅིག ཨ་གར་སོ་ལྔ་སོགས་གང་འཚམ་བསྟེན་དགོས། ཕྱི་ལུགས་གསོ་རིག་ལྟར་ན། སློབ་གྲྭར་འགྲོ་རན་ལ་མ་སླེབས་པའི་བྱིས་པར་གཤག་བཅོས་ཀྱིས་འཚེམ་ན་འཚམ་པར་བཤད།

2 ཤག་ཆོད་ཆད་བརླག་ཏུ་གྱུར་ན། ཤིང་ཀུན་ཉེར་ལྔ་དང་ཨ་གར་སོ་ལྔ། བི་མ་ལ། ལི་ཤི་ཉེར་ལྔ་སོགས་གང་འཚམ་བསྟེན་རྒྱུ། ཕྱི་ལུགས་གསོ་རིག་ལྟར་ན། ཁོང་ནད་ཚན་ཁག་གིས་བླ་གཉན་སྣ་ཚོགས་འབྱུང་བ་སྔོན་འགོག་བྱེད་པ་སྟེ། དཔེར་ན། སྙིང་ཤུགས་ཉམས་པ་ཚོད་འཛིན་དང་གློ་བའི་རེད་པ་སྔོན་འགོག་བྱེད་པ་ལྟ་བུ་དང་། གཤག་བཅོས་ཚན་ཁག་གིས་སློབ་གྲྭར་འགྲོ་རན་ལ་མ་སླེབས་པའི་བྱིས་པར་གཤག་བཅོས་བྱས་ཏེ་གསོ་བ་དང་། འེ་སིན་མན་རྟགས་འདུས་ནད།(艾森曼格综合征)ལྟ་བུ་ཡོད་པར་གཤག་བཅོས་བྱེད་གཏན་ནས་མི་རུང་། 

3 འཕར་རྩའི་འདྲེན་སྦུག་མ་ཟུམ་ན། བོད་ལུགས་གསོ་རིག་ལྟར་ན། ཛཱ་ཏི་བཅུ་བཞི་དང་ཨ་གར་སོ་ལྔ། བྷི་མ་ལ་ལྟ་བུ་གང་འཚམ་བསྟེན་དགོས། ཕྱི་ལུགས་གསོ་རིག་ལྟར་ན། ཁོང་ནད་ཚན་ཁག་གིས་འཚོ་བཅུད་ལ་ཤུགས་སྣོན་པ་དང་རེད་པ་སྔོན་འགོག་བྱེད་པ། སྙིང་ཤུགས་ཉམས་ཟད་དུ་གྱུར་པ་ཚོད་འཛིན་པ། བཙས་སྔ་བའི་ཁྱེའུར་མདུན་ཆགས་གཤེར་མའི་རྩབས་ཚོད་འཛིན་སྦྱོར་བ་བཀོལ་ནས་འཕར་རྩའི་འདྲེན་སྦུག་གི་ཁ་གཅོད་རྒྱུ། གཤག་བཅོས་ཚན་ཁག་གིས་ཁྱེའུ་སྙིང་ཤུགས་ཉམས་ཟད་མཁན་དང་སྙིང་རིམ་བཞིན་ཇེ་ཆེར་འགྲོ་བ་དང་། དེ་དང་མཉམ་དུ་གློ་བའི་འཕར་རྩའི་མཐོ་གནོན་ཡོད་པ་དང་ད་དུང་གཡོན་ཕྱོགས་སུ་གྱེས་བཞུར་ཡོད་མཁན་ལ་དུས་ཐོག་ཏུ་གཤག་བཅོས་ཀྱིས་གསོ་བཅོས་བྱ་རྒྱུ་གཙིགས་སུ་འཛིན་དགོས།


མཉམ་སྤྱོད།