དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཐོ་སྒང་རང་བཞིན་གྱི་སྙིང་ནད།

2024-12-18 14:36:44   |   58

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མཐོ་སྒང་རང་བཞིན་གྱི་སྙིང་ནད་ནི་མཐོ་སྒང་དུ་དབྱང་རླུང་ཉུང་བའི་རང་བཞིན་ལས་བྱུང་ཞིང་གློ་བའི་འཕར་རྩའི་གནོན་ཤུགས་ལ་བརྟེན་ནས་བྱུང་བའི་སྙིང་གཡས་པའི་ཁུར་ལྕི་བ་དང་སྙིང་གཡས་པའི་ནུས་པ་མི་སྙོམས་པའི་ནད་རིགས་ཤིག་ཡིན།  མཐོ་སྒང་དུ་དབྱང་དབུགས་ཉུང་བ་ནི་ནད་འདིའི་རྒྱུ་རྐྱེན་གཙོ་བོ་ཡིན།  མཚོ་ངོས་ལས་མཐོ་ཚད་སྨི་སུམ་སྟོང་ཡན་ཆད་ལ་སླེབས་པའི་ས་ཁུལ་གྱི་མི་ལ་བྱུང་བ་མཐོང་རྒྱུ་མང་།  མཐོ་སྒང་གི་དབྱང་དབུགས་ཉུང་བའི་ཁོར་ཡུག་ཁྲོད་གློ་བའི་འཕར་རྩ་ཆུང་འཁུམས་པ་དང་གློ་བའི་འཕར་རྩ་ཆུང་བའི་ཤ་རིམ་པས་ཇེ་མཐུག་ཏུ་ཕྱིན་པས་གློ་བའི་འཕར་རྩའི་གནོན་ཤུགས་ཇེ་མཐོར་འགྲོ་བ་ནི་ནད་འདིའི་ནད་འགྱུར་གྱི་གནད་འགག་ཡིན།

ནད་རྟགས།

ནད་བྱུང་བའི་བྱིས་པའི་ལོ་ཚད་མང་ཤོས་ཟླ་དྲུག་ནས་བཅུ་གཉིས་བར་ཡིན་ལ།  ཆེས་ཆུང་ཤོས་བཙས་རྗེས་ཀྱི་བདུན་ཕྲག་གཉིས་ནང་འབྱུང་།  སློང་རྐྱེན་མང་ཆེ་བ་དབུགས་ལམ་སྟོད་དུ་འགོས་ཕོག་བྱུང་བ་དང་དགུན་དཔྱིད་ཀྱི་དུས་ཚིགས་སུ་མཐོང་ངོ།  འཚར་ལོངས་འབྱུང་དལ་བ་དང་སུན་སྣང་སྐྱེ་ཞིང་རྣམ་རིག་མི་རྒོད་པ།  གདོང་མདོག་སྐྱ་བོ་དང་སྨུག་ནག་ཡིན་པ།  ཚབས་ཆེ་ན་དབུགས་ཐུང་བ་དང་།  གཅིན་ཉུང་བ།  སྐྲངས་པ།  སྐད་འཛེར་བ།  སྙིང་ཕྱོད་མགྱོགས་པ།  གློ་བའི་འཕར་རྩའི་སྙིང་གི་འཕར་སྒྲ་གཉིས་པ་དྲག་པ།  བྲང་རུས་གཡོན་འདབས་ཀྱི་རྩིབ་མ་གསུམ་པ་ནས་བཞི་པའི་བར་ནས་སྙིང་སྐུམ་དུས་ཀྱི་རྩུབ་སྒྲ་ཐོས་པ་དང་།  མཆིན་པ་ཆེས་ཆེར་སྐྲངས་པ་ཡིན།  Xལ་བརྟག་དཔྱད་བྱས་ན།  སྙིང་གི་གྲིབ་མ་ཟླུམ་དབྱིབས་རྣམ་པར་སྐྲངས་པ།  གློ་བའི་འཕར་རྩའི་དུམ་བུ་འབུར་བ།  སྙིང་གཡས་པའི་ཁང་ཤག་ཇེ་ཆེར་སོང་བ།  གློ་བའི་ཕྱི་ངོས་དྭངས་གསལ་ཡིན་མོད་ནང་ཁུལ་གྱི་ངོས་སུ་ཁྲག་རྩ་རྒྱས་པ།  ཡིན་ནའང་གློ་སྒོའི་ཁྲག་རྩ་རྩུབ་རྒྱས་སུ་སོང་ནས་ནད་འགྱུར་མེད་པ།  ཡང་གློ་བར་ཁྲག་འཁྱིམས་བྱུང་བ་ལ་འགྱུར་བ་མེད་པ།  སྙིང་རིས་བརྟག་དཔྱད་དུ།  སྙིང་ཤག་གཡས་པ་མཐུག་པ་དང་གནོད་སྐྱོན་ཐེབས་པའི་མངོན་རྟགས་ཡོད།

གསོ་བཅོས།

1 ཕྱི་ལུགས་གསོ་རིག་ལྟར་ན།  སྤྱིར་བཏང་གི་གསོ་བཅོས་ལ།  འཚོ་བཅུད་གསབ་པ་དང་ཟུངས་ཁྲག་ཞན་པ་སྙོམས་དགོས།  འཚོ་བཅུད་རྒྱུAདངB(维生素A和B)ཁ་གསབ་དང་།  དབུགས་ལམ་འགོས་ཕོག་སྔོན་འགོག་དང་གསོ་བཅོས་བྱ་རྒྱུ།  ནད་གཞི་ལྕི་ན་མྱུར་དུ་ས་བབས་དམའ་བའི་གནས་སུ་སྤོར་དགོས།  ནད་ཚབས་ལྕི་ཞིང་ཆེ་ན་སྨན་ཁང་དུ་བསྐྱལ་ནས་མྱུར་དུ་གསོ་བཅོས་བྱེད་དགོས།

2 བོད་ལུགས་གསོ་རིག་ལྟར་ན།  སྨན་སྒ་སུམ་ཐང་དང་སྒྲོན་ཤིང་བཞི་ཐང་།  མ་ནུ་བཞི་ཐང་།  ཨ་གར་བཅོ་ལྔ།  ཨ་གར་བརྒྱད་པ།  ཨ་གར་བདེ་བྱེད་བརྒྱད་པ།  བྷི་མ་ལ།  སྙིང་ཞོ་གསུམ་པ།  ཙན་དན་བཅོ་བརྒྱད།  ད་ལིས་བཅུ་དྲུག  དམར་པོ་གསུམ་ཐང་སོགས་གང་འཚམ་གཏོང་རྒྱུ།


མཉམ་སྤྱོད།