དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་ཚད།

2024-12-27 10:44:45   |   644

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

འབུ་ཕྲ་དང་ནད་དུག་སོགས་ལ་རེག་ཐུག་བྱུང་བ་དང་། ལུས་ཀྱི་སྟོབས་ཤུགས་ཟད་པ་དང་རྒྱུན་པར་དུ་ཆང་ལ་རོལ་བ། གློ་ཡུའི་གཉན་ཚད་ལ་གསོ་བཅོས་ལེགས་པོ་མ་བྱས་པར་ནད་ཤུལ་ལུས་པ། ལུས་ཀྱི་ནད་འགོག་ནུས་ཤུགས་ཞན་པ་སོགས་ལས་བྱུང་བ་ཡིན།

ནད་རྟགས།

དགུན་ཁ་དང་དཔྱིད་མགོར་བྱུང་བ་མང་། རྒྱུན་པར་ལུས་འཁྱགས་པ་དང་ཆར་བས་བརླན་པ། ཐང་ཆད་པ། ཆང་གིས་བཟི་བ། སེམས་ཁམས་ལ་ཕོག་ཐུག་བྱུང་བ་དང་ནད་དུག་གིས་འགོས་པའི་ལོ་རྒྱུས་ཡོད། རྒྱུན་པར་ཉིན་འགའ་ལ་ཆམ་པའི་ནད་རྟགས་འབྱུང་བ་དང་། དེ་ནས་གློ་བུར་དུ་ནད་ལྡང་སྟེ་ཚ་ཆེར་རྒྱག་པ་དང་གྲང་ཤུམ་བྱེད་པ། དུས་ཚོད་ཁ་ཤས་ཀྱི་ནང་དུ་ལུས་དྲོད་ཏུའུ39—40རུ་འཕར་འགྲོ་བ་དང་། ཕྱི་དྲོ་དང་དགོང་ཁར་ལུས་དྲོད་ཆེས་མཐོ་བ་ཡིན། ནད་པའི་ཤ་གྲིམ་སྐྱུར་ཞིང་ན་བ་དང་བྲང་ག་ན་བ། གློ་ལུ་བ་དང་འབྱིན་རྔུབ་དྲག་ཚེ་བྲང་ཁའི་ན་ཟུག་ཇེ་ཆེར་འགྲོ་བ་དང་། ལུད་པ་ཉུང་ཡང་ཁྲག་ཞད་འདྲེས་པའམ་ཡང་ན་ལྕགས་བཙའི་མདོག་ཏུ་སྣང་། མི་ལ་ལར་ཞེན་པ་ལོག་པ་དང་སྐྱུག་པ་སོགས་འཇུ་བྱེད་མ་ལག་གི་ནད་རྟགས་ཡོད།

སྔོན་འགོག

1 དྲོད་ལ་བསྡུ་པ། མལ་དུ་ཉལ་ནས་ངལ་གསོ་བ་དང་། ཆུ་མང་དུ་འཐུང་བ། ཟས་བཅུད་འདང་ངེས་ཀྱི་བཟའ་བཏུང་ལོངས་སུ་སྤྱོད་པ།

2 ས་རྡུལ་དང་གནོད་པ་ཡོད་སའི་གནས་སུ་མི་འགྲོ་བ།

3 ཁ་ཟས་སུ་ཆང་སྐྱུར་དང་སྐྱུར་བོ། ལུག་ཤ་རྙིང་བ། བཅུད་ཅན་གྱི་ཟས་དང་རྒྱ་ཚྭ་དང་རྒྱམ་ཚྭ་སོགས་ཚྭའི་རིགས་དང་། མར་རྙིང་སོགས་གནོད་པས་སྤང་དགོས་ལ། དྲག་ཤུལ་དང་ཆམ་པ་མི་འབྱུང་བར་བྱ་དགོས།

4 རྒྱུན་དུ་ན་བའི་ནད་པ་དང་ཟུངས་ཟད་ཅིང་སྟོབས་རྒུད་པ། མལ་སར་ལྷུང་བའི་ནད་པ་རྣམས་ལ་གང་ནུས་ཀྱིས་ནད་པའི་ཉལ་ཕྱོགས་བརྗེ་བ་དང་ཁ་སྣ་རུ་ཡོད་པའི་ལུད་པ་རྣམས་ཕྱིར་འདོན་དགོས།

5 ཆར་ཆུས་བརླན་པ་དང་། གྲང་དྲགས་པ་དང་ངལ་དུབ་ཆེ་མི་རུང་བ་དང་། རྩོལ་བཅག་རན་པར་བྱས་ཏེ་རང་ལུས་ཀྱི་ནད་འགོག་ནུས་ཤུགས་ཇེ་མཐོར་གཏོང་དགོས།

གསོ་ཐབས། 

1 གལ་ཏེ་ནད་པར་གཅིན་སྙི་ཟ་ཁུའི་ནད་དང་འཕར་རྩ་སྲ་འགྱུར་གྱི་སྙིང་ནད།(冠心病)སོགས་ནད་གཞན་མཉམ་དུ་འདུས་པ་དང་། ལོ་ན་རྒན་པ་དང་། ཉལ་སར་ལྷུང་བ་དང་སྤྱིར་བཏང་གི་གནས་ཚུལ་སོགས་ཞན་པའི་སྐབས་སུ་མྱུར་དུ་སྨན་ཁང་ལ་བསྐྱལ་ནས་གསོ་བཅོས་བྱེད་དགོས།

2 དབུགས་ལེན་དཀའ་ན་ཙོག་པུར་འདུག་པའམ་ཡང་ན་ཙོག་མ་ཉལ་གྱིས་འདུག་པ་དང་མཉམ་དུ་དབྱང་དབུགས་རྔུབ་དགོས།་ལྷ་། 

3 བོད་ལུགས་གསོ་རིག་ལྟར་ན། སྨན་ལ་འཕྲུལ་ཐང་དང་སྲོ་ལོ་བཞི་ཐང་། ཙན་དན་བརྒྱད་པ། གློ་ཚད་ཀུན་སེལ། འཁྲུགས་གློ་ཀུན་སེལ། གཙོ་བོ་ཉེར་ལྔ། གཙོ་ཁྱུང་།(གཙོ་བོ་བརྒྱད་པ་དང་ཁྱུང་ལྔ་མཉམ་བསྲེས)སྤང་རྩི་བཅུ་གཉིས་སོགས་རྒྱུན་སྤྱོད་སྨན་སྦྱོར་སྤྱི་དང་། ཐོག་མར་གྲང་ཤུམ་ལངས་པ་དང་ཚ་བ་རྒྱག་པ། གློ་ལངས་པ་བཅས་ཀྱི་སྐབས་སུ་འཕྲུལ་ཐང་དང་། གཙོ་བོ་བརྒྱད་པ། གློ་ཚད་ཀུན་སེལ་ལྟ་བུ་གཏོང་བ་དང་། ཚ་བ་ཆེན་པོ་རྒྱག་པ་དང་། གློ་ལངས་ནས་ལུད་པས་དབུགས་བཀག་ནས་རྩིབ་གཟེར་རྒྱག་སྐབས་གཙོ་ཁྱུང་དང་། གཙོ་བོ་ཉེར་ལྔ་ལྟ་བུ་གཏོང་བ་དང་། ཟས་སྐོམ་བསིལ་བའི་རིགས་བསྟེན་དགོས།


མཉམ་སྤྱོད།