དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱུར་གཤིས་གློ་བ་ཆུ་སྐྲངས།

2025-01-03 09:09:01   |   871

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

ནད་འདིའི་བྱུང་རྐྱེན་གཙོ་བོ་ནི་གློ་བའི་ཁྲག་རྩ་ཕྲ་མོའི་ནང་གི་གནོན་ཤུགས་མཐོ་རུ་རྒྱས་པ་དང་། གློ་རྩའི་བརྒྱུད་བརྟོལ་རང་བཞིན་འཕེལ་བ་དང་ཁྲག་སྐྱོའི་སྦྱིན་གཟུགས་སིམ་བརྟོལ་གནོན་ཤུགས་མར་འགྲིབ་པ་སོགས་ལ་འབྲེལ་བ་ཡོད། རྒྱུན་པར་ཚབས་ཆེ་བའི་མྱུར་གཤིས་སྙིང་ཤག་གཡོན་པ་ཉམས་ཟད་པའི་མངོན་ཚུལ་འབྱུང་བ་ཡིན།

ནད་པ་མང་ཆེ་བར་ཁྲག་ཤེད་མཐོ་བའི་སྙིང་ནད་དང་རླུང་རླན་རང་བཞིན་གྱི་སྙིང་ནད། ཕྲོག་དབྱིབས་འཕར་རྩ་འཇམ་འདྲའི་སྲ་འགྱུར་རང་བཞིན་གྱི་སྙིང་ནད་སོགས་བྱུང་བའི་ལོ་རྒྱུས་ཡོད། ནད་པར་གློ་ཚད་དམ་ཡང་ན་ཕོག་ཐུག་རང་བཞིན་གྱི་མཁའ་དབུགས་རྔུབ་དུག་ཕོག་པའི་ལོ་རྒྱུས་ཡོད། ཀླད་པར་རྨས་སྐྱོན་ཕོག་པ་དང་། ཀླད་ཚད། འབྲས་ནད། ཀླད་ཁྲག་ཤོར་བ་སོགས་ཀྱིས་ནད་འདི་བསྐྱེད་ཐུབ། རྩ་ལམ་དུ་གཤེར་ཁུ་འདྲེན་པ་དང་ཁྲག་འདྲེན་པའི་མགྱོགས་ཚད་ཐལ་དྲགས་པ་དང་། ཚོར་ཐལ་འགྱུར་འབྱུང་གང་གིས་ཀྱང་ནད་འདི་བསྐྱེདཐུབ། ནད་བྱུང་མྱུར་སྡུག་ཅིང་རྩུབ་པ་དང་། ཕལ་ཆེར་མཚན་དཀྱིལ་དུ་ལྡང་བ་ཡིན།

ནད་རྟགས། 

གློ་བུར་དུ་དབུགས་འབྱིན་རྔུབ་དཀའ་བ་དང་། སྐར་མ་རེར་དབུགས་ཐེངས30ནས40ལས་ལེན་མི་ཐུབ་ལ། ཙོག་སྡོད་ཀྱིས་དབུགས་ལེན་དགོས་བྱུང་བ་དང་། གློ་མང་དུ་ལུ་བ་ཡིན། ལུད་པ་དཀར་པོའམ་ཡང་ན་དམར་སྐྱ་ལྦུ་བ་ཅན་མང་དུ་ལུ་བ་དང་། འཚབ་འཚུབ་ཀྱིས་སྡོད་མི་ཚུགས་པ་དང་། རྔུལ་ཆུ་མང་དུ་བཞུར་བ་ཡིན།

སྔོན་འགོག

ལུས་ཀྱི་མེ་དྲོད་སྲུང་བ་དང་། ཟས་འཇུ་སླ་བ་དང་བཅུད་ཆེ་བ་བསྟེན་པ་དང་། ཟས་སྤྱོད་མི་འཚམ་པ་དང་ཉིན་མོར་གཉིད་ལོག་པ། ཉལ་པོ་དྲགས་པ། རླན་གྲང་ལ་འདུག་པ་སོགས་སྤང་དགོས།

གསོ་ཐབས། 

1 མྱུར་དུ་ནད་པ་ཙོག་པུའམ་ཕྱེད་ཉལ་བྱེད་དུ་འཇུག་པ་དང་། རྐང་བ་གཉིས་ཐུར་དུ་འཕྱངས་ཏེ། སྙིང་དུ་ཕྱིར་ལྡོག་པའི་ཁྲག་གི་བཞུར་ཚད་ཇེ་ཉུང་དུ་བཏང་ནས་སྙིང་གི་འགན་འཁུར་ཇེ་ཡང་དུ་གཏོང་དགོས།

2 ཆ་རྐྱེན་འཛོམས་ན་དབྱང་དབུགས་རྔུབ་ཏུ་འཇུག་དགོས།

3 འོས་འཚམ་གྱིས་ལྷོད་འཇགས་སྦྱོར་བ་ཉུང་ངུ་ཙམ་བསྟེན་ན་ཆོག དཔེར་ན། ལྷོད་འཇགས(安定)ཧའོ་ཁེ5བཏང་སྟེ་ནད་པའི་སེམས་ཁམས་ཚོད་འཛིན་བྱེད་དགོས།

4 གཅིན་འབེབ་སྨན་འཐུང་དགོས། དཔེར་ན། མྱུར་གཅིན(速尿)ཧའོ་ཁེ40འཐུང་བ་དང་། ཆ་རྐྱེན་འཛོམས་ན་མྱུར་གཅིན(速尿)ཧའོ་ཁེ40ཤ་ཁབ་ཏུ་བརྒྱབ་ན་དུས་ཚོད་ཕྱེད་ཀའི་ནང་ཕན་ནུས་ཐོན་ཐུབ། 

5 བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་ལ་ཨ་གར་སོ་ལྔ་དང་ཨ་གར་བཅོ་ལྔ། ཅུ་གང་ཉེར་ལྔ། ཟངས་ཐལ་ཉེར་ལྔ། ད་ལིས་བཅོ་བརྒྱད། ཆབ་འདྲེན་དགུ་པ། དྭངས་མ་གནས་འཇོག་སོགས་དང་། དབུགས་འཚངས་ན་རྒུན་འབྲུམ་བདུན་པ་དང་ལི་ཤི་དྲུག་པ་སོགས་གང་འཚམ་བསྟེན་དགོས།


མཉམ་སྤྱོད།