དེ་རིང་ནི2025ལོའི་ཟླ05པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དལ་གཤིས་གློ་ཁུངས་རང་བཞིན་གྱི་སྙིང་ནད།

2025-01-06 16:03:00   |   699

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ནད་འདི་ནི་གློ་བ་དང་བྲང་ཁོག་ཡང་ན་གློ་བའི་འཕར་རྩ་ལ་དལ་གཤིས་ནད་འགྱུར་བྱུང་བ་ལས་གློ་ཁྲག་འཁོར་རྒྱུག་གི་འགོག་ཤུགས་ཆེ་རུ་ཕྱིན་པ་དང་། གློ་བའི་འཕར་རྩའི་གནོན་ཤུགས་ཆེར་རྒྱས་ནས་རིམ་བཞིན་སྙིང་ཤག་གི་ཤ་ཇེ་མཐུག་དང་ཇེ་ཆེར་སོང་སྟེ། ཐ་མར་སྙིང་ཤག་གཡས་པ(右心)ཉམས་པའི་སྙིང་ནད་ཅིག་ཡིན། ནད་པ་འདིའི་རིགས་ལ། དལ་གཤིས་རང་བཞིན་གྱི་གློ་ཡུའི་ཡན་ལག་གི་ཚ་ནད་དང་ཐོགས་འགགས་རང་བཞིན་གྱི་གློ་བ་དབུགས་སྐྲངས་སོགས་བྱུང་བའི་ལོ་རྒྱུས་ཡོད།

ནད་རྟགས།

དལ་གཤིས་རང་བཞིན་གྱི་གློ་ལུ་དང་ལུད་པ་ལུ་བ། འཚང་ཞིང་བརྒྱངས་པ་ཡིན། ནད་པའི་གསུས་སྟོད་སྦོས་ཤིང་ན་བ་དང་ཟས་ཀྱི་དང་ག་ཞན་པ། གཅིན་པ་ཉུང་བའི་རྟགས་རིམ་བཞིན་འབྱུང་བ་ཡིན། རྩེ་ཆུང་བརྒྱངས་པ་དང་། རྐང་སྨད་སྐྲངས་པ་ཡིན། ནད་པ་ཁ་ཤས་ཀྱི་སྙིང་འགྲོས་མི་སྙོམས་པ་དང་།  རྩའི་འཕར་ཚུལ་མི་ཚང་བ་ཡིན།

སྔོན་འགོག

1 ཧུར་བརྩོན་སྒོས་དུ་ཆང་མི་བསྟེན་པ་དང་།

2 དབུགས་ལམ་རེད་པ་དང་། གནོད་ཅན་གྱི་མཁའ་དབུགས་སོགས་ནད་ཀྱི་སློང་རྐྱེན་ཅི་ནུས་ཀྱིས་སྤང་བ།

3 གྲང་ངར་འཛེམ་ཏེ་ལུས་དྲོད་སྲུང་བ་དང་། ལུས་ཕུང་སྦྱོང་བརྡར་གང་འཚམ་བྱ་དགོས། 

གསོ་ཐབས།

1 ངལ་གསོ་བ་དང་། བཟའ་བཏུང་དྭངས་ཤིང་སླ་ལ་འཚོ་བཅུད་བཟང་བའི་རིགས་བསྟེན་རྒྱུ།

2 ཆ་རྐྱེན་བཟང་བ་རྣམས་ཀྱིས་ཁྱིམ་ནས་དབྱང་དབུགས་རྔུབ་ན་ཆོག་པ་དང་། སྤྱིར་བཏང་དབྱང་དབུགས་ཉུང་ངུ་རྔུབ་དགོས།

3 སྲིན་འགོག་རྒྱུ་ཁོང་སྨན་དུ་བསྟེན་ཆོག དཔེར་ན། ཉིན་རེར་སི་ལུ་ཞེན(西力欣)ལེབ་མོ་གཉིས་རེ་ཐེངས3བསྟེན་རྒྱུ།

4 རྐང་སྨད་སྐྲངས་པ་དང་གཅིན་སྲི་བའི་ནད་པར་གཅིན་འབེབ་སྨན་སྟེར་དགོས། གཅིན་རིམ་གྱིས་ཕབ་སྟེ་གློག་འབྱེད་རྫས(电解质)མི་འཁྲུགས་པར་དོགས་ཟོན་བྱེད་དགོས། དཔེར་ན། ཧྲང་ཆེན་ཁུ་ནོ་སད(双氢克尿塞)ཧའོ་ཁེ25ཉིན་གཅིག་ལ་ཐེངས1—3བར་དང་། ཨེམ་པེན་ཐེར་ཏེན(氨奔蝶啶)ཧའོ་ཁེ50ཉིན་གཅིག་ལ་ཐེངས1—3བར་བསྟེན་རྒྱུ།

5 ནད་པའི་སྙིང་ཕྱོད་མགྱོགས་པ་དང་སེམས་ལ་དངངས་སྐྲག་སྐྱེས་པའི་སྐབས་སྙིང་རྒྱས་སྨན(强心剂)ཉུང་ངུ་རེ་བསྟན་ཆོག དཔེར་ན། དི་གོ་ཞིན(地高辛)ཧའོ་ཁེ0.125(ལེབ་མོ་ཕྱེད་ཀ)ཉིན་གཅིག་ལ་ཐེངས་གཅིག་བསྟེན་རྒྱུ།

6 སྙིང་གི་འགན་ཁུར་ཇེ་ཡང་དུ་གཏོད་ཆེད། ཁད་པོའི་ཐོན(开搏通)ཧའོ་ཁེ6.25—12.5ཉིན་གཅིག་ལ་ཐེངས3རེ་དང་། ཧུ་ཞེན་ཧྲང(合心爽)ཧའོ་ཁེ30ཉིན་གཅིག་ལ་ཐེངས3རེ་བསྟེན་ན་ཆོག

7 ནད་གཞིའི་རྨང་གཞི་ནི་དལ་གཤིས་རང་བཞིན་གྱི་གློ་ཡུའི་ཡན་ལག་གི་ཚ་ནད་དང་ཐོགས་འགགས་རང་བཞིན་གྱི་གློ་བ་དབུགས་སྐྲངས། གློ་ཡུའི་ཡན་ལག་ཧར་འཚང་གི་ནད་ཡིན་ན་དེ་བསྟུན་གྱི་གསོ་ཐབས་བསྟེན་དགོས། དཔེར་ན། ཨེམ་ཇ་བུལ་ལེབ་མོ་འཐུང་བ་དང་ཨད་ཆན་ལུ་རྔུབ་ན་ཡང་ཆོག  འོན་ཀྱང་འཚང་བདེ་སྙོམས(万托林气雾剂)དང་འཚང་མྱུར་བདེ(博利康尼)གཉིས་གང་ནུས་ཀྱིས་ཉུང་ཙམ་བསྟེན་ཏེ་སྙིང་ཕྱོད་མངོན་སུམ་དུ་ཇེ་མགྱོགས་སུ་འགྲོ་བར་དོགས་ཟོན་བྱེད་དགོས། 

8 ནད་པའི་དབུགས་ཐུང་བ་དང་། སྐྲངས་པ་ཇེ་ཐུ་རུ་སོང་བ་དང་། མཚན་མོར་བདེ་བར་ཉལ་ཏེ་ངལ་གསོ་བྱེད་མི་ཐུབ་ན། སྨན་ཁང་དུ་བསྐྱལ་ནས་མུ་མཐུད་གསོ་བཅོས་བྱེད་དགོས། 

9 བོད་ལུགས་གསོ་རིག་ལྟར་ན། ཁོང་སྨན་དུ་ཙན་དན་བཅོ་བརྒྱད་དང་ཏང་ཀུན་བརྒྱད་པ་ལྟ་བུ་སྲོ་ལོ་དམར་པོའི་ཐང་གིས་རྟ་བྱས་ཏེ་ཡུན་བསྲིངས་ནས་གཏོང་རྒྱུ་དང་། དེ་མིན་ད་ལིས་བཅུ་དྲུག་དང་། མན་ངག་བསིལ་སྦྱོར། རྒ་ལོ་སྨན་དམར། དམར་པོ་གསུམ་ཐང་། ཨ་གར་བཅོ་ལྔ། སྤང་རྒྱན་བཅོ་ལྔ། ཝ་གློ་ཉེར་ལྔ། ཟླ་ཤེལ་ཆེན་མོ་སོགས་རྒྱུན་སྤྱོད་སྨན་སྦྱོར་རྣམས་གང་འཚམ་ལྟར་བསྟེན་དགོས།


མཉམ་སྤྱོད།
Loading...