དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁ་ཧྥེ་བཏུངས་ན་གཟུགས་པོའི་བདེ་ཐང་ལ་ཕན་ཐོགས་ཡོད་སྐད།

2025-01-13 11:41:33   |   774

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


སྐུ་ཉིད་ནམ་རྒྱུན་ཁ་ཧྥེ་མཆོད་རྒྱུར་མཉེས་པོ་ཡོད་དམ། དེང་སང་འཚོ་བའི་ནང་མི་མང་པོ་ཞིག་གིས་ཁ་ཧྥེ་ནི་སྙིང་སྟོབས་སྐྱེད་བྱེད་དང་། ལུས་ཀྱི་ངལ་དུབ་སེལ་བའི་འཐུང་བྱ་མཆོག་གྱུར་ཞིག་ལ་རྩིས་ནས་ཉིན་ལྟར་ཁ་ཧྥེ་ཕོར་པ2ནས3བར་འཐུང་གི་ཡོད། དེའི་གོང་དུ་ཞིབ་འཇུག་མང་པོ་ཞིག་ལས་ཀྱང་ར་སྤྲོད་བྱུང་བར། ཁ་ཧྥེ་བཏུང་ན་ལུས་པོའི་བདེ་ཐང་ལ་ཕན་ཐོགས་ངེས་ཅན་ཡོད་པ་བསྟན་འདུག

དེ་ཡང་། ཁ་ཧྥེ་གཏན་ནས་མི་འཐུང་བའི་མི་དང་བསྡུར་ན། ཡུན་རིང་ཁ་ཧྥེ་འཐུང་མཁན་གྱི་མིའི་གཟུགས་པོ་ལ་འགྱུར་ལྡོག་ཅི་ཡོད་ཅེ་ན། ཨ་རིའི་ཧ་ཧྥོ་སློབ་ཆེན་གྱིས་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། ཁ་ཧྥེ་ཡིས་མིའི་ལུས་པོའི་ནང་གི་རྒྱུ་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

图片1.jpg

རྒྱུན་དུ་ཁ་ཧྥེ་འཐུང་མཁན་གྱི་རྒྱུ་མའི་སྲིན་ཚོགས་འགྱུར་ལྡོག་ཆེ།

ཧ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས《རང་བྱུང་། སྐྱེ་དངོས་ཕྲ་མོའི་རིག་པ》ཞེས་པའི་དུས་དེབ་ཐོག་སྤེལ་བའི་མི་ཁྲི་ཁ་ཤས་ལ་ཞིབ་འཇུག་བྱས་པའི་མཇུག་འབྲས་ལས་ཤེས་རྟོགས་བྱུང་བར། ཁ་ཧྥེ་འཐུང་ཚད་དང་མིའི་རིགས་ཀྱི་རྒྱུ་མའི་སྲིན་ཚོགས་དབར་འབྲེལ་བ་དམ་ཟབ་ཡོད་ཅིང་། རྒྱུན་དུ་ཁ་ཧྥེ་བཏུང་ན་རྒྱུ་མའི་སྲིན་ཚོགས་ལ་འགྱུར་ལྡོག་འགྲོ་ཡི་ཡོད་པ་དཔེར་ན། ཁ་ཧྥེ་ཧ་ཅང་ཉུང་ཉུང་ལས་མི་འཐུང་མཁན(ཟླ་རེར་ཁ་ཧྥེ་འཐུང་ཚད་ཕོར་པ་གསུམ་ཡང་མ་ཟིན་པ)དང་བསྡུར་ན། ཉིན་རེར་ཁ་ཧྥེ་ཕོར་པ་གསུམ་འཐུང་བའི་མིའི་རྒྱུ་མའི་ནང་གི་ཕན་ཡོད་སྲིན་གྱི་ཆུ་ཚད་ལྡབ4.5-8ལས་མཐོ་བ་ཡོད་པ་དང་། ཁ་ཧྥེ་འོས་འཚམ་འཐུང་མཁན་གྱི་རྒྱུ་མའི་ནང་གི་ཕན་ཡོད་སྲིན་གྱི་ཆུ་ཚད་ལྡབ3.4-6.4ལས་མཐོ་བ་ཡོད་པ་མ་ཟད། ཁྱད་པར་དེ་རིགས་འཛམ་གླིང་ཡོངས་ཀྱི་མི་ཚོགས་ཚང་མ་གཅིག་མཚུངས་ཡིན་པ་རེད།

图片2.jpg

ཡུན་རིང་ཁ་ཧྥེ་འཐུང་མཁན་དང་ཁ་ཧྥེ་གཏན་ནས་མི་འཐུང་མཁན་དབར་ཕྱོགས་གསུམ་ཐད་ཀྱི་ཧེ་བག་ཡོད།

1 རྒྱུ་མའི་སྲིན་ཚོགས་ལ་ཁྱད་པར་ཡོད།

གོང་དུ་གླེང་བ་བཞིན་ཁ་ཧྥེ་མི་འཐུང་མཁན་ཞིག་དང་བསྡུར་ན་རྒྱུན་དུ་ཁ་ཧྥེ་འཐུང་བའི་མིའི་རྒྱུ་མའི་ནང་གི་ཕན་ཡོད་སྲིན་གྱི་ཆུ་ཚད་ཧ་ཅང་མཐོ་བ་ཡོད། རྒྱུ་མའི་ནང་གི་ཕན་ཡོད་སྲིན་གྱིས་རྒྱུ་མར་ཏིང་སྐྱུར་སྐྱེ་བར་རོགས་རམ་བྱེད་ཐུབ་ལ། རྒྱུ་མའི་འགོག་སྲུང་བྱེད་ནུས་རྒྱུན་འཁྱོངས་བྱེད་པར་ཕན་པ་དང་། རྒྱུ་མའི་གཉན་ཚད་དང་རྒྱུ་སྐྲན་སྔོན་འགོག་བྱེད་པར་རོགས་རམ་བྱེད་ཐུབ།

2 ངོ་གདོང་གི་པགས་པ་རྒས་པའི་ཉེན་ཁ་ཆུང་བ་ཡོད།

སྤྱི་ལོ2024ལོར་པེ་ཅིང་ཞེ་ཧོ་གསོ་རིག་སློབ་གླིང་གི་ཞིབ་འཇུག་མི་སྣས《པགས་ནད་མཛེས་བཟོ་རིག་པའི་དུས་དེབ》ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱུན་དུ་ཁ་ཧྥེ་འཐུང་མཁན་གྱི་མིའི་ངོ་གདོང་གི་པགས་པ་རྒས་པའི་ཉེན་ཁ15%ཡིས་ཆུང་བ་ཡོད་པ་དང་། ཁ་ཧྥེ་བཏུང་ན་ལུས་པོའི་པགས་པ་རྒས་འགྲོ་བ་སྔོན་འགོག་ཐུབ་ལ། མདོག་རྒྱུའི་ཁྲ་ཐིག་ཀྱང་ཇེ་ཉུང་དུ་གཏོང་ཐུབ།

3 སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆུང་བ་ཡོད།

སྤྱི་ལོ2022ལོའི《ཡོ་རོབ་སྙིང་ནད་སྔོན་འགོག་རིག་པའི་དུས་དེབ》ཐོག་འཁོད་པའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་རེར་ཁ་ཧྥེ་ཕོར་པ་ཕྱེད་ཀ་ནས3བར་བཏུང་ཚེ། འཆི་ཚད12%ཆག་པ་དང་སྙིང་ཁམས་ཁྲག་རྩའི་ནད་ཀྱི་རྐྱེན་པས་འཆི་ཚད17%མར་ཆག་སྲིད།

图片3.jpg

བདེ་ཐང་ངང་ཁ་ཧྥེ་འཐུང་བར་དོན་ཚན5པོ་འདི་དག་ཡིད་ལ་ཟུང་།

1 ཁ་ཧྥེ་ཚ་དྲགས་པ་འཐུང་མི་རུང་།

ཁ་ཧྥེ་ཙམ་མ་ཟད། དེ་མིན་བཏུང་བྱ་ཚ་པོ་གཞན་གང་ཡིན་རུང་ཧ་ཅང་ཚ་དྲགས་པ་འཐུང་མི་རུང་བ་སྟེ། སྤྱི་ལོ2016ལོར་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་སྒྲིག་གཞིས་ཁ་ཧྥེ་སོགས་ཧ་ཅང་ཚ་དྲགས་པའི་བཏུང་བྱས་སྐྲན་ནད་སློང་བའི་རང་བཞིན་ལ་དཔྱད་དཔོག་བྱས་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་ལྟར་ན། དྲོད་ཚད65℃ལས་བརྒལ་བ་སོགས་ཚ་དྲགས་པའི་བཏུང་བྱ་ཚང་མ་སྐྲན་ནད་སློང་བའི་རིགས2Aནང་བཅུག་ཡོད།

2 ཉིན་རེར་རབ་བྱུང་ན་ཁ་ཧྥེ་ཕོར་པ་ལྔ་ལས་བརྒལ་བ་འཐུང་མི་རུང་།

སྤྱི་ལོ2018ལོར་ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འཚོ་བཅུད་དང་བདེ་ཐང་ཁང་སོགས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི《ཁ་ཧྥེ་དང་བདེ་ཐང་ལྡན་པའི་འབྲེལ་ཡོད་ཚན་རིག་གི་ཐུན་མོང་ངོས་འཛིན》ཞེས་པའི་ནང་། གཟུགས་གཞི་བདེ་ཐང་ཡིན་པའི་མི་དར་མ་ཞིག་ལ་ཆ་མཚོན་ན། ཉིན་རེར་ཤོང་ཚད་ཧོ་ཁེ210ནས400བར་ཟིན་པའི་ཁ་ཧྥེ་ཕོར་པ3ནས5བར་བཏུང་ན་འཚམ་ཤོས་ཡིན་པའི་གྲོས་མགོ་བཏོན་ཡོད།

图片4.jpg

3 དུས་ཚོད་ཕྱི་པོར་ཁ་ཧྥེ་འཐུང་མི་རུང་།

ཁ་ཧྥེ་འཐུང་བའི་དུས་ཚོད་ཡག་ཤོས་ནི་ཞོགས་ཟས་དང་དགུང་ཟས་ཀྱི་རྗེས་སུ་ཡིན་ཞིང་། དེས་ལུས་པོའི་བརྗེ་ཚབ་ལ་སྐུལ་འདེད་དང་ཟས་འཇུ་བར་རོགས་རམ་བྱེད་ཐུབ། གལ་ཏེ་ཕྱི་དྲོའམ་དགོང་མོར་ཁ་ཧྥེ་བཏུང་ན། མཚན་མོའི་གཉིད་ཐེབས་བཅག་སྲིད།

4 ཕོ་བ་ཡག་པོ་མེད་པ་ཚོས་ཕོ་བ་སྟོང་པར་ཁ་ཧྥེ་འཐུང་མི་རུང་།

ཕོ་བ་ཡག་པོ་མེད་པ་དང་། ལྷག་པར་དུ་དལ་བའི་རང་བཞིན་གྱི་ཕོ་བའི་ནད་དང་ཕོ་བའི་ཟས་ལམ་ལྡོག་རྒྱུག་སོགས་རྨང་གཞིའི་ནད་རིགས་ཕོག་པའི་མི་ཚོགས་ཀྱིས་ཡག་ཤོས་བྱུང་ན་ཕོ་བ་སྟོང་པར་ཁ་ཧྥེ་འཐུང་མི་རུང་བ་ཡིན།

5 ཁ་ཧྥེ་མ་གོམས་ན་ཨུ་ཚུགས་ཀྱིས་འཐུང་མི་རུང་།

མི་རེ་རེའི་ལུས་ཕུང་གི་གནས་ཚུལ་དང་འཚོ་བའི་གོམས་གཤིས་མི་འདྲ་བས། མི་འགའ་ཤས་ཁ་ཧྥེ་འཐུང་རྒྱུར་དགའ་པོ་རྩ་བ་ནས་མེད་ལ། ཡང་འགའ་ཤས་ཁ་ཧྥེ་བཏུང་ན་གཅིན་པ་ཡང་སེ་བྲོ་བ་དང་། སེམས་ལ་འཚབ་ཤ་ལངས་པ། ཕོ་བ་མི་བདེ་བ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། གལ་སྲིད་ཁ་ཧྥེ་འཐུང་རྒྱུར་མ་གོམས་ན་ཨ་ན་ཨུ་ཚུགས་ཀྱིས་ཁ་ཧྥེ་འཐུང་རྒྱུ་མེད་ཅིང་།  བདེ་ཐང་ཅན་གྱི་འཚོ་བའི་རྣམ་པ་གཞན་དག་ལ་རོལ་ནས་གཟུགས་པོར་ཕན་པ་ཐོབ་ཐབས་བྱེད་དགོས་སོ།


མཉམ་སྤྱོད།