དེ་རིང་ནི2025ལོའི་ཟླ05པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་འབྱུང་རང་བཞིན་གྱི་དབུགས་བྲང་།

2025-01-15 09:11:46   |   776

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

ཕྱིའི་རྨས་སྐྱོན་སོགས་མ་བྱུང་བར་བྲང་སྐྱིའི་ཕྱི་ངོས་རང་བཞིན་གྱིས་སྲུབས་ཕྱེས་པའི་རྐྱེན་གྱིས། མཁའ་དབུགས་བྲང་སྐྱིའི་ཁོག་ཏུ་སོང་བ་ལ་རང་འབྱུང་རང་བཞིན་གྱི་དབུགས་བྲང(自发性气胸)ཞེས་ཟེར། སྐབས་དེར་བྲང་ཁོག་ནང་གི་གནོན་ཤུགས་ཆེ་རུ་རྒྱས་པ་དང་། ལྷག་པར་དུ་ལྡོག་གནོན་དངོས་གནོན་དུ་འགྱུར་ཏེ། གློ་བ་བཅར་བ་དང་། སྡོད་རྩ་ནས་སྙིང་དུ་བཞུར་བའི་ཁྲག་ཚད་གེགས་ཐེབས་ནས། ཚད་མི་འདྲ་བའི་གློ་བ་དང་སྙིང་གི་ནུས་པར་བར་ཆད་འབྱུང་བ་ཡིན། སྤྱིར་བཏང་དུ་དེ་ལ་རིགས་གསུམ་ཡོད་དེ། ཟུམ་གཤིས་དབུགས་བྲང་། རྐྱོང་ཤུགས་རང་བཞིན་གྱི་དབུགས་བྲང་། སྣོལ་འགྲིམ་རང་བཞིན་གྱི་དབུགས་བྲང་བཅས་ཡོད།

གལ་ཏེ་གློ་བུར་དུ་བྲང་གི་གཞོགས་གཅིག་ན་བ་དང་། དེ་དང་མཉམ་དུ་གློ་ལུ་བ་དང་། དབུགས་ཀྱི་འབྱིན་རྔུབ་དཀའ་བའི་སྐབས་སུ། རང་འབྱུང་རང་བཞིན་གྱི་དབུགས་བྲང་བྱུང་མིན་ལ་དོགས་ཟོན་བྱེད་དགོས།

1 ནད་པ་ཕལ་ཆེར་དེ་སྔོན་གློ་གཅོང་གི་ནད་དང། དལ་གཤིས་རང་བཞིན་གྱི་གློ་ནད། གློ་འབྲས། གློ་བའི་རྣག་སྐྲངས་སོགས་བྱུང་བའི་ལོ་རྒྱུས་ཡོད།

2 རྒྱུན་པར་དངོས་པོ་ལྗིད་མོ་འདེགས་པ་དང་། དབུགས་སྡོམ་པ། འགུལ་སྐྱོད་དྲག་པོ་བྱེད་པ་སོགས་ཀྱིས་སློང་བ་ཡིན།

ནད་རྟགས།

1 ཟུམ་གཤིས་དབུགས་བྲང་ཉུང་ཤས་ལ་སྔོན་དུ་དབུགས་འཚུབ་པ་དང་། དུས་ཚོད་འགའི་རྗེས་སུ་རིམ་བཞིན་བདེ་རུ་འབབ་པ་ཡིན།

2 རྐྱོང་ཤུགས་རང་བཞིན་གྱི་དབུགས་བྲང་ནི། བྲང་ཁོག་ནང་གི་གནོན་ཤུགས་གློ་བུར་དུ་ཡར་རྒྱས་པ་དང་། གློ་བ་བཅར་བ་དང་བྲང་ཆོད་བསྣུར་འགུལ་བྱུང་སྟེ། དབུགས་ཀྱི་འབྱིན་རྔུབ་ཤིན་ཏུ་དཀའ་བ་དང་། རྒྱུན་པར་ནད་པའི་རྣམ་འགྱུར་འཚུབ་པ་དང་། དབུགས་སུབ་པ། འཕག་འཚག་དང་བཙོག་ལངས་བྱེད་པ། བདེ་བར་སྡོད་མི་ཚུགས་པ། གདོང་མདོག་སྨུག་སྐྱར་འགྱུར་བ། ཐ་ན་ཟུངས་ཟད་པ་ཡིན། 

གསོ་ཐབས། 

1 ཟུམ་གཤིས་དབུགས་བྲང་ཉུང་ཤས་ནི་རང་ཤུགས་ཀྱིས་འབྱིན་སྡུད་བྱེད་ཐུབ། སྐྲག་མི་དགོས། མྱུར་དུ་ནད་པ་ཙོག་མ་ཉལ་གྱིས་ངལ་གསོ་བ་དང་། ལུས་སེམས་ལྷོད་དུ་འབབ་དགོས།

2 གློ་བ་དྲག་ཏུ་ལུ་ན། ཁོ་དེ་དབྱིན(可待因)ལེབ་མོ1(0.03)བསྟེན་ཏེ་གསོ་བཅོས་བྱེད་དགོས།

3 ནད་པའི་ནད་རྟགས་མུ་མཐུད་དུ་མི་ཞི་བའམ། ཡང་ན་དབུགས་ཀྱི་འབྱིན་རྔུབ་དཀའ་བ་དང་ཟུངས་ཟད་པ་སོགས་ཀྱི་མངོན་ཚུལ་ཡོད་ན། རྐྱོང་ཤུགས་རང་བཞིན་གྱི(张力性)དབུགས་བྲང་ངམ་ཡང་ན་སྣོལ་འགྲིམ་རང་བཞིན་གྱི(交通性)དབུགས་བྲང་ཡོད་མིན་ལ་དོགས་པ་ཟ་འོས་པ་དང་། མྱུར་ཞིང་གཏན་བདེའི་ངང་ནས་ནད་པ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དགོས།


མཉམ་སྤྱོད།
Loading...