དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཆིན་པ་སྲ་འགྱུར།

2025-01-16 11:08:32   |   708

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

མཆིན་པ་སྲ་འགྱུར་གྱི་ནད(肝硬化)ནི་ནད་ཐོག་ཏུ་མཐོང་རྒྱུ་མང་བའི་དལ་གཤིས་རང་བཞིན་གྱི་མཆིན་ནད་ཅིག་ཡིན་ལ། ནད་དེ་ལ་རྒྱུ་རྐྱེན་ཤིན་ཏུ་མང་སྟེ། ནད་དུག་རང་བཞིན་གྱི་མཆིན་པ་འགྱུར(病毒性肝炎肝硬化)དང་ཆང་བཅུད་རང་བཞིན་གྱི་མཆིན་པ་སྲ་འགྱུར།(酒精性肝硬化)འཕོ་ལེན་རང་བཞིན་གྱི་མཆིན་པ་སྲ་འགྱུར།(代谢性肝硬化)མཁྲིས་ཁུ་བསགས་འཁྱིལ་རང་བཞིན་གྱི་མཆིན་པ་སྲ་འགྱུར།(胆汁淤积性肝硬化)མཆིན་པའི་སྡོད་རྩའི་ཁྲག་ཕྱིར་ལྡོག་འགོག་རྐྱེན་ཐེབས་པ་ལས་བྱུང་བའི་མཆིན་པ་སྲ་འགྱུར།(肝静脉回流受阻性肝硬化)རང་ལུས་ཀྱི་རིམས་རྩི་རང་བཞིན་གྱི་མཆིན་པ་སྲ་འགྱུར།(自身免疫性肝硬化)དུག་རྫས་དང་སྨན་རྫས་རང་བཞིན་གྱི་མཆིན་པ་སྲ་འགྱུར།(毒物和药物性肝硬化)འཚོ་བཅུད་མ་འདང་བ་ལས་བསྐྱེད་པའི་མཆིན་པ་སྲ་འགྱུར། (营养不良性肝硬化)རྒྱུ་རྐྱེན་མི་གསལ་བའི་མཆིན་པ་སྲ་འགྱུར(隐源性肝硬化)སོགས་མང་པོ་ཡོད། གང་ཡང་ཐོག་མར་མཆིན་པ་ཆེར་སྐྲངས་ནས་རིམ་བཞིན་ཁམས་སྲ་ཞིང་ཆུང་དུ་ཕྱིན་ཐོག མཐར་མཆིན་པའི་ནུས་པ་ཤོར་ཏེ་ཁོག་ཆུ་བསགས་པ་དང་དྲན་པ་ཐོར་བ་སོགས་བྱེད་པ་ཡིན།

ནད་རྟགས།

མཆིན་པའི་གནས་སུ་མི་བེད་བ་དང་། ཁོག་པ་སྦོས་རྒྱངས་བྱེད་པ། ཟས་འཇུ་དཀའ་བ། ཟས་སྐོམ་སྣུམ་བཅུད་རིགས་ལ་ཞེན་ཁ་ལོག་པ། ལུས་ཤེད་ཉམས་པ་དང་སྒྱིད་ལུག་པ། གདོང་དང་བྲང་ཁོག་སོགས་ལ་དམར་ཐིག་ཆུང་ངུ་དོན་པ་སོགས་ནས་རིམ་བཞིན་མིག་སྤྲིན་དང་གདོང་མདོག་སྐྱ་སེར་ཆགས་པ།  གསུས་འདབས་ཀྱི་རྩ་རིས་འཁྱོགས་སྦོས་ཆགས་པ། རྐང་བོལ་སྐྲངས་པ། སོ་རྙིལ་སྐྲངས་ནས་ཁྲག་འཛིར་བ། སྣ་ཁྲག་ཤོར་བ། པགས་པའི་ལྡེམ་ཤུགས་ཉམས་པ། ལུས་ཁམས་ཀྱི་པགས་ངོས་སུ་སྨུག་ཐིག་དོན་པ། མཐར་མཆིན་པའི་ནུས་པ་ཤོར་ནས་དྲན་པ་འཐོར་བ། འཕར་རྩའི་རྒྱུ་བ་ཕྲ་ལ་ཞན་པ་སོགས་ཀྱི་མངོན་ཚུལ་འབྱུང་།

སྔོན་འགོག

1 ཉ་ཤ་དང་བྱ་ཤ འོ་མའི་རིགས་སོགས་འཚོ་བཅུད་ཕུན་སུམ་ཚོགས་པའི་བཟའ་བཏུང་རིགས་བསྟེན་དགོས།

2 བཟའ་བཏུང་གི་ཁྲོད་དུ་ཚ་ནུས་འདང་ཚོད་ཅིག་ཡོད་དགོས། བཟའ་བཏུང་ཁྲོད་ཀྱི་ཧྭགས་རིགས་ཀྱིས་ཉིན་རེའི་སྤྱིའི་ཚ་ནུས་ཀྱི་བརྒྱ་ཆའི་བདུན་ཅུ(ཕལ་ཆེར་ཁེ400)ཟིན་ཡོད་ལ། འབྲས་དང་ཕྱེ་གཙོ་བོ་བྱས་ཏེ་ཚིལ་བུ་མང་པོ་སྟེར་མི་རུང་བ་སྟེ་ཉིན་རེར་ཁེ20ལས་བརྒལ་མི་རུང་།

3 གཙོ་བོ་སྔོ་ཚོད་གསར་བ་དང་སིལ་ཏོག་བསྟེན་ན་ལེགས།

4 ཚྭ་ཟ་བར་ཚོད་འཛིན་དགོས། གསུས་ཆུ་གསོག་པ་ཚབས་ཆེན་ཡིན་མཁན་གྱིས་ཉིན་རེར་ཚྭ་ཟ་ཚད་ཁེ2གཉིས་ལས་བརྒལ་མི་རུང་། གལ་ཏེ་ཁྲག་གི་ནང་ནཱ(钠)ཉུང་བའི་ནད(低血钠症)མངོན་གསལ་མིན་ན། ཆུའི་འཐུང་ཚད་ལ་ཚོད་འཛིན་བྱེད་དགོས་དོན་མེད།

5 སྣུམ་བཙོས་དང་མཁྲེགས་པོ། ཁ་ཚ་བའི་རིགས་སོགས་མི་ཟ་བ་དང་རྒྱས་བཟའ་རྒྱས་འཐུང་མི་བྱེད་པ། སྙི་མོ་དང་འཇུ་སླ་བའི་རིགས་ཟ་དགོས་པར་མ་ཟད། ཟས་བོངས་ཉུང་ངུ་ཐུན་མང་དུ་བསྟེན་པ་དང་། གྱོང་པོ་དང་སྲ་མོ་རྩུབ་མོའི་རིགས་ཞིབ་ཏུ་གཏུབ་པའམ་བལྡད་དེ་མིད་པ་ལས་བཙན་གྱིས་མིད་ན་ཁྲག་རྡོལ་བ་དང་ནད་གཞི་ཇེ་ལྗིད་དུ་འགྲོ་བའི་ཉེན་ཁ་ཡོད།

6 ཆང་གཅོད་དགོས།

གསོ་བཅོས། 

1 མཆིན་པ་སྲ་འགྱུར་གྱི་ཐོག་མའི་དུས་སུ། ནད་པའི་ཟས་སྐོམ་བསྟེན་ཚུལ་དལ་སྐྱེ་མཆིན་ཚད་དང་ཁྱད་པར་ཆེན་པོ་མེད། གལ་ཏེ་མཐའ་མའི་དུས་སུ་སླེབས་ཏེ་སྡོང་ཟླའི་ནད་ཁ་ཤས་བྱུང་ན། ཟས་སྐོམ་མི་འདྲ་བ་སོ་སོར་བསྟེན་དགོས། དཔེར་ན། མཆིན་པའི་ནད་ཀྱི་སྡོང་ཟླ་རུ་འཇུ་ལམ་ཁྲག་རྡོལ(消化道出血)གྱི་ནད་འབྱུང་སླ་བས། མཆིན་པ་སྲ་འགྱུར་མཐའ་མའི་དུས་སུ་ཟས་སྐོམ་ལ་གྱོང་པོ་དང་སྐྱུར་བོ། ཚ་མོ། ཕོག་ཐུག་ཅན་སྤང་སྟེ།འཇུ་ལམ་དུ་ཁྲག་རྡོལ་བར་སྔོན་འགོག་བྱེད་དགོས། དལ་སྐྱེ་མཆིན་ཚད་དང་མཆིན་པ་སྲ་འགྱུར་གྱི་ནད་ལ། ཉ་ཤ་དང་ཕག་ཤ ནོར་ལུག་གི་ཤ་སྣག རི་བོང་གི་ཤ བྱ་ཤ། ངང་ཤ  སྒོ་ང་། སྲན་བཤོས(豆制品)སོགས་སྤྲུ་དཀར་རྫས་མཐོ་བའི་ཟས་རིགས་བསྟེན་དགོས། ཟས་གང་ལ་ཡང་ངེས་པར་དུ་ཚྭ་ཉུང་དགོས། མཆིན་པ་སྲ་འགྱུར་མཐའ་མའི་དུས་སུ་ལུས་པོ་སྐྲངས་པ་ནི། ལུས་ལ་སྤྲ་དཀར་རྫས་ཉུང་བའི་རྐྱེན་ཡིན་ལ། ཡང་ན་ཚྭ་ཡི་འཕོ་ལེན་འཁྲུགས་པའི་སྐྱོན་ཡང་ཡིན། མཆིན་པ་སྲ་འགྱུར་མཐའ་མའི་དུས་སུ་ལུས་དང་གསུས་པར་ཆུ་བསགས་པ་ལ་ཆུ་དང་ཚྭ་ཚོད་འཛིན་དགོས་པ་དང་། ཚྭ་བསྙལ་གྱི་ཟས་རིགས་མི་འཕྲོད་པས་སྤང་དགོས།

2 བོད་ལུགས་གསོ་རིག་ལྟར་ན། སྨན་དུ་སེ་འབྲུ་དྭངས་གནས་དང་གུར་ཀུམ་བཅུ་གསུམ། གུར་ཀུམ་མཆོག་བདུན། བདུད་རྩི་བཅུ་གཅིག ཨ་གར་བརྒྱད་པ། རིན་ཆེན་མང་སྦྱོར། རིན་ཆེན་གྲང་སྦྱོར། གླང་མེ་བཅོ་བརྒྱད། ཨུཏྤལ་ཉེར་ལྔ། མན་ངག་བསིལ་སྦྱོར། བཙོ་ཟླ་སོགས་རྒྱུན་སྤྱོད་སྨན་སྦྱོར་སྤྱི་དང་། དེ་བཞིན་སེ་འབྲུ་གཉིས་ཐང་། ཨ་རུ་གསུམ་པའི་སྨན་མར། ཡང་ན་སེ་འབྲུ་དྭངས་གནས་སྟེང་བཙོ་ཐལ་བོངས་ཆེར་བསྣན་པ་དང་། གུར་ཀུམ་བཅུ་གསུམ་སྟེང་བསེ་རུ་དང་ཤ་སྐམ། གི་ཝང་གསུམ་འཕར་མ་བསྣན་པ་སོགས་ནད་རྟགས་དང་ལུས་ཁམས། ན་ཚོད་བཅས་དང་བསྟུན་ནས་གང་ལ་དེ་འཚམ་གྱིས་བེད་སྤྱོད་དགོས།


མཉམ་སྤྱོད།