དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུ་སིམ་ཧད་ཀྱིས་དཀྲོཊ་མཁན་གཉིད་ཀྱི་སྔུར་སྒྲ་སེལ་ཐབས།

2025-02-19 11:10:50   |   1280

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ནམ་རྒྱུན་འཚོ་བའི་ཁྲོད། མི་མང་པོ་ཞིག་གི་གཉིད་ཁུག་པའི་སྔུར་སྒྲས་རང་གཞན་གཉིས་ཀའི་གཉིད་ཀྱི་ཞི་བདེ་འཕྲོག་ནས་དཀའ་ཁག་ཆེན་པོ་བཟོ་བཞིན་ཡོད། དེ་ནི་རང་བཞིན་གྱི་སྣང་ཚུལ་ཞིག་སྟེ་རྐང་བཙུགས་ནས་བྱས་པ་ཞིག་མིན་པས་ལམ་སེང་སྣབས་རྟུག་བཞིན་དོར་བ་ཤིན་ཏུ་དཀའ། ལུས་ཤ་རྒྱགས་པ་ནི་སྔུར་སྒྲ་འབྱུང་བའི་རྒྱུན་མཐོང་གི་རྒྱུ་རྐྱེན་ཡིན་པས། ལུས་པོའི་ལྗིད་ཚད་དམའ་རུ་གཏོང་བ་ནི་སྔུར་སྒྲ་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དེ་ལས་གཞན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་གཉིད་ཉལ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱེད་པ་དང་། སྔུར་སྒྲ་འགོག་པའི་སྦྱོང་བརྡར་བྱེད་པ། དེ་བཞིན་དུ་སྔུར་སྒྲ་འགོག་པའི་ཐབས་ཤེས་ཆུང་ཆུང་འདྲ་བེད་སྤྱོད་བྱས་ན། སྔུར་སྒྲ་རྒྱག་པའི་ནད་རྟགས་ཇེ་ཆུང་དུ་གཏོང་ཐུབ་པ་མ་ཟད། ཐ་ན་སྔུར་སྒྲ་རྒྱག་མཚམས་ཆད་ཀྱང་སྲིད་པས། གཤམ་ལ་དེའི་སྐོར་གྱི་བདེ་ཐང་ཤེས་བྱར་རྒྱུས་ལོན་ཞིག་གནང་ཆོག

1.png

སྔུར་སྒྲ་མཚམས་ཆད་དགོས་ན། ང་ཚོས་སྔོན་ལ་སྔུར་སྒྲ་ནི་གང་ནས་ཡོང་མིན་ཤེས་དགོས། གཉིད་ཁུག་རྗེས། སྐེའི་ཤ་གནད་རིམ་བཞིན་ལྷོད་དུ་འགྲོ་བ་དང་དབུགས་ལམ་གོང་མ་གུ་དོག་པོར་གྱུར་ནས་མཁའ་རླུང་འདང་ངེས་ཤིག་གློ་བའི་ནང་དུ་འཛུལ་མི་ཐུབ་ཅིང་། རླུང་གཟུགས་འཁོར་རྒྱུག་ལ་བཀག་འགོག་ཐེབས་སྟབས་མིས་དབུགས་འབྱིན་རྔུབ་བྱེད་སྐབས། དབུགས་ལམ་གོང་མའི་མཐའ་འཁོར་གྱི་ཕུང་གྲུབ་ལ་འདར་འགུལ་བྱུང་སྟེ། སྔུར་སྒྲ་ཐོན་པ་ཡིན། དེ་ཡང་། དབུགས་ལམ་ཇི་ཙམ་གུ་དོག་ན། འདར་འགུལ་བྱེད་ཚད་དེ་བས་ཆེ་བས་སྔུར་སྒྲ་ཡང་དེ་ཙམ་གྱིས་ཆེ་བ་ཡོད། གཞན་ཡང་སྣ་ཁུང་ནང་གི་བར་ཆོད་ཡོ་བ་འཁྱོག་པ། སྣ་ནད་ཤ་ལུ། མ་མགལ་ཐུང་བ། ལྕེ་དང་ཡང་ན་གྲེ་བའི་ཤ་འབྱོར་བ་སོགས་ཚང་མ་ནི་སྔུར་སྒྲ་འབྱུང་བའི་རྒྱུ་རྐྱེན་འབའ་ཞིག་ཡིན།

2.png

གཅིག གཉིད་ཉལ་བའི་གོམས་གཤིས་བཟང་པོ་འཇགས་དགོས།

1 ཆོས་ཉིད་དང་མཐུན་པའི་གཉིད་ཉལ་བའི་དུས་ཚོད་འགན་སྲུང་བྱ་དགོས།

གཉིད་མ་ཉལ་བའི་གོང་ཡུན་རིང་ལས་ཀ་བྱེད་པའམ་ཡུན་རིང་གཉིད་མ་འདང་ན་གཉིད་ཉལ་སྐབས་གཟུགས་པོ་ཐང་ཆད་ནས་མིད་པའི་རྒྱབ་ཀྱི་ཤ་གནད་ལྷོད་དུ་ཕྱིན་ཏེ་སྔུར་སྒྲ་རྒྱག་པའི་ངེས་གཏན་རང་བཞིན་དེ་བས་ཆེ་བ་ཡོད། གནས་ཚུལ་དེ་རིགས་མི་ཐོན་པའི་ཆེད་དུ། ཚང་མས་དགོང་ལྟར་དུས་ཚོད་གཅིག་མཚུངས་ཀྱི་ནང་དུ་གཉིད་ཉལ་དགོས་པ་ལས། གཟུགས་པོ་ཐང་ཆད་པའི་རྣམ་པའི་འོག་གཉིད་ཉལ་རྒྱུ་མེད། མ་གཞི་མི་སོ་སོའི་གཉིད་ཀྱི་དགོས་མཁོ་མི་འདྲ་བ་ཡོད་མོད། འོན་ཀྱང་མི་དར་མས་དགོང་ལྟར་གཉིད་ཆུ་ཚོད7ནས9བར་ཁུག་དགོས་པ་གལ་ཆེ།

གཉིད་ཉལ་གྲབས་བྱེད་སྐབས། ཁང་པའི་ནང་གི་འོད་ཐིག་མུན་ནག་ཏུ་སྙོམས་སྒྲིག་བྱས་ཏེ། འོད་འགོག་ཡོལ་བ་བཀོལ་ནས་ཕྱིའི་འོད་འཕྲོ་སྔོན་འགོག་བྱེད་དགོས་པའམ་ཡང་ན་གཉིད་ཁུག་བྱེད་ཀྱི་མིག་ཁེབས་གྱོན་ནས་འོད་ཐིག་མིག་ནང་མ་འཛུལ་བ་བྱེད་དགོས།

2 གཉིད་མ་ཉལ་སྔོན་ལ་ཚོར་ཤེས་དྲག་པོ་སྣ་ཚོགས་ལས་གཡོལ་དགོས།

གཉིད་མ་ཉལ་བའི་སྔོན་ལ་བརྙན་འཕྲིན་དང་ཁ་པར་ལ་སོགས་པ་གློག་རྡུལ་སྒྲིག་ཆས་ཚང་མ་ཁ་བཀག་དགོས། དེ་ལྟར་བྱས་ན་གཉིད་ཁུག་པར་ཕན་ཐོགས་ཆེ། ཉིན་དགུང་ཟིན་རྗེས་ཀོག་ཧྥེ་དང་ཇ་གར་པོ་བཏུང་ན་དགོང་མོ་གཉིད་ཁུག་པར་གནོད་ཚབས་ཆེ་བས་དེ་དག་སྤོངས་དགོས། མཁའ་རླུང་སྐམ་ཤས་ཆེ་ན་མིད་པར་ཤུགས་རྐྱེན་ཐེབས་ནས་སྔུར་སྒྲ་ཐོན་སྲིད་པས། གཉིད་ཉལ་སྐབས་ཁང་པའི་ནང་མཁའ་རླུང་བརླན་སྣོན་ཡོ་ཆས་སྤྱད་ན་ཕན་ཐོགས་ཆེ།

3 ཉལ་ཁང་ནང་ངར་སྐྱེད་དངོས་རྫས་འཇོག་མི་རུང་།

ཐལ་རྡུལ་དང་། མེ་ཏོག་གི་རྡུལ། དེ་བཞིན་མཁའ་རླུང་ནང་གི་རྡུལ་ཕྲ་རབ་བཅས་ཚང་མ་མིའི་དབུགས་ལམ་དུ་རྔུབ་རྗེས། མིད་པར་ཤུགས་རྐྱེན་ཐེབས་ནས་དབུགས་ལམ་དོག་པར་གྱུར་ཏེ་སྔུར་སྒྲ་ཐོན་སྲིད་པས། དུས་བཀག་ལྟར་ཉལ་གདན་དང་སྔས་ཤུབས་གཙང་མ་བརྗེ་བའི་གོམས་གཤིས་ཆགས་དགོས་པ་མ་ཟད། ད་དུང་ཁང་པའི་ནང་གི་རྡུལ་གྱི་ཕུང་པོ་མ་ལུས་གཙང་ཕྱག་བྱེད་དགོས་པ་དང་། ཚོར་ཐལ་གྱི་གནད་དོན་ཡོད་པའི་མིས་མེ་ཏོག་གི་རྡུལ་སོགས་ཚོར་དབང་སྐྱེན་པའི་དངོས་པོ་ལ་རེག་ཐུག་བྱེད་མི་ཉན།

3.png

4 ཟུར་ཉལ་བྱས་ནས་གཉིད་ཉལ་དགོས།

གན་རྐྱལ་དུ་ཉལ་སྐབས། རྐན་ཕུག་ལྕེ་དང་མིད་པའི་སྟེང་དུ་རྡིབ་སླ་བས། སྔུར་སྒྲ་ཐོན་སྲིད། ཟུར་ཉལ་བྱས་ན་དབུགས་ལམ་ལ་བཀག་འགོག་ཉུང་བས། སྔུར་སྒྲ་ཇེ་ཆུང་དུ་འགྲོ་བར་ཕན་ཐོགས་ཡོད། གལ་སྲིད་ཟུར་ཉལ་བྱས་ནས་སྔུར་སྒྲ་ཉུང་དུ་མ་ཕྱིན་ན་སྔས་མགོ་སྐྱིད་པོ་ཞིག་ཉོས་ཏེ། གཉིད་ཉལ་སྐབས་མགོ་འདེགས་སྐྱོར་བྱས་ནས་ལྕེ་དང་མ་ནེའི་གནས་སྙོམ་སྒྲིག་བྱས་ཏེ། དབུགས་ལམ་ཕྱེ་ན་སྔུར་སྒྲ་ཇེ་ཆུང་དུ་གཏོང་ཐུབ་རེ་ཡོད།

5 མ་ཉལ་གོང་ལ་སྣ་ཁུང་གཙང་སེལ་བྱེད་དགོས།

གལ་ཏེ་གཉིད་ཁུག་པའི་སྐབས་སུ་སྣ་ཁུང་འགག་ན། ཁ་གཅིག་པུས་དབུགས་འབྱིན་རྔུབ་བྱེད་དགོས་པས། སྔུར་སྒྲ་རྒྱག་བདེ་པོ་ཡོད། དེས་ན་མ་ཉལ་བའི་གོང་ལ་སྣ་ཁུང་ནང་གི་སྣབས་རྟུག་སོགས་གཙང་སེལ་བྱེད་དགོས་པ་དང་། ལྷག་པར་དུ་ཆུ་ཚ་པོས་གཟུགས་པོ་བཀྲུས་ན་ཆུ་ཚ་པོའི་རླངས་དང་དྲོད་ཚད། བརླན་གཤེར་ཅན་གྱི་མཁའ་རླུང་བཅས་ཀྱིས་སྣ་ཁུང་བཤངས་ཐུབ།

གཉིས། སྔུར་སྒྲ་འགོག་པའི་སྦྱོང་བརྡར་བྱེད་དགོས།

1 ལྕེ་ལེབ་རྐྱོང་བར་ཚོད་ལྟ་བྱེད་དགོས།

ལྕེ་རྩེ་མདུན་སོའི་རྒྱབ་ཕྱོགས་ནས་མིད་པའི་རྒྱབ་ཕྱོགས་སུ་འགུལ་རྗེས། གང་ཐུབ་ཅི་ཐུབ་ཀྱིས་བསྲིངས་ཤིང་། དུས་མཚུངས་སུ་ཡང་ཡང་འགྲམ་པ་སྐྱོར་བའི་འགུལ་སྐྱོད་བྱེད་དགོས། དེ་ལྟར་ཉིན་རེར་ཐེངས་མང་སྦྱོང་བརྡར་བྱས་ཏེ། ཐེངས་རེར་སྐར་མ་གསུམ་རྒྱུན་མཐུད་བྱས་ན། ཁ་དང་མིད་པའི་འབྲེལ་ཡོད་ཤ་གནད་ཤུགས་ཆེ་རུ་འགྲོ་ཐུབ།

4.png

2 མིད་པའི་ཤ་གནད་ལ་སྦྱོང་བརྡར་བྱེད་དགོས།

མིད་པའི་ཤ་གནད་ལ་སྦྱོང་བརྡར་བྱེད་པའི་ཐབས་ཤེས་ཡག་ཤོས་ནི་གླུ་གཞས་གཏོང་རྒྱུ་དེ་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། དུས་རྒྱུན་དུ་གླུ་གཞས་བཏང་ན་སྔུར་སྒྲ་རྒྱག་ཚད་ཇེ་ཆུང་དུ་གཏོང་ཐུབ་པ་མ་ཟད། གཉིད་ཀྱི་སྤུས་ཚད་ཀྱང་ཇེ་མཐོར་གཏོང་ཐུབ། དེའི་རྒྱུ་མཚན་ནི་གླུ་གཞས་བཏང་ན་མིད་པའི་ཤ་གནད་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པས་ཡིན།

གསུམ། སྔུར་སྒྲ་འགོག་པའི་ཐབས་ཤེས་ཆུང་ཆུང་འདི་དག་ལ་ཚོད་ལྟ་གྱིས།

1 སྔས་མགོ་དམའ་ཙམ་བརྒྱབ་ནས་གཉིད་ཉལ་དགོས།

2 གཉིད་མ་ཉལ་སྔོན་ལ་ཨ་ཅོར་ཚ་པོ་སོགས་སྣ་ཁུང་ལ་སྦྱར་དགོས། ཡང་ན་ཆུ་རླངས་ཚ་པོ་སྣ་ཁུང་ནང་སྣོམ་དགོས། 

3 ཆུ་ཚ་པོའི་ནང་རྐང་པ་སྦངས་དགོས། 

4 ཁ་ཚ་བ་དང་སྣུམ་ཚིལ་ཅན་གྱི་ཟ་རིགས་ཟོས་དྲགས་རྒྱུ་མེད།

མདོར་ན། གཉིད་ཉལ་སྐབས། གོང་གསལ་གྱི་ཐབས་ཤེས་ཆུང་ངུ་དེ་དག་སྤྱད་ན་ཚད་གཞི་མི་འདྲ་བའི་སྒོ་ནས་རང་གཞན་བསུན་པའི་གཉིད་ཀྱི་སྔུར་སྒྲ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་མི་དམན་ཙམ་ཡོད་དོ།


སྐབས་སྔོན་མ། དྲི་ཆུར་ཁྲག་འདྲེས་པ།
སྐབས་རྗེས་མ། གཅིན་ལམ་རེད་པ།
མཉམ་སྤྱོད།