དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱིས་པས་མིག་ཡང་ཡང་རྡེབ་པ་ལ་གནོད་པ་གང་དག་ཡོད་པ་དང་ཁ་གཏད་ཇི་ལྟར་འཇལ་དགོས་སམ།

2025-06-25 11:17:35   |   32

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


བྱིས་པས་མིག་ཡང་ཡང་རྡེབ་པ་ལ་གནོད་པ་གང་དག་ཡོད་དམ།

1.མིག་ཡང་ཡང་རྡེབ་པ་ཡིས་མིག་ལ་མི་བདེ་བ་བཟོ་སྲིད། མིག་ཡང་ཡང་རྡེབ་པ་ཡིས་མིག་ཐང་ཆད་པ་དང་སྐམ་པ་ཚབས་ཆེར་གཏོང་བར་མ་ཟད། མིག་སྐམ་པའི་ནད་དང་མིག་ལྕིབས་གཤེར་རྨེན་སོགས་གཉན་ཚད་བསྐྱེད་དེ། བྱིས་པའི་མིག་གི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། 

2.མིག་ཡང་ཡང་རྡེབ་པ་ཡིས་བྱིས་པའི་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་སྲིད། རྒྱུན་ཆད་མེད་པར་མིག་བརྡབས་ན་བྱིས་པའི་སེམས་གཡེང་ནས། བློ་རིག་སྒྲིམ་པའི་ནུས་པ་ཇེ་ཞན་དུ་འགྲོ་ངེས་ལ། དེས་ཁོ་ཚོས་སློབ་སྦྱོང་གི་གོ་རིམ་ཁྲོད་བློ་རྩེ་གཅིག་སྒྲིམ་བྱེད་མི་ཐུབ་པར་གྱུར་ནས། སྦྱང་འབྲས་དང་སློབ་ཁྲིད་སྐབས་ཀྱི་མངོན་ཚུལ་ལ་གནོད་པར་བྱེད། 

3.མིག་ཡང་ཡང་རྡེབ་པ་ཡིས་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། མིག་ཡང་ཡང་རྡེབ་པ་ལ་རྐྱེན་བྱས་ཏེ་མི་གཞན་གྱི་དོ་སྣང་དང་འཕྱ་སྨོད་མྱོང་བའི་བྱིས་པར་རང་དམན་གྱི་བསམ་པ་སྐྱེས་ནས། དུས་རྒྱུན་སེམས་ཁྲལ་བྱེད་པ་དང་། ཐ་ན་སྤྱི་ཚོགས་འབྲེལ་འདྲིས་ཀྱི་འགལ་རྐྱེན་དང་ཁོར་ཡུག་ལ་འདྲེས་མི་ཐུབ་པ་སོགས་ཀྱི་གནད་དོན་འབྱུང་ངེས། 

མིག་ཡང་ཡང་རྡེབ་པའི་གནད་དོན་ལ་ཁ་གཏད་ཇི་ལྟར་འཇལ་དགོས་སམ།

1.མིག་གི་འཕྲོད་བསྟེན་རྒྱུན་སྐྱོང་བ། 

དུས་བཅད་ལྟར་མིག་ལ་གཙང་སྦྲ་བྱེད་པ་དང་། ལག་པས་མིག་ལ་མི་རེག་པར། མིག་རེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། བྱིས་པར་མི་གཞན་ལ་ལག་ཕྱིས་དང་ཀ་ཏོ་ར་སོགས་འཕྲོད་བསྟེན་ཡོ་བྱད་མཉམ་སྤྱོད་བྱེད་མི་རུང་བའི་སློབ་གསོ་བཏང་ནས། ཕྲ་སྲིན་འགོ་བ་སྔོན་འགོག་བྱ་དགོས། 

2.མིག་སྤྱོད་པའི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། 

“20-20-20”ཡི་རྩ་དོན་བརྩི་སྲུང་བྱས་ཏེ། ཐེངས་རེར་མིག་སྐར་མ20ལ་སྤྱད་རྗེས། བར་ཐག་དབྱིན་ཁྲི20(སྨི6ཙམ)ཡི་སར་སྐར་ཆ20ཡི་རིང་ལ་རྒྱང་ལྟ་བྱ་དགོས། བྱེད་ཐབས་འདིས་བྱིས་པའི་མིག་གི་ངལ་དུབ་སེལ་ཐུབ་པ་དང་། མིག་སྐམ་པ་སོགས་མི་བདེ་བ་སྔོན་འགོག་བྱེད་ཐུབ། 

3.འཚོ་བཅུད་ཁ་གསབ་བྱེད་པ།

བྱིས་པར་འཚོ་བཅུད་རྫསAདང་འཚོ་བཅུད་རྫསC འཚོ་བཅུད་རྫསE ཏི་ཚ་སོགས་ཕུན་སུམ་ཚོགས་པའི་བཟའ་བཅའ་ཟ་རུ་འཇུག་དགོས་ཏེ། དཔེར་ན་ལ་ཕུག་དང་ཚོད་སྣག འབྲུ་སེའུ་སྔོན་པོ་སོགས་ལྟ་བུའོ། ། བཟའ་བཅའ་འདི་དག་གིས་མིག་གི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ། མཐོང་ནུས་མར་ཆག་པ་སྔོན་འགོག་བྱེད་ཐུབ།

4.ཆེད་ལས་ཀྱི་བརྟག་དཔྱད་དང་གསོ་བཅོས་བྱེད་པ། 

བྱིས་པར་མིག་ཡང་ཡང་རྡེབ་པའི་སྣང་ཚུལ་ཡོད་ཚེ། ལམ་སང་ཆེད་ལས་ཀྱི་བརྟག་དཔྱད་དང་གསོ་བཅོས་བྱ་དགོས་ཤིང་། སྨན་པས་བྱིས་པའི་གནས་ཚུལ་བྱེ་བྲག་པར་གཞིགས་ཏེ་དེར་མཐུན་གྱི་གསོ་བཅོས་བྱེད་ཐབས་གཏན་འཁེལ་བྱ་ངེས་ཡིན། 

5.སེམས་ཁམས་ཁྲིད་སྟོན་བྱེད་པ། 

ཤ་འགུལ་རྒྱུག་པའི་གནད་དོན་དང་སེམས་ཁམས་ཀྱི་དབང་གིས་མིག་རྡེབ་པའི་བྱིས་པར། ཁྱིམ་བདག་གིས་རྒྱུས་ལོན་འདང་ངེས་བྱེད་པ་དང་། དུས་མཚུངས་སུ་དེའི་སེམས་ཁམས་ཀྱི་དགོས་མཁོ་དང་འགྱུར་ལྡོག་ལ་དོ་ཁུར་བྱ་དགོས། ཁོ་ཚོར་སྣེ་ཁྲིད་ལེགས་པོ་བྱས་ཏེ། ཧུར་བརྩོན་ཡར་སྐྱེད་ཀྱི་སྣང་བརྙན་དང་རང་རྟོན་གྱི་བསམ་པ་སྐྲུན་རོགས་བྱ་དགོས། དགོས་ངེས་བྱུང་ན་ཆེད་ལས་ཀྱི་སེམས་ཁམས་བློ་འདྲིའི་རོགས་རམ་ལ་བརྟེན་དགོས། 

6.སློབ་གསོ་དང་སྣེ་ཁྲིད་བྱེད་པ། 

གཞན་ལ་ལད་མོ་བྱེད་པ་དང་གོམས་གཤིས་རང་བཞིན་གྱིས་མིག་རྡེབ་པའི་བྱིས་པར། ཁྱིམ་བདག་གིས་ངང་རྒྱུད་རིང་བོས་ཁྲིད་སྟོན་བྱས་ཏེ། ཁོ་ཚོར་ཡང་དག་པའི་མིག་སྤྱོད་གོམས་གཤིས་ཆགས་སུ་འཇུག་དགོས་པ་དང་། དུས་མཚུངས་སུ་བྱིས་པར་མིག་ལ་སྐྱོན་ཡོད་པའི་སློབ་གྲོགས་དང་གྲོགས་པོ་གཞན་ལ་འཕྱ་སྨོད་བྱ་མི་རུང་བའི་སློབ་གསོ་གཏོང་དགོས། 


མཉམ་སྤྱོད།