དེ་རིང་ནི2025ལོའི་ཟླ08པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མྱུར་གཤིས་གཤེར་རྨེན་ཚ་ནད།

2025-08-18 10:32:53   |   36

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

མྱུར་གཤིས་གཤེར་རྨེན་ཚ་ནད་ནི་ཕྱི་ནད་ཚན་ཁག་གི་མྱུར་གཤིས་གསུས་ནད་དུ་གཏོགས་པ་ཞིག་ཡིན། དེ་ལ་དབྱེ་ན་ཆུ་སྐྲངས་རང་བཞིན་གྱི་གཤེར་རྨེན་ཚ་ནད་དང་ཁྲག་རྡོལ་རང་བཞིན་གྱི་ཤིལ་འདྲུལ་གཤེར་རྨེན་ཚ་ནད་གཉིས་ཡོད། ཕྱི་མ་དང་མཉམ་དུ་ནད་རིགས་མང་པོ་འབྱུང་བ་ཡིན། དཔེར་ན། ཧྲོ་ཁི་དང་དོན་སྣོད་མང་པོའི་ནུས་པ་ཉམས་པ་སོགས་ཡོད། དེའི་ཕྱིར་དེ་ལ་དོགས་ཟོན་ནན་མོ་བྱེད་དགོས། དེའི་རྒྱུ་རྐྱེན་ལ་མཁྲིས་སྐྲན་དང་མཁྲིས་རྩའི་ནད་རིགས་དང་། ཆང་འཐུང་དྲགས་པ་དང་འགྲངས་ཆེ་བ། ཤ་རྨེན་གྱི་སྦུ་གུ་འགགས་པ་སོགས་ཀྱིས་བསྐྱེད་པ་ཡིན།

ནད་རྟགས།

 ན་གནས་མང་ཆེ་བ་ནི་གསུས་པའི་སྟོད་དཀྱིལ་དང་དེ་ནས་གསུས་པའི་གཡོན་སྟེང་། གཡས་སྟེང་ལྟེ་བ་སོགས་ཡིན། གསུས་གཟེར་ནི་གན་རྐྱལ་དུ་ཉལ་ན་ན་ཟུག་ཆེ་བ་དང་། ཙོག་པུའམ་མདུན་དུ་སྒུར་ན་ཇེ་བདེ་རུ་འགྲོ། མང་ཆེ་བ་རྒྱུན་མཐུད་དེ་རྟུལ་བོར་ན་བའམ། གྲིས་གཏུབ་པའམ་ཁབ་ཀྱིས་གཙགས་པ་ལྟར་གཟེར་བར་མ་ཟད་རྐེད་པའི་གཡོན་ཕྱོགས་སུ་འཕྲོས་ཏེ་ན་བ་ཡིན། དེ་དང་མཉམ་དུ་ཚ་ཆེན་པོ་བརྒྱག་པ་དང་། སྐྱུག་མེར་ལངས་པའམ་སྐྱུགས་པ། ལྟོ་བ་སྦོས་པ་སོགས་འབྱུང་བ་ཡིན།

སྔོན་འགོག

1 མཁྲིས་པ་དང་མཁྲིས་རྩ། རྒྱུ་སོར་བཅུ་གཉིས་ཀྱི་ནད་རིགས་མི་འབྱུང་བར་སྔོན་འགོག་བྱ་རྒྱུ་དང་།

2 ཟས་སྐོམ་འགྲངས་ཆེ་བར་མི་རུང་ལ། དུས་ཚོད་ལྟར་ཟས་སྐོམ་རན་པར་བཟའ་དགོས།

3 དུ་ཆང་སྤང་བ།

4 གལ་ཏེ་གསུས་པ་ན་བ་དང་ཤ་མདོག་སེར་པོར་གྱུར་པ། སྐྱུགས་པ། ཚ་བ་ཆེ་བ་སོགས་བྱུང་ན་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་བརྟག་བཅོས་བྱ་དགོས།

གསོ་ཐབས། 

1 ནད་འདི་ཡིན་པ་ངོས་ཟིན་ན། མྱུར་དུ་ཟས་ཟ་འཕྲོད་གཅོད་པ་དང་། དེ་དང་མཉམ་དུ་སྨན་ཁང་དུ་སོང་ནས་བརྟག་བཅོས་བྱེད་དགོས།

2 བོད་ལུགས་གསོ་རིག་ལྟར་ན། སྤྱིར་སྨན་ཨ་རུ་བདུན་པ་དང་། ཀོ་ལ་བཅུ་གཅིག་། ཨ་ཞི།(ཨ་རུ་བཅུ་པ་དང་ཞི་དྲུག་བསྲེས་པ)ཟླ་བདུད་སོགས་མཆིན་མཆེར་གྱི་རྒྱུན་སྤྱོད་སྨན་སྦྱོར་ཁག་སྤྱད་ཆོག་ལ། གཟེར་ཟུག་ཧ་ཅང་ཆེ་སྐབས་གཡུ་ཁྱུང་དང་གཡུ་དྲིལ་བཅུ་གསུམ་ལྟ་བུ་ཐུན་ཚད་ཆེ་ཙམ་བྱས་ནས་གཏོང་དགོས།

3 ཟས་ཀྱིས་བཅོས་པ་ལ། ཕྱི་ལུགས་གསོ་རིག་ལྟར་ན། མྱུར་གཤིས་གཤེར་རྨེན་ཚ་ནད་ལ། ཤ་ཁུ་དང་བྱ་ཤའི་ཁུ་བ། ཉ་ཤའི་ཁུ་བ། འོ་མ། སྒོ་ངའི་སེར་རིལ། ཆང་དང་འོ་སྤྲིས་སོགས་མི་འཕྲོད་ལ། འབྲས་ཁུ་དང་སིལ་ཁུ། འབྲས་ཐུག་སླ་མོ། སྒོང་སྤྲི། བུ་རམ་དང་ཀ་ར་ནག་པོ། སྦྲང་རྩི་སོགས་འཕྲོད་པ་ཡིན། དལ་གཤིས་གཤེར་ཚ་ནད་ལ། མར་དང་ཕག་ཚིལ། སྐམ་ཚིལ། སྣུམ་བཙོས་ཀྱི་ཟས་རིགས་སྤང་དགོས་པ་དང་། སྤྲིས་མ་ལངས་པའི་འོ་མ་དང་བྱ་ཤ ཉ་ཤ ཕག་ཤ་ཚིལ་མེད་པ། ནོར་ལུག་གི་ཤ་སྣག རི་བོང་གི་ཤ སྒོང་སྤྲི། སྔོ་ཚོད། སིལ་ཏོག སྲན་བཤོས།(豆制品) སྐྱེ་དངོས་སྣུམ།(植物油) སྦྲང་རྩི། བུ་རམ་སོགས་འཕྲོད་པ་ཡིན།


མཉམ་སྤྱོད།