དེ་རིང་ནི2025ལོའི་ཟླ09པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཞང་འབྲུམ།

2025-09-29 09:51:02   |   14

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན།

གཞང་འབྲུམ་ནི་གཞང་གི་འབྱར་སྐྱིའི་འོག་དང་གཞང་ཁའི་སྦུ་གུའི་པགས་འོག་གི་སྡོད་རྩའི་ཚོམ་དུ་ཁྲག་འཆག་པ་དང་། ཆེར་སྐྱེད་པ་དང་། གུག་འཁྱོག་ཏུ་གྱུར་ཏེ་བྱུང་བའི་འཇམ་ལ་མཉེན་པའི་སྡོད་རྩའི་ཚོགས་པ་ཞིག་ཡིན། རྡོལ་རལ་དུ་གྱུར་ན་ཁྲག་འབྱུང་བ་ཡིན། གཞང་འབྲུམ་ནི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། ལོ་ན་ཆེ་ཆུང་གང་ལ་ཡང་བྱུང་བ་དང་། ལོ་དང་བསྟུན་ནས་ཇེ་རིང་དུ་འགྲོ་བ་ཡིན། ནད་ཚབས་ཡང་ན་རྟགས་མེད་པ་དང་། ནད་ཚབས་ལྕི་ན་གཞང་ཁ་གཟེར་བ་དང་། ཐུར་དུ་འཕྱངས་པ། སྐྱག་པར་ཁྲག་འདྲེས་པ་ཡིན། རྩ་གཏོང་དཀའ་བ་དང་། རྒྱུན་དུ་ཙོག་པའམ་ཡར་ལངས་པ་དང་། ཡུན་རིང་གསུས་པའི་གནོན་ཤུགས་ཆེར་རྒྱས་པ་རྣམས་ནི་གཞང་འབྲུམ་ནད་ཀྱི་རྒྱུན་མཐོང་གི་སློང་རྐྱེན་ཡིན།

གཞང་འབྲུམ་ལ་དབྱེ་ན་ནང་འབྲུམ་དང་། ཕྱི་འབྲུམ། འདྲེས་འབྲུམ་བཅས་གསུམ་ཡོད། གཞང་འབྲུམ་བྱུང་བའི་སྐབས་སུ་ནང་འབྲུམ་བྱུང་བ་ཅུང་མང་། གཞང་འབྲུམ་ནི་རྒྱུན་པར་ཕྱི་ངོས་ཀྱི་འབྱར་སྐྱིའམ་པགས་པ་ཤིག་རལ་དུ་གྱུར་པའི་རྐྱེན་གྱིས། ཁྲག་འབྱུང་བ་དང་། རེད་པའམ་སྡོད་རྩའི་ནང་ཁྲག་རེང་གྲུབ་པ་ཡིན། སྐབས་རེར་འབྲུམ་རྡོག་གཞང་སྒོར་ཕྱིར་བུད་དེ་བསྡམས་པ་ལས། ་ཁྲག་འཆག་པ་དང་ཆུ་སྐྲངས་སུ་འགྱུར་བ་དང་། ལྷག་པར་ཤི་འདྲུལ་དུ་འགྱུར་བ་དང་། ཚབས་ཤིན་ཏུ་ལྕི་བའི་བླ་གཉན་གྱི་ནད་འབྱུང་བ་ཡིན། དེའི་ཕྱིར་གཞང་འབྲུམ་གྱི་ནད་བྱུང་ཡོད་པའི་མིས་སྣང་མེད་དུ་གཏོང་མི་རུང་།

ནད་རྟགས།

ན་ཟུག་མེད་པ་ལ་ལྡང་དུབ་རང་བཞིན་གྱི(རྩ)བཏང་རྗེས་སུ་ཁྲག་དམར་ལ་དྭངས་པ་འབྱུང་བ་ནི། ཕལ་ཆེར་ནང་འབྲུམ་དང་འདྲེས་འབྲུམ་གྱི་ཐོག་མའི་ནད་རྟགས་ཡིན། མང་ཆེ་བའི་མངོན་ཚུལ་ནི་རྩ་གཏོང་བའི་སྐབས་གཞོང་བའི་ནང་ཁྲག་ཐིགས་པའམ་ཡང་ན་ཤོག་བུའི་ཐོག་ཁྲག་འགོས་པ་དང་། ཚབས་ལྕི་ན་ཁྲག་དྲག་ཏུ་བཞུར་བ་ཡིན། ཁྲག་དང་རྩ་གཉིས་ཕན་ཚུན་འདྲེས་མེད། ཁྲག་བྱུང་ཚད་མི་མཐུན། སྤྱིར་བཏང་དུ་ཧའོ་ཧྲིན་འགའ་དང་ཡང་ན་ཧའོ་ཧྲིན་བཅུ་ལྷག་ཙམ་ཐོན། བཏང་རྗེས(རྩ)སུ་ཁྲག་བྱུང་བ་ནི་རང་བཞིན་གྱིས་ཆད་འགྲོ་བ་ཡིན། ཐེངས་རེར་རྩ་ལ་ཁྲག་འདྲེས་པ་དང་། རྩ་སྐམ་པ་དང་། ཆང་འཐུང་བ་དང་ཕོག་ཐུག་རང་བཞིན་གྱི་ཟས་སྐོམ་ཟོས་པ་སོགས་ཀྱི་སློང་རྐྱེན་ཡོད།

སྔོན་འགོག

བོད་ལུགས་གསོ་རིག་ལྟར་ན། སྦྱོང་སྨན་དྲག་པོ་གཏོང་བ་དང་བཤང་ལམ་དུ་གཅེའུ་ལ་སོགས་པ་ཆེ་བའམ་བཙན་པ། བཞོན་པ་བསྟེན་པ། སྟན་སྲབ་མོ་སོགས་སུ་ཡུན་རིང་སྡོད་པ་བཅས་ཐུར་སེལ་གྱི་རླུང་འཁྲུགས་པར་བྱེད་པའི་རྒྱུ་རྐྱེན་སྤང་དགོས།

གསོ་ཐབས།

རྒྱུན་དུ་ཁྲག་ཐོན་པའི་རྐྱེན་གྱིས་ཁྲག་མི་འདང་བ་འབྱུང་སྲིད་པས། ངེས་པར་དུ་དགོས་ངེས་ཀྱི་གསོ་བཅོས་བྱེད་ན་འོས།

1 ནད་རྟགས་མེད་པའི་གཞང་འབྲུམ་ལ། ཟས་སྐོམ་ཁོ་ན་ལ་མཉམ་འཇོག་བྱེད་ན་ཆོག  སྔོ་ཚོད་ཀྱི་རིགས་དང་སིལ་ཏོག་མང་དུ་ཟོས་ཏེ་རྩ་བདེ་བར་གཏོང་ཐུབ་པ་བྱེད་རྒྱུ་དང་། སྡུརཚད1:5000ཡི་མཱན་མཐོ་སྐྱུར་ཅཱའི་ཞུ་ཁུ(高锰酸钾溶液)དྲོ་འཇམ་དུ་ཉིན་རེར་ཆུ་ཚོད་ཕྱེད་ཀའི་ནང་དུ་ཙོག་འཁྲུས་བྱེད་དགོས།

2 གལ་སྲིད་ཁྲག་ཉུང་ཙམ་བཞུར་ན། བརྒྱ་ཆའི1ནས2ཀྱི་ཚྭ་ཆུ་རུ་བལ་རྡོག་གམ་སེང་རས་སྦངས་ཏེ་གཞང་ཁ་རུ་མནན་ནས་ཁྲག་གཅོད་དགོས།

3 གཞང་ཁའི་སྦུ་གུའི་ནང་ཚ་སེལ་ཟུག་གཅོག་གི་སྣུམ་འདག་གམ་རེང་བུ་བཅུག་སྟེ། མཉེན་ཞིང་ཚ་བ་སེལ་བའི་ནུས་པ་ཐོན་དུ་འཇུག་དགོས།

4 གལ་སྲིད་ཁྲག་བྱུང་ཚབས་ཆེ་བ་དང་། འབྲུམ་སྒོར་བཏོན་པ་དང་བསྡམས་པ་བྱུང་ན། སྨན་ཁང་དུ་སོང་སྟེ་བརྟག་བཅོས་བྱེད་དགོས།

5 བོད་ལུགས་གསོ་རིག་ལྟར་ན། གཉན་ཤས་ཆེ་ན་ཁྱུང་ལྔ་མདོག་བཞི་དང་དངུལ་ཆུ་རིན་ཆེན་བཅོ་བརྒྱད། བྱི་ཏང་བདུན་པ། སྐྱུ་རུ་ཉེར་ལྔ། གྲང་ཤས་ཆེ་ན་སེ་འབྲུ་ཉེར་ལྔ་དང་། སེ་འབྲུ་ཉི་དཀྱིལ་སོགས་འབྲེལ་ཡོད་སྨན་སྦྱོར་གང་འོས་ནད་རྟགས་དང་བསྟུན་ནས་དར་བ་གསར་བས་རྟ་བྱས་ཏེ་བེད་སྤྱོད་པ་དང་། སྔོ་སྟག་ཤའི་ཁཎྜར་ཕག་ཚིལ་དང་མར་རྙིང་གང་རུང་སྦྱར་ནས་སྐྲངས་འབུར་ལ་བྱུགས་པ་དང་། རླངས་ལུམས་བརྒྱག་པ། ཐོར་བ་བཞར་ནས་དེའི་ཤུལ་མར་གྱིས་བསྲེགས་པ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་གསོ་དགོས་པ་ཡིན།

6 ཟས་ཀྱི་སྤང་བླང་ལ། ལུག་ཤ་དང་ཁྱི་ཤ  ཙོང་དང་སྒོག་པ། བཅའ་སྒ། ཀེའུ། སུར་པན(ལ་ཙི)སོགས་མི་འཕྲོད་ལ། འབྲུ་རིགས་དང་སྲན་རིགས། འོ་མ། ཤ་མོ། ཏུང་ཀྭ(冬瓜)པད་རྩ་གསར་བ་དང་སིལ་ཏོག་གི་རིགས་འཕྲོད་པས་གང་འཚམ་ལྟར་བསྟེན་ཆོག


མཉམ་སྤྱོད།