དེ་རིང་ནི2026ལོའི་ཟླ03པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཉིད་ཡེར་བ།

2026-03-27 09:48:07   |   57

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། རྒྱུན་མཐོང་ནད་རིགས་ཀྱི་སྔོན་འགོག་དང་བདེ་སྲུང་མཛུབ་སྟོན།  བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱུ་རྐྱེན། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལྷན་ཚོགས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། འཛམ་བུ་གླིང་གི་མིའི་བརྒྱ་ཆའི་སུམ་ཅུ་ལ་གཉིད་ཡེར་བའི་ནད་བྱུང་ཡོད་ལ། དེ་ལས་ནད་ཚབས་ལྕི་བས་བརྒྱ་ཆའི་བཅུ་བདུན་ཟིན་པ་དང་། ནད་དེས་ཉིན་རེར་འཛམ་གླིང་དུ་མི4000ལྷག་གིས་རང་སྲོག་གཅོད་བཞིན་ཡོད་པས། འདི་ལ་མཐོང་ཆུང་བྱེད་མི་རུང་། ཞེས་པ་ལྟར་གཉིད་ཡེར་བའི་ནད་ཀྱིས་མིའི་ལུས་སེམས་ལ་མི་བཟོད་པའི་སྡུག་བསྔལ་སྣ་ཚོགས་སྐྱེལ་བཞིན་ཡོད་ལ། དེའི་རྒྱུ་རྐྱེན་གཙོ་བོ་ནི་མ་ཞུ་བའི་ནད་དང་གཅིན་སྙི། མཁྲིས་ནད། སྙིང་ནད། ཁྲག་རླུང་སྟོད་འཚངས། དྲེག་གྲུམ་གྱི་ནད་སོགས་ནད་རིགས་སྣ་ཚོགས་དང་། དེ་བཞིན་མྱ་ངན་དང་སེམས་ལས་ཆེ་བ། ཞེ་སྡང་ལངས་པ། འཇིགས་སྐྲག ཡུལ་མི་སྡུག་པ་མཐོང་བ་དང་སྒྲ་མི་སྙན་པ་ཐོས་པ། འཚོ་བའི་ཁོར་ཡུག་ཏུ་སྒྲ་ཆེ་བ་དང་ཉལ་ཁར་བསིལ་ཁུ་མང་དུ་འཐུང་བ་དང་། ལྷག་པར་དུ་ཇ་དང་ཁོ་ཧྥེ(咖啡) སོགས་སྐོམ་ཆུ་མང་དུ་འཐུང་བ། ཟས་འགྲངས་ཆེ་བ། ཐ་མག་འཐེན་པ་སོགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་གཉིད་མི་ཡོང་བ་དང་གཉིད་གཏན་ནས་མི་ཡོང་བ་ཡིན།

ནད་རྟགས། 

1 གཉིད་ལོག་དཀའ་བ།

2 གཉིད་སྟུག་པོར་ལོག་མི་ཐུབ་ལ། གཉིད་ལོག་པའི་དུས་ཚོད་ཇེ་ཐུང་དུ་ཕྱིན་པ།

3 སྔ་མོ་ནས་སད་པ་དང་། སད་རྗེས་གཉིད་ལོག་མི་ཐུབ་པ།

4 ནམ་རྒྱུན་རྨི་ལམ་ངན་པ་རྨིས་ཏེ་གློག་བུར་དུ་སད་པ་དང་། རང་གི་སེམས་ལ་མཚན་ཧྲིལ་བོར་རྨི་ལམ་ངན་པ་རྨི་བ།

5 གཉིད་ལས་སད་རྗེས་ལུས་སེམས་ཀྱི་ངལ་བ་སོས་མེད་པ།

6 ནད་ཡུན་རིང་ཐུང་ཅི་རིགས་ཡོད་ལ། ཐུང་བ་ཉིན་འགའ་ནས་ཕྱིར་སོས་པ་དང་། རིང་བ་ཉིན་བཅུ་ལྷག་འགོར་ན་ཡང་སོས་དཀའ།

7 གཉིད་གོང་དུ་དངངས་ཤིང་སད་པ།

8 གཉིད་ཡེར་བའི་མི་ཕལ་ཆེར་སེམས་ལ་དྲན་རྒྱུ་དང་བསམ་རྒྱུ་ཤིན་ཏུ་མང་།

9 དུས་ཡུན་རིང་བོར་གཉིད་ཡེར་ན་དབང་རྩའི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། ཡི་མུག་པ། བརྗེད་ངེས་ཆེ་བ། སྐྲ་བྱི་བ་དང་འབྲས་ནད་སོགས་འབྱུང་བ་ཡིན།

སྔོན་འགོག

1 སྙིང་ནད་དང་མཁྲིས་ནད་སོགས་སྔར་བྱུང་ཡོད་པའི་ནད་གཞི་ལ་གསོ་བཅོས་བྱས་ཏེ་ནད་གཞུག་མི་ལུས་པར་བྱ་བ།

2 ཟས་ཀྱིས་འགྲངས་ཆེ་བ་དང་ཇ་གར་མོ་འཐུང་བ། དྲག་ཤུལ་གྱིས་ལས་བྱས་པ་སོགས་སྤང་བ།

3 མལ་ཁང་གི་སྒོ་དང་སྒེའུ་ཁུང་། ཡོལ་སོགས་བརྒྱབ་སྟེ་ཕྱི་རོལ་གྱི་སྒྲ་དང་འོད། བསེར་བུ་སོགས་ཀྱིས་གནོད་པ་མེད་པར་བྱ་བ།

4 ཉལ་སྔོན་དུ་ཁོང་ཁྲོ་ལངས་པའམ་མྱ་ངན་བྱེད་པ་སོགས་དང་། དགོས་མེད་ཀྱི་དྲན་ཚུལ་དང་བསམ་ཚུལ་སྣ་ཚོགས་སུ་སྤང་སྟེ་སེམས་བདེ་བག་ཕེབས་ངང་ཉལ་བ།

གསོ་ཐབས།

1 ཐོག་མར་མིག་སྔར་བྱུང་བའི་སེམས་ཁམས་གནོན་ཤུགས་དང་འཚོ་བའི་རྐྱེན་ངན་དང་གོ་ཆག མྱ་ངན་སོགས་འབྲེལ་ཡོད་དོན་རྐྱེན་རྣམས་དང་། ནད་པའི་སེམས་ཁམས་གྱི་གནོན་ཤུགས་སོགས་སེལ་ཐབས་བྱ་དགོས།

2 བོད་ལུགས་གསོ་རིག་ལྟར་ན། རྒྱུན་སྤྱོད་ཀྱི་སྨན་ལ་ཨ་གར་ཉི་ཤུ་དང་ཨ་གར་བཅོ་ལྔ་སོགས་ཨ་གར་རིགས་གང་འོས་དང་། ཁྱད་པར་ཏུ་རྒྱུད་ཀྱི་སྲོག་འཛིན་བརྒྱད་པ། བྱེ་རིང་སེམས་ཀྱི་བདེ་སྐྱིད། བི་མ་ལ། སྲོག་རླུང་འཇོམས་རྡོར། རྡོ་རྗེ་རབ་འཇོམས་རྣམས་མྱོས་ཁུ(ནས་ཆང)འམ་རུས་ཁུ་གང་རུང་གིས་ཕུལ། སྨན་དང་ཟས་སྤྱོད་བསིལ་ཀྱི་རིགས་འགྲོ་མི་རུང་། ཟླ་བ་གསུམ་བཞི་སོང་ནས་བཙན་དུག་སྨན་མར་བསྟེན་པ་ལེགས་ཀྱང་ཤེས་རབ་ཅན་ལ་གནོད་གསུངས། དེ་རྗེས་གླ་རྩིས་དང་མར་སྦྱར་ནས་ལུས་ལ་བྱུག་པ་བརྒྱབ་ན་གཉིད་ཁུག་ཐུབ། ཡུང་ན་སུག་སྨེལ་དང་། ཟི་ར་དཀར་པོ། པི་པི་ལིང་ཆ་མཉམ་སྦྱར་བ་ཧོབ་ཙམ་བརྡུངས་པ་རས་ཁུག་ཏུ་བླུགས་ཏེ་ཁ་བསྡམས་ཐོག་འོ་མའི་ནང་དུ་བཙོས་རྗེས་རས་ཁུག་ཕྱིར་བཏོན་པའི་འོ་མ་བཏུང་བས་གཉིད་ཁུག་ཐུབ། མགོ་བོར་སྣུམ་གྱིས་བསྐུ་ཞིང་རྣ་བར་སྣུམ་གྱིས་དགང་ན་ཡང་གཉིད་ཁུག་པར་ཕན།

3 ཟས་ཀྱིས་བཅོས་པ་ལ། གཉིད་ཡེར་བར་འོ་མ་དང་། ཤ་ཁུ། བུར་ཆང་། ཞོ། མ་ཧེའི་ཤ ཙོང་སྒོག་སོགས་བསྟེན་པས་གཉིད་ཁུག་པར་ཕན།

4 སྤྱོད་ལམ་གྱིས་བཅོས་པ་ལ། ཉལ་སྔོན་དུ་སོར་མོས་མགོ་ལ་ཕུར་མཉེ་བྱེད་པ། ལག་མཐིལ་གྱིས་རྣ་བར་ཕུར་བ། སྐེ་མཇིང་ལ་ཕུར་བ། བྲང་རྒྱབ་ལ་ཕུར་བ། ལག་མཐིལ་གྱིས་རྐང་པའི་རྗེ་ངར་ཕུར་བ།  ལྟོ་བ་ཕུར་མཉེ་བྱས་པ་སོགས་ཀྱིས་གཉིད་ལོག་པར་ཕན་པ་ཡིན།


སྐབས་སྔོན་མ། ཀླད་སྐྱོན་གྱིས་མགོ་ན་བ།
སྐབས་རྗེས་མ། མེད།
མཉམ་སྤྱོད།