དེ་རིང་ནི2025ལོའི་ཟླ07པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི1872ལོའི་འཇར་མན་ཡི་གེའི་པར་གཞིའི་གླེང་གཞི།

2025-04-02 10:22:39   |   1082

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས།《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་། 


གུང་ཁྲན་རིང་ལུགས་པའི་མནའ་མཐུན་ཟེར་བ་སྐབས་དེའི་ཆ་རྐྱེན་འོག་གསང་བའི་ཚོགས་པ་ལས་གནས་མི་ཐུབ་པའི་རྒྱལ་སྤྱིའི་བཟོ་པའི་རྩ་འཛུགས་འདིས། 1847ལོའི་ཟླ11པར་ལོན་ཏོན་དུ་འཚོགས་པའི་འཐུས་མི་ཚོགས་ཆེན་ཐོག་ཏུ་ངེད་གཉིས་ལ་སྤྱི་བསྒྲགས་བྱེད་རྩིས་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ལྡན་གྱི་ཏང་གི་རྩ་འཛིན་ཕྲ་ཞིང་ཞིབ་པ་ཞིག་རྩོམ་འབྲི་བྱེད་དགོས་པའི་བཀའ་མངག་གནང་བྱུང་། དེ་ལྟར《བསྒྲགས་གཏམ》འདི་བྱུང་ཞིང་།《བསྒྲགས་གཏམ》གྱི་མ་ཡིག་དེ་ཟླ་བ་གཉིས་པའི་གསར་བརྗེ་མ་བྱུང་གོང་གི་གཟའ་འཁོར་ཁ་ཤས་ཀྱི་སྔོན་ལ་ལོན་ཏོན་དུ་བསྐུར་ནས་པར་བཏབ།《བསྒྲགས་གཏམ》འདི་ཐོག་མར་འཇར་མན་ཡི་གེའི་ངོས་ནས་པར་སྐྲུན་བྱས་ཤིང་། དེའི་རྗེས་སུའང་འཇར་མན་དང་། དབྱིན་ཇི། ཨ་རི་བཅས་ནས་འཇར་མན་ཡི་གེའི་ངོས་ནས་ཉུང་མཐར་ཡང་པར་གཞི་མི་འདྲ་བ་པར་ཐེངས་བཅུ་གཉིས་ཙམ་བརྒྱབ་ཡོད། དབྱིན་ཡིག་གི་འགྱུར་དེབ་དང་པོ་ནི་ལྕམ་མོ་ཧེ་ལུན•མའེ་ཁོའོ་ཧྥ་ལིན་གྱིས་བསྒྱུར་ལ། 1850ལོར་ལོན་ཏོན་གྱི《དམར་པོའི་སྤྱི་མཐུན་ཏང་མི》ཟེར་བའི་དུས་དེབ་སྟེང་བཀོད། དེའི་རྗེས་ཀྱི1871ལོར་ཉུང་མཐར་ཡང་དབྱིན་ཡིག་གི་འགྱུར་དེབ་མི་འདྲ་བ་གསུམ་ཨ་རི་ནས་དཔེ་སྐྲུན་བྱས། ཧྥ་ཡིག་གི་འགྱུར་དེབ་དེ1848ལོའི་ཟླ་བ་དྲུག་པའི་འོས་ལངས་མ་བྱུང་གོང་གི་སྔོན་ཏག་ཏག་ལ་ཕ་རི་སི་ནས་ཐེངས་དང་པོར་པར་བཏབ་ནས་བཀྲམ་པ་དང་། ཉེ་ཆར་ཡང་ཧྥ་ཡིག་གི་འགྱུར་ཞིག་ཉིག་ཡོག་གི《སྤྱི་ཚོགས་རིང་ལུགས་པའི་ཚགས་པར》སྟེང་བཀོད་པ་རེད། ད་ལྟ་འགྱུར་དེབ་གསར་པ་འདོན་རྩིས་བྱེད་མཁན་ཡང་འདུག ཕོ་ལན་ཡི་གེའི་འགྱུར་དེབ་དེ་འཇར་མན་ཡི་གེའི་པར་གཞི་དང་པོ་པར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས་ཏེ་ཡུན་རིང་མ་སོང་བར་ལོན་ཏོན་དུ་བྱུང་ཡོད། ཨུ་རུ་སུའི་ཡི་གེའི་འགྱུར་དེབ་དེ་ལོ་རབས་དྲུག་ཅུ་པར་ཇེ་ནེ་ཝ་རུ་པར་དུ་བསྐྲུན། ཏེན་མག་ཡི་གེའི་འགྱུར་དེབ་དེ་ཡང་མ་དེབ་འགྲེམས་སྤེལ་བྱས་ནས་དུས་ཡུན་རིང་པོ་མ་འགོར་བར་པར་དུ་བསྐྲུན་པ་རེད།

ཉེ་བའི་ལོ25རིང་གི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་ག་འདྲ་ཞིག་བྱུང་ཡོད་ནའང་།《བསྒྲགས་གཏམ》འདིའི་ནང་ནས་རྒྱས་བཤད་བྱས་པའི་སྤྱིར་བཏང་གི་གཞི་རྩའི་རྩ་བའི་རིགས་པ་རྣམས་སྤྱིའི་ཆ་ནས་བཤད་ན་ད་ལྟའང་ཧ་ཅང་ཡང་དག་པ་ཡིན། གནས་ཁ་ཤས་ཀྱི་སར་མ་གཞི་ནས་བཟོ་བཅོས་ཏོག་ཙམ་བྱས་ཀྱང་ཆོག་འདུག གཞི་རྩའི་རྩ་བའི་རིགས་པ་དེ་དག་དངོས་སུ་བེད་སྤྱོད་བྱེད་སྐབས།《བསྒྲགས་གཏམ》དུ་བཤད་པ་ལྟར། ཡུལ་དུས་ནམ་ཡིན་ནའང་སྐབས་དེའི་ལོ་རྒྱུས་ཀྱི་ཆ་རྐྱེན་གཞིར་འཛིན་དགོས་པ་རེད། དེར་བརྟེན་ལེའུ་གཉིས་པའི་མཇུག་ཏུ་བཏོན་པའི་གསར་བརྗེའི་བྱེད་ཐབས་དེ་དག་ལ་དམིགས་བསལ་གྱི་དོན་སྙིང་གཞན་རྦད་དེ་ཡོད་པ་མ་རེད། གལ་ཏེ་དེ་རིང་ཡིན་ཚེ། ཚན་པ་འདིའི་ཕྱོགས་མང་པོའི་ཐད་འབྲི་སྟངས་སྔར་དང་མི་མཚུངས་པ་ཞིག་སྤྱོད་དགོས།ཉེ་བའི་ལོ་ངོ25རིང་ལ་བཟོ་ལས་ཆེན་པོར་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བས་བཟོ་པ་གྲལ་རིམ་གྱི་སྲིད་ཏང་རྩ་འཛུགས་ཀྱང་དེ་དང་བསྟུན་ནས་འཕེལ་རྒྱས་བྱུང་ཡོད་པ་དང་། ཐོག་མར་ཟླ་བ་གཉིས་པའི་གསར་བརྗེའི་ཉམས་མྱོང་དངོས་བྱུང་བ་དང་། ལྷག་པར་དུ་རྗེས་སུ་འབྱོར་མེད་གྲལ་རིམ་གྱིས་ཐེངས་དང་པོར་སྲིད་དབང་བཟུང་ནས་ཟླ་བ་གཉིས་ཕྱིན་པའི་ཕ་རི་སིའི་སྤྱི་ཁང་ཉམས་མྱོང་དངོས་བྱུང་བའི་དབང་གིས། རྩ་འཛིན་འདིའི་ནང་དོན་ཁ་ཤས་ད་ལྟ་དུས་ལས་ཡོལ་ཟིན། ལྷག་པར་དུ་སྤྱི་ཁང་གིས་ར་སྤྲོད་བྱས་ཡོད་པ་ནི།“བཟོ་པ་གྲལ་རིམ་གྱིས་སྟབས་བདེའི་སྒོ་ནས་ད་ཡོད་ཀྱི་རྒྱལ་ཁབ་འཕྲུལ་འཁོར་བཀོལ་མི་ཉན་པ་ཙམ་དང་། དེ་བེད་སྤྱད་ནས་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་ཐབས་བྱེད་མི་ཉན།”(《ཧྥ་རན་སིའི་ནང་འཁྲུག རྒྱལ་སྤྱིའི་བཟོ་པ་མཐུན་ཚོགས་སྤྱི་ཁྱབ་ཨུ་ཡོན་ལྷན་ཁང་གི་བསྒྲགས་གཏམ》གྱི་འཇར་མན་ཡི་གེའི་པར་གཞིའི་ཤོག་ངོས19པར་གསལ། དེ་རུ་བསམ་བློ་འདི་རྒྱས་བཤད་དེ་བས་ཀྱང་ཆ་ཚང་བ་ཞིག་བྱས་ཡོད)གཞན་ཡང་། ཧ་ཅང་གསལ་བོ་ཡིན་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་རྣམས་ལ་དགག་པ་བརྒྱབ་པ་དེ་དེ་རིང་བལྟས་ན་ཆ་ཚང་བ་ཞིག་མ་རེད། རྒྱུ་མཚན་ནི། མཐའ་དཔྱོད་དེ1847ལོའི་བར་མ་གཏོགས་འདུས་མེད་པས་རེད། དེ་བཞིན་མངོན་གསལ་ཡིན་པ་ནི། གུང་ཁྲན་ཏང་མིས་ངོ་རྒོལ་ཏང་ཁག་སྣ་ཚོགས་ལ་འཛིན་པའི་རྣམ་འགྱུར་ཐད་ཀྱི་གླེང་བརྗོད(ལེའུ་བཞི་པ)རྣམས་དེ་རིང་ཡང་རྩ་དོན་ཐོག་ཡང་དག་པ་ཞིག་ཡིན་རུང་། འོན་ཀྱང་དངོས་སུ་བེད་སྤྱོད་བྱས་ན་ད་ལྟ་དུས་ལས་ཡོལ་ཟིན། རྒྱུ་མཚན་ནི་ཆབ་སྲིད་ཀྱི་གནས་བབ་རྦད་དེ་འགྱུར་ཡོད་པས་ཡིན་ལ། སྐབས་དེར་དཔེར་བླངས་པའི་ཏང་ཁག་ཕལ་ཆེ་བ་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྩ་མེད་གཙང་དག་བཟོས་ཟིན།

འོན་ཀྱང《བསྒྲགས་གཏམ》ནི་ལོ་རྒྱུས་ཀྱི་ཡིག་ཆ་ཞིག་ཡིན་པས། ང་ཚོར་བཟོ་བཅོས་བྱེད་པའི་དབང་ཆ་མེད། ཐེངས་རྗེས་མར་བསྐྱར་དུ་པར་སྐྲུན་བྱེད་དུས། 1847ལོ་ནས་ད་ལྟའི་བར་གྱི་དུས་སྐབས་འདུས་པའི་གླེང་བརྗོད་ཅིག་ཁ་སྣོན་བྱེད་ཐུབ་ན་ཐང་། ད་ཐེངས་བསྐྱར་དུ་པར་སྐྲུན་བྱེད་སྐབས་དུས་ཚོད་ཧ་ཅང་ཐུང་དྲགས་པས། ང་ཚོར་ལས་ཀ་འདི་སྒྲུབ་ལོང་མ་བྱུང་།

ཁར•མར་ཁེ་སི། ཧྥུ་ལི་ཏེ་ལི་ཞི•ཨེན་ཀེ་སི།

1872ལོའི་ཟླ6པའི་ཚེས24ཉིན་ལོན་ཏོན་དུ་བྲིས།


མཉམ་སྤྱོད།