དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འབྱོར་ལྡན་པ་དང་འབྱོར་མེད་པ།(1)

2025-06-16 10:34:44   |   54

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལྟའི་བར་དུ་སྤྱི་ཚོགས་ཡོད་ཚད་ཀྱི་ལོ་རྒྱུས་ནི་ཚང་མ་གྲལ་རིམ་འཐབ་རྩོད་ཀྱི་ལོ་རྒྱུས་ཡིན།

རང་དབང་ཡོད་མཁན་དང་བྲན་གཡོག སྐུ་དྲག་དང་མི་སེར་དཀྱུས་མ། མངའ་བདག་དང་ཞིང་བྲན། ལས་ཚོགས་དགེ་རྒན་དང་གླ་པ་བཅས་ཏེ་ཚིག་གཅིག་ཏུ་མདོར་བསྡུས་ན། གཉའ་གནོན་བྱེད་མཁན་དང་གཉའ་གནོན་མྱོང་མཁན་གཉིས་ནི། ཐོག་མཐའ་བར་གསུམ་དུ་ཕན་ཚུན་འགལ་ཟླའི་གནས་སུ་ལངས་ཏེ། སྐབས་འགར་ལྐོག་གྱུར་དང་སྐབས་འགར་མངོན་གསལ་གྱི་འཐབ་རྩོད་རྒྱུན་མི་ཆད་པ་ཞིག་བྱེད་བཞིན་ཡོད། འཐབ་རྩོད་བྱེད་ཐེངས་རེའི་མཇུག་འབྲས་ནི་སྤྱི་ཚོགས་ཧྲིལ་པོར་གསར་བརྗེའི་སྒྱུར་བཀོད་ཐེབས་པ་དང་ཡང་ན་འཐབ་རྩོད་བྱེད་པའི་གྲལ་རིམ་ཁག་མཉམ་དུ་རྩ་མེད་དུ་འགྲོ་བ་དེ་རེད།

འདས་ཟིན་པའི་ལོ་རྒྱུས་དུས་རབས་སོ་སོར། ང་ཚོས་ཧ་ལམ་ག་ས་གར་མཐོང་ཐུབ་པ་ནི་སྤྱི་ཚོགས་དེ་རྦད་དེ་རིམ་པ་མི་འདྲ་བ་སོ་སོར་གྱེས་ཡོད་པ་དང་། སྤྱི་ཚོགས་ཀྱི་གོ་གནས་རིགས་དང་རྣམ་པ་མི་འདྲ་བ་དུ་མ་ལས་གྲུབ་པའི་བང་རིམ་ཞིག་ཡིན་པ་མཐོང་ཐུབ། གནའ་བོའི་རོ་མར་སྐུ་དྲག་དང་རྟ་པ།མི་སེར་དཀྱུས་མ། བྲན་གཡོག་བཅས་ཡོད་པ་དང་། དུས་རབས་བར་མའི་སྐབས་སུ་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་དང་། མངའ་ཞབས། ལས་ཚོགས་དགེ་རྒན། གླ་པ། ཞིང་བྲན་བཅས་ཡོད་པ་མ་ཟད། ཧ་ལམ་གྲལ་རིམ་སོ་སོའི་ནང་ཁུལ་དུའང་ཁྱད་པར་བའི་རིམ་པ་ཡོད་པ་རེད།

བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་རྩ་མེད་དུ་སོང་བ་ལས་བྱུང་བའི་དེང་རབས་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་དེས་གྲལ་རིམ་འགལ་ཟླ་དེ་རྩ་མེད་དུ་བཏང་མེད། དེས་གྲལ་རིམ་གསར་པ་ཞིག་དང་། གཉའ་གནོན་གྱི་ཆ་རྐྱེན་གསར་པ་ཞིག འཐབ་རྩོད་ཀྱི་བྱེད་སྟངས་གསར་པ་ཞིག་གིས་རྙིང་པའི་ཚབ་བྱས་པ་ཙམ་རེད།

འོན་ཀྱང་། ང་ཚོའི་དུས་རབས་ཏེ། འབྱོར་ལྡན་གྲལ་རིམ་གྱི་དུས་རབས་འདིར། དངོས་གནས་ཁྱད་ཆོས་ཤིག་ཡོད་དེ། དེས་གྲལ་རིམ་འགལ་ཟླ་དེ་སྟབས་བདེ་རུ་བཏང་ཡོད། སྤྱི་ཚོགས་ཧྲིལ་པོ་དེ་ཉིན་རེ་བཞིན་དགྲར་འཛིན་པའི་དཔུང་ཁག་ཆེན་པོ་གཉིས་སུ་དང་། ཕན་ཚུན་ཐད་ཀར་འགལ་ཟླར་ལངས་པའི་གྲལ་རིམ་ཆེན་པོ་གཉིས་ཏེ། འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ་དུ་ཕྱེ་ཡོད།

དུས་རབས་བར་མའི་ཞིང་བྲན་ཁྲོད་ནས་ཐོག་མའི་གྲོང་ཁྱེར་གྱི་མཁར་ཞོལ་གྲོང་ཁྱེར་པ་བྱུང་ལ། གྲོང་ཁྱེར་པའི་རིམ་པ་དེ་ལས་ཆེས་ཐོག་མའི་འབྱོར་ལྡན་གྲལ་རིམ་པ་འཕེལ་རྒྱས་བྱུང་།

མེ་གླིང་གསར་རྙེད་བྱུང་བ་དང་། ཧྥེ་གླིང་བསྐོར་ནས་མཚོ་སྐྱོད་བྱས་པ་དེས། གསར་དར་གྱི་འབྱོར་ལྡན་གྲལ་རིམ་ལ་གནམ་ས་གསར་པ་ཞིག་ཕྱེ་སོང་། ཧིན་རྡུ་ཤར་མ་དང་ཀྲུང་གོའི་ཚོང་ར། མེ་གླིང་མི་སེར་སྤེལ་ཡུལ་དུ་གྱུར་པ་དང་མི་སེར་སྤེལ་ཡུལ་གྱི་ཉོ་ཚོང་། བརྗེ་རེས་བྱེད་ཐབས་དང་སྤྱིར་བཏང་གི་ཚོང་རྫས་འཕར་སྣོན་བྱུང་བ་བཅས་ཀྱི་དབང་གིས་ཚོང་ལས་དང་། མཚོ་འགྲུལ་ལས་རིགས། བཟོ་ལས་བཅས་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཆེན་པོ་བྱུང་སོང་། དེའི་རྐྱེན་གྱིས་ཐོར་ཞིག་ཏུ་འགྲོ་བཞིན་པའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ནང་ཁུལ་གྱི་གསར་བརྗེའི་རྒྱུ་རྐྱེན་དེ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་རེད།

སྔོན་ཆད་ཀྱི་བཀས་བཀོད་རྒྱུད་འཛིན་དང་ཡང་ན་ལས་ཚོགས་ཀྱི་བཟོ་ལས་བདག་གཉེར་བྱེད་སྟངས་དེས་ཚོང་ར་གསར་བ་བྱུང་བ་དང་བསྟུན་ནས་འཕར་སྣོན་བྱུང་བའི་དགོས་མཁོ་དེ་སྐོང་མ་ཐུབ། བཟོ་རའི་ལག་ཤེས་བཟོ་ལས་ཀྱིས་བདག་གཉེར་བྱེད་སྟངས་དེའི་ཚབ་བྱས་པ་རེད། ལས་ཚོགས་དགེ་རྒན་དེ་བཟོ་ལས་ཀྱི་རིམ་པ་བར་མས་ཟུར་འབུད་བཏང་བ་དང་། ལས་རིགས་ཁག་རྩ་འཛུགས་ཕན་ཚུན་ཁྲོད་ཀྱི་ལས་བགོས་དེ། ལས་གྲྭ་ཁག་གི་ནང་ཁུལ་གྱི་ལས་བགོས་བྱུང་བ་དང་བསྟུན་ནས་མེད་པར་གྱུར་པ་རེད།

ཡིན་ནའང་། ཚོང་ར་ནམ་ཡང་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། དགོས་མཁོ་ནམ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ཐ་ན་བཟོ་རའི་ལག་ཤེས་བཟོ་ལས་ཀྱིས་ཀྱང་དགོས་མཁོ་དེ་སྐོང་ཐུབ་ཀྱི་མེད། དེའི་སྟབས་ཀྱིས། རླངས་ཤུགས་དང་འཕྲུལ་འཁོར་དར་ནས་བཟོ་ལས་ཐོན་སྐྱེད་ཀྱི་གསར་བརྗེ་བྱུང་བ་རེད། དེང་རབས་བཟོ་ལས་ཆེན་པོས་བཟོ་རའི་ལག་ཤེས་བཟོ་ལས་ཀྱི་ཚབ་བྱས་པ་དང་། བཟོ་ལས་ཁྲོད་ཀྱི་སྒོར་ས་ཡ་ཡོད་པའི་ཕྱུག་པོ་དང་། ཐོན་ལས་དམག་དཔུང་ཆེན་པོ་རེ་རེའི་མགོ་གཙོ། དེང་རབས་འབྱོར་ལྡན་པ་བཅས་ཀྱིས་བཟོ་ལས་ཀྱི་རིམ་པ་བར་མའི་ཚབ་བྱས།

བཟོ་ལས་ཆེན་པོས་མེ་གླིང་གསར་རྙེད་བྱུང་བར་གྲ་སྒྲིག་ཡག་པོ་བྱས་ཡོད་པའི་འཛམ་གླིང་ཚོང་ར་བཙུགས། འཛམ་གླིང་ཚོང་ར་དེས་ཚོང་ལས་དང་། མཚོ་འགྲུལ་ལས་རིགས། སྐམ་སའི་འགྲིམ་འགྲུལ་བཅས་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བཏང་ལ། འཕེལ་རྒྱས་དེས་ཕྱིར་བཟོ་ལས་རྒྱ་སྐྱེད་པར་སྐུལ་འདེད་བྱས། དུས་མཚུངས་སུ། བཟོ་ལས་དང་ཚོང་ལས། མཚོ་འགྲུལ་ལས་རིགས། ལྕགས་ལམ་སོགས་ཀྱི་རྒྱ་སྐྱེད་དང་བསྟུན་ནས། འབྱོར་ལྡན་གྲལ་རིམ་ཡང་ཚད་མཚུངས་སྟེང་འཕེལ་རྒྱས་སུ་སོང་ནས། རང་ཉིད་ཀྱི་མ་རྩ་འཕར་སྣོན་བྱུང་ཡོད་ཅིང་། དུས་རབས་བར་མའི་སྐབས་སུ་ཤུལ་ལུས་བྱུང་བའི་གྲལ་རིམ་མཐའ་དག་ཟུར་འབུད་བྱས་ནས་རྒྱབ་ཏུ་གཡུགས།

དེ་ལས་མཐོང་ཐུབ་པ་ནི། དེང་རབས་འབྱོར་ལྡན་གྲལ་རིམ་རང་ཉིད་ནི་ཡུན་རིང་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་གྱི་ཐོན་དངོས་ཤིག་ཡིན་པ་དང་། ཐོན་སྐྱེད་བྱེད་སྟངས་དང་བརྗེ་རེས་བྱེད་སྟངས་ཐད་འགྱུར་ལྡོག་རབ་དང་རིམ་པ་བྱུང་བའི་ཐོན་དངོས་ཤིག་ཡིན་པ་དེ་རེད།

འབྱོར་ལྡན་གྲལ་རིམ་གྱི་འཕེལ་རྒྱས་ཀྱི་དུས་རིམ་སོ་སོར། དེ་དང་མཐུན་པའི་ཆབ་སྲིད་ཐོག་གི་འཕེལ་རྒྱས་ཀྱང་ཡོད་དེ། བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་གིས་དབང་སྒྱུར་འོག་དེ་ནི་གཉའ་གནོན་མྱོང་མཁན་གྱི་རིམ་པ་ཡིན་པ་དང་། སྤྱི་ཁང་ནང་དུ་དྲག་དཔུང་དང་རང་སྐྱོང་གཉིས་ལྡན་གྱི་ཚོགས་པ་ཞིག་ཡིན་ལ། ས་གནས་ཁ་ཤས་སུ་དེས་རང་ཚུགས་ཀྱི་གྲོང་ཁྱེར་སྤྱི་མཐུན་རྒྱལ་ཁབ་བཙུགས་ཡོད་ཅིང་། ས་གནས་གཞན་ཁ་ཤས་སུ་རྒྱལ་པོའི་རྒྱལ་ཁབ་ཀྱི་དཔྱ་ཁྲལ་འབུལ་མཁན་གྱི་རིམ་པ་གསུམ་པ་བཙུགས་ཡོད། རྗེས་སུ་བཟོ་རའི་ལག་ཤེས་བཟོ་ལས་ཀྱི་དུས་སྐབས་སུ། དེ་ནི་རིམ་ལྡན་ལམ་ལུགས་ཀྱི་རྒྱལ་པོའི་རྒྱལ་ཁབ་དང་ཡང་ན་སྒེར་གཅོད་ལམ་ལུགས་ཀྱི་རྒྱལ་པོའི་རྒྱལ་ཁབ་ཁྲོད་དུ་སྐུ་དྲག་དང་འགྲན་རྒོལ་བྱེད་པའི་སྟོབས་ཤུགས་ཡིན་པ་མ་ཟད། རྒྱལ་པོའི་རྒྱལ་ཁབ་ཆེན་པོའི་རྨང་གཞི་གཙོ་བོ་ཞིག་ཀྱང་ཡིན། མཐའ་མར། བཟོ་ལས་ཆེན་པོ་དང་འཛམ་གླིང་ཚོང་ར་བཙུགས་པའི་དུས་ནས་བཟུང་། དེང་རབས་ཀྱི་ཚབ་གྲོས་ལམ་ལུགས་ཀྱི་རྒྱལ་ཁབ་ནང་དེས་སྒེར་བཟུང་གི་ཆབ་སྲིད་དབང་སྒྱུར་དེ་ཕྲོགས་ཐུབ་སོང་། དེང་རབས་རྒྱལ་ཁབ་ཀྱི་སྲིད་དབང་དེ་ནི་འབྱོར་ལྡན་གྲལ་རིམ་ཧྲིལ་པོའི་ཐུན་མོང་གི་བྱ་གཞག་ལ་དོ་དམ་བྱེད་མཁན་གྱི་ཨུ་ཡོན་ལྷན་ཁང་ཙམ་ཞིག་རེད།

འབྱོར་ལྡན་གྲལ་རིམ་གྱིས་དེ་སྔའི་ལོ་རྒྱུས་ཐོག་གསར་བརྗེའི་ནུས་པ་ཧ་ཅང་ཆེན་པོ་ཞིག་ཐོན་མྱོང་།

འབྱོར་ལྡན་གྲལ་རིམ་གྱིས་རང་ཉིད་ཀྱིས་དབང་སྒྱུར་བྱེད་ཐུབ་པའི་ས་གནས་སུ་བཀས་བཀོད་རྒྱུད་འཛིན་དང་། ཁྱིམ་རྒྱུད། ཞིང་སྡེའི་དཔལ་མཚོན་སྙན་ཚིག་ལྟ་བུའི་འབྲེལ་བ་ཚང་མ་གཏོར་བརླག་བྱས་ཚར། དེས་སྙིང་རྗེ་མེད་པའི་སྒོ་ནས་མི་རྣམས་རང་བྱུང་མགོ་གཙོའི་འཆིང་རྒྱར་ཚུད་པའི་བཀས་བཀོད་རྒྱུད་འཛིན་གྱི་འཆིང་ཐག་འདྲ་མིན་སྣ་ཚོགས་བཅད་པ་དང་། དེས་མི་དང་མིའི་བར་ལ་དམར་རྗེན་གྱི་ཕན་གནོད་འབྲེལ་བ་དང་། བརྩེ་བ་བྲལ་བའི“ལག་དངུལ་བརྗེ་རེས”ཁོ་ན་མ་གཏོགས། གཞན་གང་གི་འབྲེལ་བ་ཡང་མེད་པར་བཟོས། དེས་ཆོས་ལུགས་ཀྱི་ལྷག་བསམ་དང་། རྟ་པའི་སྤྲོ་འཁོལ། གྲོང་ཁྱེར་པ་ཆུང་ངུའི་སྐྱོ་སྣང་ལ་སོགས་པའི་བླ་མེད་ཀྱི་བརྩེ་དུང་དེ་རྣམས་རང་ཕན་རིང་ལུགས་ཀྱི་རེ་འདོད་ཀྱིས་ཁེངས་པའི་འཁྱག་ཆུར་བྱིང་དུ་བཅུག་སོང་། དེས་མིའི་ལ་རྒྱ་དེ་བརྗེ་རེས་བྱེད་པའི་རིན་ཐང་དུ་བསྒྱུར་ལ། རྒྱུ་འབྲས་བྲལ་བའི་ཉོ་ཚོང་རང་དབང་ཞིག་གིས་དམིགས་བསལ་གྱིས་ཁས་བླངས་པ་དང་རང་ཉིད་ཀྱིས་བརྩོན་ལེན་ལས་ཐོབ་པའི་རང་དབང་བགྲང་ལས་འདས་པ་དེའི་ཚབ་བྱས། མདོར་བསྡུས་ནས་བཤད་ན། དེས་མངོན་གསལ་དང་ཁྲེལ་མེད། ཐད་ཀར། དམར་རྗེན་གྱི་བཤུ་གཞོག་གིས་ཆོས་ལུགས་སྟོང་བསམ་དང་ཆབ་སྲིད་སྟོང་བསམ་གྱིས་གཡོ་འགེབས་བྱེད་པའི་བཤུ་གཞོག་གི་ཚབ་བྱས་པ་རེད།

འབྱོར་ལྡན་གྲལ་རིམ་གྱིས་མི་རྣམས་ཀྱིས་ནམ་རྒྱུན་གོང་བཀུར་དང་གུས་འདུད་བྱེད་པའི་ལས་རིགས་མཐའ་དག་གི་གཟི་འོད་དེ་མེད་པར་བཟོས། དེས་སྨན་པ་དང་ཁྲིམས་རྩོད་པ། ཆོས་པ། སྙན་ངག་པ། ཡོན་ཏན་ཅན་ལ་སོགས་རང་ཉིད་ཀྱིས་སྒོར་མོས་གླས་པའི་གླ་པ་ངལ་རྩོལ་པར་བསྒྱུར་བ་རེད།

འབྱོར་ལྡན་གྲལ་རིམ་གྱིས་ཁྱིམ་ཚང་གི་འབྲེལ་བའི་ཐོག་གཡོགས་པའི་སེང་རས་ཀྱི་ངོ་ཁེབས་བྱམས་བརྩེ་ཅན་དེ་གཤགས་ཤིང་། འབྲེལ་བ་དེ་དངུལ་སྒོར་རྐྱང་རྐྱང་གི་འབྲེལ་བ་ཞིག་ཏུ་བསྒྱུར་བ་རེད།

འབྱོར་ལྡན་གྲལ་རིམ་གྱིས་གསལ་བོ་བསྟན་པ་ནི། དུས་རབས་བར་མའི་སྐབས་སུ་ལོག་སྤྱོད་ཕྱོགས་ཁག་གིས་ཁས་ལེན་བྱེད་པའི་མིའི་གདུག་རྩུབ་ཀྱི་བཀོལ་སྤྱོད་དེར། དེ་དང་མཐུན་པའི་སྒྱིད་ལུག་བག་གཡེང་གིས་ཁ་གསབ་བྱས་ཡོད། དེས་ཐོག་དང་པོར་བདེན་དཔང་བྱས་པ་ནི། མིའི་བྱ་སྤྱོད་ཀྱིས་གྲུབ་འབྲས་ག་འདྲ་ལེན་ཐུབ་པ་དེ་རེད། དེས་ཨེ་ཅིབ་ཀྱི་གཏོར་གཟུགས་བང་སོ་དང་རོ་མའི་ས་འོག་ཆུ་ལམ། ཀོ་ཐེ་དབྱིབས་ཅན་གྱི་ཆོས་ཁང་བཅས་དང་རྦད་དེ་མི་འདྲ་བའི་བྱས་རྗེས་ངོ་མཚར་ཅན་ཞིག་གསར་སྐྲུན་བྱས་ཤིང་། དེས་མི་རིགས་གནས་སྤོ་ཆེན་པོ་དང་རྒྱ་གྲམ་དམག་གི་དཔུང་འཇུག་བྱེད་པ་དང་རྦད་དེ་མི་འདྲ་བའི་རྒྱང་སྐྱོད་དཔུང་འཇུག་བྱེད་པ་ཡོངས་འགྲུབ་བྱས།

འབྱོར་ལྡན་གྲལ་རིམ་གྱིས་ཐོན་སྐྱེད་ཡོ་བྱད་དང་ཐོན་སྐྱེད་འབྲེལ་བ། དེ་ནས་སྤྱི་ཚོགས་ཀྱི་འབྲེལ་བ་ཡོངས་རྫོགས་རྒྱུན་ཆད་མེད་པར་གསར་བརྗེ་བྱས་ན་མ་གཏོགས། གནས་ཐབས་ཡོད་པ་མ་རེད། དེ་ལས་ལྡོག་སྟེ། ཐོན་སྐྱེད་བྱེད་སྟངས་རྙིང་པ་དེ་འགུལ་མེད་སོར་བཞག་ངང་རྒྱུན་འཁྱོངས་བྱེད་རྒྱུ་ནི། སྔོན་ཆད་ཀྱི་བཟོ་ལས་གྲལ་རིམ་མཐའ་དག་གནས་ཐབས་བྱེད་པའི་ཆ་རྐྱེན་ཐོག་མ་རེད། ཐོན་སྐྱེད་མུ་མཐུད་དུ་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་གནས་ཚུལ་མཐའ་དག་མཚམས་མེད་པར་གཡོ་འགུལ་བྱུང་བ། ནམ་ཡང་བདེ་བརྟན་མེད་པ་དང་འགྱུར་ལྡོག་བྱུང་བ་བཅས་ནི། འབྱོར་ལྡན་གྲལ་རིམ་གྱི་དུས་རབས་དེ་སྔོན་ཆད་ཀྱི་དུས་རབས་མཐའ་དག་དང་མི་འདྲ་ས་དེ་རེད། བརྟན་འཇགས་ཆགས་པའི་འབྲེལ་བ་རྙིང་པ་ཡོད་ཚད་དང་དེ་དང་མཐུན་ཞིང་ནམ་རྒྱུན་མི་ཚོས་གོང་བཀུར་བྱེད་པའི་འདུ་ཤེས་དང་ལྟ་ཚུལ་ཚང་མ་མེད་པར་གྱུར་པ་དང་། གསར་དུ་ཆགས་པའི་འབྲེལ་བ་ཚང་མ་བརྟན་འཇགས་མ་བྱུང་གོང་ནས་རྙིང་པར་གྱུར་ཚར། རིམ་པ་དང་བརྟན་འཇགས་བྱུང་བའི་རིགས་ཚང་མ་རྩ་བ་ནས་མེད་པར་གྱུར་ཡོད། མཆོག་ཏུ་གྱུར་པའི་རིགས་ཚང་མ་ཁྱད་གསོད་བྱེད་ཡུལ་དུ་གྱུར། མཐར་མི་རྣམས་ཀྱིས་བབ་བརླིང་གི་ངང་ནས་ཁོ་ཚོའི་འཚོ་བའི་གོ་གནས་དང་ཕན་ཚུན་བར་གྱི་འབྲེལ་བར་མི་ལྟ་ཐབས་མེད་བྱུང་།


མཉམ་སྤྱོད།