དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འབྱོར་མེད་པ་དང་གུང་ཁྲན་ཏང་མི། (༢)

2025-07-15 17:44:58   |   86

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


དེང་དུས་ཀྱི་འབྱོར་ལྡན་གྲལ་རིམ་གྱི་ཐོན་སྐྱེད་འབྲེལ་བའི་ཁྱབ་ཁོངས་སུ། རང་དབང་ཟེར་བ་ནི་ཚོང་དོན་རང་དབང་དང་ཉོ་ཚོང་རང་དབང་དེ་རེད།

ཡིན་ནའང་། ཉོ་ཚོང་དེ་མེད་པར་གྱུར་ན། རང་དབང་གི་ཉོ་ཚོང་ཡང་མེད་པར་འགྱུར་བ་རེད། རང་དབང་ཉོ་ཚོང་ཐད་ཀྱི་གཏམ་བརྗོད་དེ་ཡང་ང་ཚོའི་འབྱོར་ལྡན་པའི་རང་དབང་སྐོར་གྱི་ཁ་ཕོ་ཆེ་བའི་འུད་གཏམ་གཞན་དག་དང་གཅིག་འདྲ་སྟེ། དེ་ནི་རང་དབང་མེད་པའི་སྒོ་ནས་ཚོང་བརྒྱག་རྒྱུ་ཁོ་ནར་ཆ་བཞག་ནས་བཤད་པ་དང་། དུས་རབས་བར་མར་བྲན་དུ་བཀོལ་མྱོང་བའི་གྲོང་ཁྱེར་པ་ཁོ་ནར་ཆ་བཞག་ནས་བཤད་ན། ད་གཟོད་དོན་སྙིང་ལྡན་པ་ཞིག་རེད། ཡིན་ནའང་གུང་ཁྲན་རིང་ལུགས་ཀྱིས་ཉོ་ཚོང་རྩ་མེད་གཏོང་བ་དང་། འབྱོར་ལྡན་གྲལ་རིམ་གྱི་ཐོན་སྐྱེད་འབྲེལ་བ་དང་འབྱོར་ལྡན་གྲལ་རིམ་རང་ཉིད་རྩ་མེད་གཏོང་བ་ལ་ཆ་བཞག་ནས་བཤད་ན། དོན་སྙིང་སྤུ་ཙམ་ཡང་མེད་པ་ཞིག་རེད།

ང་ཚོས་སྒེར་དབང་ལམ་ལུགས་རྩ་མེད་གཏོང་བ་དེ་ཁྱོད་ཚོས་ཐོས་མ་ཐག་དངངས་སྐྲག་སྐྱེ་བཞིན་ཡོད། འོན་ཀྱང་། ཁྱོད་ཚོའི་ད་གནས་ཀྱི་སྤྱི་ཚོགས་ཁྲོད། སྒེར་དབང་རྒྱུ་ནོར་དེ་ཁོངས་མི་བཅུ་ཆའི་དགུ་ལ་ཆ་མཚོན་ནས་བཤད་ན་རྩ་མེད་བཏང་ཚར། སྒེར་དབང་ལམ་ལུགས་རིགས་དེ་གནས་ཐུབ་པའི་རྒྱུ་མཚན་ནི། སྒེར་དབང་རྒྱུ་ནོར་དེ་ཁོངས་མི་བཅུ་ཆའི་དགུ་ལ་ཆ་མཚོན་ནས་བཤད་ན་མེད་པར་གྱུར་ཟིན་པའི་རྐྱེན་གྱིས་རེད། དེ་ལས་མཐོང་ཐུབ་པ་ནི།ཁྱོད་ཚོས་ང་ཚོར་སྡིགས་མོ་བྱེད་པ་ནི། ང་ཚོས་སྤྱི་ཚོགས་ཐོག་གི་མི་ཆེས་མང་ཆེ་བར་རྒྱུ་ནོར་མེད་པ་དེ་དགོས་ངེས་ཆ་རྐྱེན་ཡིན་པའི་དབང་བའི་ལམ་ལུགས་རིགས་དེ་རྩ་མེད་གཏོང་བར་དམིགས་ནས་བཤད་ཡོད་པ་རེད། 

མདོར་བསྡུས་ནས་བཤད་ན། ཁྱོད་ཚོས་ང་ཚོར་སྡིགས་མོ་བྱེད་པ་ནི། ང་ཚོས་ཁྱོད་ཚོའི་དབང་བའི་ལམ་ལུགས་རིགས་དེ་རྩ་མེད་གཏོང་བར་དམིགས་ནས་འཆད་བཞིན་ཡོད་པ་རེད། ངོ་མ་རང་རེད། ང་ཚོས་དེ་ལྟར་བསྒྲུབ་རྒྱུ་ཡིན།

ངལ་རྩོལ་དེ་སླར་ཡང་མ་རྩ་དང་། དངུལ་ལོར། ས་བོགས་བཅས་ལ་འགྱུར་མི་ཐུབ་པ་སྟེ། ཚིག་གཅིག་ཏུ་བསྡུས་ནས་བཤད་ན། སླར་ཡང་སྒེར་སྡོམ་བྱེད་རུང་བའི་སྤྱི་ཚོགས་སྟོབས་ཤུགས་ཤིག་ལ་འགྱུར་མི་ཐུབ་པའི་དུས་སྐབས་ནས་བཟུང་། དེ་གསལ་བོར་བཤད་ན། མི་སྒེར་གྱི་རྒྱུ་ནོར་དེ་སླར་ཡང་འབྱོར་ལྡན་གྲལ་རིམ་གྱི་རྒྱུ་ནོར་ལ་འགྱུར་མི་ཐུབ་པའི་དུས་སྐབས་ནས་བཟུང་། ཁྱོད་ཚོས་རང་གཤིས་དེ་རྩ་མེད་ཕྱིན་ཚར་བ་རེད་ཟེར།

དེ་ལས་མཐོང་ཐུབ་པ་ནི། ཁྱོད་ཚོས་གོ་བ་ལེན་པའི་རང་གཤིས་ནི། འབྱོར་ལྡན་པ་དང་། འབྱོར་ལྡན་གྲལ་རིམ་གྱི་སྒེར་དབང་པ་ཁོ་ན་ཙམ་ཡིན་པ་ཁྱོད་ཚོས་ཁས་བླངས་ཡོད། འདི་ལྟ་བུའི་རང་གཤིས་དེ་དངོས་གནས་རྩ་མེད་དུ་གཏོང་དགོས་པ་ཞིག་རེད།

གུང་ཁྲན་རིང་ལུགས་ཀྱིས་མི་སུ་དང་གང་གིས་སྤྱི་ཚོགས་ཐོན་རྫས་བདག་བཟུང་བྱེད་པའི་དབང་ཆ་འཕྲོག་པ་མིན་ཏེ། དེས་འཕྲོག་པ་ནི་བདག་བཟུང་རིགས་དེ་སྤྱད་ནས་གཞན་པ་བྲན་བཀོལ་བྱས་ཏེ་ངལ་རྩོལ་བྱེད་དུ་འཇུག་པའི་དབང་ཆ་དེ་ཁོ་ན་རེད།

མི་ཁ་ཤས་ཀྱིས་སྒེར་དབང་ལམ་ལུགས་རྩ་མེད་བཏང་ཚེ། བྱ་གཞག་ཚང་མ་མཚམས་ཆད་པ་དང་། སྒྱིད་ལུག་གི་སྤྱོད་ཚུལ་དར་འགྲོ་བ་རེད་ཅེས་དགག་ལན་སྤྲད་ཡོང་།

དེ་འདྲ་བཤད་ན། འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ནི་སྒྱིད་ལུག་ཡིན་པའི་རྐྱེན་གྱིས་སྔ་ས་ནས་མེད་པར་གྱུར་ན་འགྲིག་ཡོད། རྒྱུ་མཚན་ནི་སྤྱི་ཚོགས་དེའི་ནང་དུ་ངལ་རྩོལ་བྱེད་མཁན་ལ་ཐོབ་ཆ་མེད་པ་དང་། ཐོབ་མཁན་གྱིས་ནི་ངལ་རྩོལ་མི་བྱེད་པས་རེད། སེམས་ཁྲལ་དེ་ཚོ་ཚང་མ་དོན་འདྲ་བའི་བསྐྱར་ཟློས་འདི་འདྲ་ཞིག་ལ་བསྡུས་ཆོག་སྟེ། གལ་སྲིད་མ་རྩ་མེད་སོང་ཚེ། གླ་པའི་ངལ་རྩོལ་ཟེར་བའང་མེད་པར་གྱུར་པ་རེད།

གུང་ཁྲན་རིང་ལུགས་ཀྱི་དངོས་པོའི་ཐོན་རྫས་ཀྱི་བདག་བཟུང་བྱེད་སྟངས་དང་ཐོན་སྐྱེད་བྱེད་སྟངས་ཐད་ཀྱི་སྡིགས་མོ་ཡོད་ཚད། བསམ་པའི་ཐོན་རྫས་ཀྱི་བདག་བཟུང་དང་ཐོན་སྐྱེད་བྱེད་པའི་ཕྱོགས་ལ་རྒྱ་བསྐྱེད་པ་རེད། གྲལ་རིམ་གྱི་དབང་བའི་ལམ་ལུགས་མཚམས་བཞག་པ་དེ་འབྱོར་ལྡན་པས་བལྟས་ན་ཐོན་སྐྱེད་དེ་ཉིད་མཚམས་བཞག་པ་དང་འདྲ་བར། གྲལ་རིམ་གྱི་སློབ་གསོ་མཚམས་བཞག་པ་དེ་ཁོ་ཚོས་བལྟས་ན་སློབ་གསོ་ཚང་མ་མཚམས་བཞག་པ་དང་གཅིག་འདྲ་རེད། 

འབྱོར་ལྡན་པས་རྩ་མེད་འགྲོ་ངེས་རེད་བསམ་པའི་སེམས་ཁྲལ་བྱེད་པའི་སློབ་གསོ་རིགས་དེ་ནི། མི་ཆེས་མང་ཆེ་བར་ཆ་མཚོན་ནས་བཤད་ན་མི་རྣམས་སྦྱོང་བརྡར་བྱས་ཏེ་འཕྲུལ་འཁོར་ལ་འགྱུར་བ་བྱེད་རྒྱུ་ཙམ་ཞིག་རེད།

འོན་ཀྱང་། ཁྱོད་ཚོས་ཁྱོད་ཚོ་འབྱོར་ལྡན་གྲལ་རིམ་གྱི་རང་དབང་དང་སློབ་གསོ། ཁྲིམས་ལུགས་ལ་སོགས་པའི་སྐོར་གྱི་འདུ་ཤེས་ཀྱིས་འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་མེད་པར་བཟོ་རྒྱུའི་འདོད་ཚུལ་ལ་ཚད་ལེན་བྱེད་བཞིན་ཡོད་པས། ཁྱོད་ཚོས་ང་ཚོ་དང་རྩོད་པ་མི་རྒྱག་རོགས། ཁྱོད་ཚོའི་ལྟ་ཚུལ་དེ་ཉིད་ནི་འབྱོར་ལྡན་གྲལ་རིམ་གྱི་ཐོན་སྐྱེད་འབྲེལ་བ་དང་དབང་བའི་ལམ་ལུགས་ཀྱི་འབྲེལ་བའི་ཐོན་དངོས་ཡིན། དེ་ནི་ཁྱོད་ཚོའི་ཁྲིམས་དེ་བཅའ་ཁྲིམས་སུ་བརྩིས་པའི་ཁྱོད་ཚོའི་གྲལ་རིམ་གྱི་འདོད་བློ་ཙམ་ཡིན་པ་དང་གཅིག་འདྲ་རེད།  འདོད་བློ་རིགས་དེའི་ནང་དོན་ནི་ཁྱོད་ཚོའི་གྲལ་རིམ་གྱི་དངོས་པོའི་འཚོ་བའི་ཆ་རྐྱེན་གྱིས་ཐག་གཅོད་བྱས་པ་རེད།

ཁྱོད་ཚོའི་རང་ཕན་གྱི་འདུ་ཤེས་དེས་ཁྱོད་ཚོ་རང་ཉིད་ཀྱི་ཐོན་སྐྱེད་འབྲེལ་བ་དང་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་དེ། ལོ་རྒྱུས་དང་ཐོན་སྐྱེད་གོ་རིམ་ཁྲོད་གནས་སྐབས་ཙམ་གྱི་འབྲེལ་བ་ནས་རྟག་བརྟན་གྱི་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་རྗེས་དཔག་གི་ཆོས་ཉིད་ཅིག་ལ་བསྒྱུར་དུ་བཅུག རང་ཕན་གྱི་འདུ་ཤེས་དེའི་རིགས་ནི་ཁྱོད་ཚོ་དང་རྩ་མེད་དུ་གྱུར་པའི་དབང་སྒྱུར་གྲལ་རིམ་ཚང་མར་ཐུན་མོང་དུ་ཡོད་པ་ཞིག་རེད། གནའ་རབས་ཀྱི་དབང་བའི་ལམ་ལུགས་སྐོར་བཤད་སྐབས་ཁྱོད་ཚོས་གོ་བ་ལེན་ཐུབ་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་དབང་བའི་ལམ་ལུགས་སྐོར་བཤད་སྐབས་ཁྱོད་ཚོས་གོ་བ་ལེན་ཐུབ་ལ། འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་སྐོར་བཤད་སྐབས་ཁྱོད་ཚོས་ཡེ་ནས་གོ་བ་ལེན་ཐུབ་མ་སོང་།

ཁྱིམ་ཚང་རྩ་མེད་དུ་བཏང་བ། རྩེར་སོན་པའི་དྲག་སྐྱོད་ཏང་མི་ཡང་གུང་ཁྲན་ཏང་མིའི་ངོ་ཚ་མེད་པའི་བློ་འདོད་དེར་ཁོང་ཁྲོ་ལང་བཞིན་ཡོད།

དེང་རབས་དང་འབྱོར་ལྡན་གྲལ་རིམ་གྱི་ཁྱིམ་ཚང་རྨང་གཞི་ག་འདྲ་ཞིག་གི་སྟེང་དུ་བཙུགས་པ་རེད་དམ་ཟེར་ན། དེ་ནི་མ་རྩའི་སྟེང་དུ་བཙུགས་པ་དང་། མི་སྒེར་རྒྱུ་ཐོག་ལ་བརྒྱབ་པའི་སྟེང་དུ་བཙུགས་པ་ཞིག་རེད། ཁྱིམ་ཚང་རིགས་དེ་འབྱོར་ལྡན་གྲལ་རིམ་ཁོ་ནའི་ས་རུ་ད་གཟོད་ཆེས་ཆེར་འཕེལ་རྒྱས་ཀྱི་རྣམ་པའི་ཆ་ནས་གནས་པ་དང་། འབྱོར་མེད་པ་འུ་ཐུག་ནས་ཁེར་རྐྱང་དུ་སྡོད་པ་དང་མངོན་གསལ་གྱིས་སྨད་འཚོང་བྱེད་པ་ནི་དེའི་ཁ་གསབ་རེད།

འབྱོར་ལྡན་པའི་ཁྱིམ་ཚང་ནི་དེའི་ཁ་གསབ་རིགས་དེ་མེད་པར་གྱུར་པ་དང་བསྟུན་ནས་རང་ཤུགས་ཀྱིས་མེད་པར་འགྱུར་བ་དང་། དེ་གཉིས་ཀ་མ་རྩ་མེད་པར་གྱུར་པ་དང་བསྟུན་ནས་མེད་པར་འགྱུར།

གལ་ཏེ་ཁྱོད་ཚོས་ང་ཚོར་ཕ་མས་བུ་ཕྲུག་ལ་བཤུ་གཞོག་གཏོང་བ་དེ་རྩ་མེད་དུ་གཏོང་གིན་ཡོད་ཅེས་སྡིགས་མོ་བཏང་བ་ཡིན་ན། ང་ཚོས་ནག་ཉེས་རིགས་དེ་ཁས་བླངས་པ་ཡིན།

འོན་ཀྱང་། ཁྱོད་ཚོ་ན་རེ། ང་ཚོས་སྤྱི་ཚོགས་ཀྱི་སློབ་གསོས་ཁྱིམ་ཚང་གི་སློབ་གསོའི་ཚབ་བྱེད་པ་དེ། མི་རྣམས་ཀྱི་ཆེས་མཛའ་གཅུགས་ཀྱི་འབྲེལ་བ་དེ་རྩ་མེད་དུ་བཏང་བ་རེད་ཟེར།

དེས་ན་ཁྱོད་ཚོའི་སློབ་གསོ་དེ་ཡང་སྤྱི་ཚོགས་ཀྱིས་ཐག་བཅད་པ་ཞིག་མ་ཡིན་ནམ། ཁྱོད་ཚོས་སློབ་གསོ་གཏོང་སྐབས་ཀྱི་སྤྱི་ཚོགས་ཀྱི་འབྲེལ་བ་དེས་ཐག་བཅད་པ་ཞིག་མ་ཡིན་ནམ། སྤྱི་ཚོགས་ཀྱིས་སློབ་གྲྭ་སོགས་ལ་བརྟེན་ནས་ཐད་ཀར་དང་ཡང་ན་གཞན་བརྒྱུད་ཀྱིས་ཐེ་གཏོགས་བྱེད་པར་བརྟེན་ནས་ཐག་བཅད་པ་ཞིག་མ་ཡིན་ནམ། གུང་ཁྲན་ཏང་མིས་སྤྱི་ཚོགས་ཀྱིས་སློབ་གསོ་ལ་ཐོན་པའི་ནུས་པ་ཞིག་གསར་གཏོད་བྱས་མེད། ཁོ་ཚོས་ནུས་པ་རིགས་དེའི་ངོ་བོ་སྒྱུར་བཅོས་བྱེད་རྒྱུ་ཙམ་དང་། སློབ་གསོ་དེ་དབང་སྒྱུར་གྲལ་རིམ་གྱི་ཤུགས་རྐྱེན་ལས་ཐར་ཐུབ་པ་བྱེད་རྒྱུ་ཙམ་ལས་གཞན་གང་ཡང་བྱེད་ཀྱིན་མེད།

འབྱོར་མེད་པའི་ཁྱིམ་ཚང་གི་འབྲེལ་བ་མཐའ་དག་བཟོ་ལས་ཆེན་པོ་འཕེལ་རྒྱས་ཀྱི་དབང་གིས་གཏོར་བརླག་ཇི་ཙམ་ཐེབས་ན། ཁོ་ཚོའི་བུ་ཕྲུག་རྣམས་འཕེལ་རྒྱས་རིགས་དེའི་དབང་གིས་དེ་ཙམ་གྱིས་ཁེར་གཙང་གི་ཚོང་རྫས་དང་ངལ་རྩོལ་ཡོ་བྱད་དུ་འགྱུར་ངེས། ཁྱིམ་ཚང་དང་སློབ་གསོ། ཕ་མ་དང་བུ་ཕྲུག་གི་མཛའ་མཐུན་འབྲེལ་བའི་སྐོར་གྱི་འབྱོར་ལྡན་གྲལ་རིམ་གྱི་སྟོང་གཏམ་ལ་མི་རྣམས་ལྷག་པར་སྐྱུག་བྲོ་ངེས་རེད།

ཡིན་ནའང་། ཁྱོད་ཚོ་གུང་ཁྲན་ཏང་མིས་ཆུང་མ་སྤྱི་ལ་དབང་བའི་ལམ་ལུགས་ལག་ལེན་བྱེད་རྒྱུ་རེད། འབྱོར་ལྡན་གྲལ་རིམ་ཡོངས་རྫོགས་ཀྱིས་མ་གྲོས་མགྲིན་གཅིག་གིས་ང་ཚོར་སྐད་ཅོར་འདི་འདྲ་རྒྱག་པ་རེད།

འབྱོར་ལྡན་པས་རང་ཉིད་ཀྱི་ཆུང་མ་དེ་ཐོན་སྐྱེད་ཡོ་བྱད་ཁེར་གཙང་ཞིག་ལ་བརྩི་བཞིན་ཡོད། ཁོ་ཚོས་ཐོན་སྐྱེད་ཡོ་བྱད་ཐུན་མོང་གིས་བེད་སྤྱོད་བྱེད་ཅེས་བཤད་པ་ཐོས་སྐབས། རང་ཤུགས་ཀྱིས་བུད་མེད་རྣམས་ལའང་ལས་སྐལ་དེ་འདྲ་ཞིག་འབྱུང་ངེས་རེད་ཅེས་མི་བསམ་རང་བསམ་བྱུང་སོང་།

ཁོ་ཚོས་བློ་ཡུལ་ལས་འདས་པའི་གནད་དོན་ནི་ཏག་ཏག་བུད་མེད་རྣམས་ཀྱི་ཐོན་སྐྱེད་ཡོ་བྱད་ཁེར་གཙང་ཞིག་གི་གོ་གནས་ཙམ་མིན་པ་བྱེད་རྒྱུ་དེ་རེད།

དོན་དངོས་སུ། ང་ཚོའི་འབྱོར་ལྡན་པས་རང་ཉིད་ཚུལ་ལྡན་ཞིག་ཡིན་ཁུལ་བྱས་ནས། གུང་ཁྲན་ཏང་མིའི་ཆུང་མ་སྤྱི་ལ་དབང་བའི་ལམ་ལུགས་དངོས་ཟེར་བ་དེར་ཧ་ལས་བཞིན་ཡོད། དེ་ནི་ཧ་ཅང་དགོད་བྲོ་བ་ཞིག་ལས་མ་འདས། ཆུང་མ་སྤྱི་ལ་དབང་བའི་ལམ་ལུགས་དེ་གུང་ཁྲན་ཏང་མིས་ལག་ལེན་བྱེད་མི་དགོས་པར། ཧ་ལམ་སྔ་ས་ནས་ཡོད་པ་ཞིག་རེད།

ང་ཚོའི་འབྱོར་ལྡན་པས་ཁོ་ཚོའི་འབྱོར་མེད་པའི་ཆུང་མ་དང་བུ་མོ་རྣམས་ཁོ་ཚོས་བཀོལ་བ་ཙམ་གྱིས་ཡིད་མི་ཚིམ་ལ། དངོས་སུ་སྨད་འཚོང་མ་བྱས་པ་དེ་བས་ཀྱང་བཤད་མ་དགོས་ཤིང་། ཁོ་ཚོས་ད་དུང་ཕན་ཚུན་གྱི་ཆུང་མ་བསླུ་གཡེམ་བྱེད་པ་དེ་སྤྲོ་སྐྱིད་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད།


མཉམ་སྤྱོད།