དེ་རིང་ནི2025ལོའི་ཟླ07པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་འབྱོར་མེད་པ་དང་གུང་ཁྲན་ཏང་མི། (༡)

2025-07-14 09:27:11   |   32

རྩོམ་སྒྲིག ཉི་མ་ཚེ་རིང་། ཡོང་ཁུངས། 《གུང་ཁྲན་ཏང་གི་བསྒྲགས་གཏམ》 བཤེར་འབེབས། རིན་ཆེན་ཚེ་རིང་།


གུང་ཁྲན་ཏང་མི་དང་འབྱོར་མེད་པ་ཡོངས་ཀྱི་འབྲེལ་བ་དེ་ག་འདྲ་ཞིག་ཡིན་ཟེར་ན།

གུང་ཁྲན་ཏང་མི་ནི་བཟོ་པའི་སྲིད་ཏང་གཞན་དང་འགལ་ཟླར་ལངས་པའི་དམིགས་བསལ་གྱི་སྲིད་ཏང་ཞིག་མིན།

ཁོ་ཚོར་འབྱོར་མེད་གྲལ་རིམ་ཧྲིལ་པོའི་ཁེ་ཕན་དང་མི་འདྲ་བའི་ཁེ་ཕན་གང་ཡང་མེད།

ཁོ་ཚོས་འབྱོར་མེད་གྲལ་རིམ་གྱི་ལས་འགུལ་བཞེངས་སྐྲུན་བྱེད་པར་དམིགས་བསལ་གྱི་རྩ་དོན་གང་ཡང་བཏོན་མེད།

གུང་ཁྲན་ཏང་མི་དང་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་གཞན་དག་བར་གྱི་མི་འདྲ་ས་ནི། ཕྱོགས་གཅིག་ནས། འབྱོར་མེད་པའི་མི་རིགས་ཀྱི་འཐབ་རྩོད་མི་འདྲ་བའི་ཁྲོད་གུང་ཁྲན་ཏང་མིས་འབྱོར་མེད་གྲལ་རིམ་ཧྲིལ་པོའི་མི་རིགས་ལ་ཕྱོགས་ཞེན་མེད་པའི་ཐུན་མོང་གི་ཁེ་ཕན་ནན་བཤད་དང་རྒྱུན་འཁྱོངས་བྱེད་པ་རེད། ཕྱོགས་གཞན་ཞིག་ནས། འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་བར་གྱི་འཐབ་རྩོད་བརྒྱུད་པའི་འཕེལ་རྒྱས་ཀྱི་དུས་རིམ་སོ་སོའི་ནང་།གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་ལས་འགུལ་ཧྲིལ་པོའི་ཁེ་ཕན་མཚོན་གྱིན་ཡོད།

དེའི་ཕྱིར། ལག་ལེན་གྱི་ཕྱོགས་ནས། གུང་ཁྲན་ཏང་མི་ནི་རྒྱལ་ཁབ་ཁག་གི་བཟོ་པའི་སྲིད་ཏང་ནང་གི་ཆེས་བློ་བརྟན་པ་དང་། ཐོག་མཐའ་བར་གསུམ་དུ་སྐུལ་འདེད་ཀྱི་ནུས་པ་ཐོན་མཁན་གྱི་ཁག་དེ་ཡིན། རིགས་པའི་གཞུང་ལུགས་ཀྱི་ཕྱོགས་ནས། ཁོ་ཚོ་འབྱོར་མེད་གྲལ་རིམ་མང་ཚོགས་གཞན་ལས་ཁྱད་དུ་འཕགས་ས་ནི་ཁོ་ཚོས་འབྱོར་མེད་གྲལ་རིམ་གྱི་ལས་འགུལ་གྱི་ཆ་རྐྱེན་དང་འཕེལ་རིམ། སྤྱིར་བཏང་གི་མཇུག་འབྲས་བཅས་ཤེས་ཡོད་པ་དེ་རེད།

གུང་ཁྲན་ཏང་མིའི་ཉེ་ཆར་གྱི་དམིགས་ཡུལ་དེ་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་གཞན་པ་མཐའ་དག་གི་ཉེ་ཆར་གྱི་དམིགས་ཡུལ་དང་གཅིག་འདྲ་ཡིན་ཏེ། འབྱོར་མེད་གྲལ་རིམ་དེ་གྲལ་རིམ་ཞིག་ཏུ་གྲུབ་པ་བྱས་ནས། འབྱོར་ལྡན་གྲལ་རིམ་གྱི་དབང་སྒྱུར་མགོ་རྟིང་སློག་པ་དང་། འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་འཕྲོག་ལེན་བྱེད་རྒྱུ་དེ་ཡིན།

གུང་ཁྲན་ཏང་མིའི་རིགས་པའི་གཞུང་ལུགས་ཀྱི་རྩ་བའི་རིགས་པ་ནི། འཛམ་གླིང་བཅོས་སྒྱུར་བྱེད་མཁན་འདིའམ་ཡང་ན་དེས་གསར་གཏོད་དམ་ཡང་ན་གསར་རྙེད་བྱུང་བའི་བསམ་བློ་དང་རྩ་དོན་རྣམས་གཞིར་བཟུང་བ་ཞིག་གཏན་ནས་མིན།

རྩ་བའི་རིགས་པ་འདི་རྣམས་ནི་ད་ཡོད་ཀྱི་གྲལ་རིམ་འཐབ་རྩོད་དང་ང་ཚོའི་མིག་མདུན་གྱི་ལོ་རྒྱུས་ལས་འགུལ་གྱི་འབྲེལ་བ་ངོ་མའི་སྤྱིར་བཏང་གི་མཚོན་ཚུལ་ཙམ་ཡིན། སྔར་ཡོད་དབང་བའི་ལམ་ལུགས་ཀྱི་འབྲེལ་བ་རྩ་མེད་གཏོང་རྒྱུ་ནི། གུང་ཁྲན་རིང་ལུགས་ཁོ་ནར་ཡོད་པའི་ཁྱད་ཆོས་ཤིག་མིན།

དབང་བའི་ལམ་ལུགས་ཀྱི་འབྲེལ་བ་ཡོད་ཚད་རྒྱུན་ལྡན་གྱི་ལོ་རྒྱུས་བརྗེ་རེས་དང་རྒྱུན་ལྡན་གྱི་ལོ་རྒྱུས་འཕོ་འགྱུར་བརྒྱུད་ཡོད།

དཔེར་ན། ཧྥ་རན་སིའི་གསར་བརྗེས་བཀས་བཀོད་རྒྱུད་འཛིན་གྱི་དབང་བའི་ལམ་ལུགས་མེད་པར་བཟོས་ཤིང་། འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་ཀྱིས་དེའི་ཚབ་བྱས།

གུང་ཁྲན་རིང་ལུགས་ཀྱི་ཁྱད་ཆོས་ནི་སྤྱིར་བཏང་གི་དབང་བའི་ལམ་ལུགས་མེད་པར་བཟོ་རྒྱུ་མིན་ཏེ། འབྱོར་ལྡན་གྲལ་རིམ་གྱི་དབང་བའི་ལམ་ལུགས་མེད་པར་བཟོ་རྒྱུ་དེ་ཡིན།

ཡིན་ནའང་། དེང་རབས་འབྱོར་ལྡན་གྲལ་རིམ་གྱི་སྒེར་དབང་ལམ་ལུགས་ནི་གྲལ་རིམ་འགལ་ཟླའི་སྟེང་བཙུགས་པ་དང་མི་ཁག་ཅིག་གིས་མི་གཞན་པ་ཁག་ཅིག་ལ་བཤུ་གཞོག་གཏོང་བའི་སྟེང་དུ་བཙུགས་པའི་ཐོན་རྫས་ཐོན་སྐྱེད་དང་། བདག་བཟུང་གི་ཆེས་མཐའ་མཇུག་དང་ཆེས་ཆ་ཚང་གི་མཚོན་ཚུལ་ཡིན།

དོན་སྙིང་དེའི་སྟེང་ནས་བཤད་ན། གུང་ཁྲན་ཏང་མིས་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་དེ་ཚིག་གཅིག་ཏུ་བསྡུས་ནས་བཤད་ཆོག་སྟེ། སྒེར་དབང་ལམ་ལུགས་རྩ་མེད་དུ་གཏོང་བ་དེའོ། །

མི་ཁ་ཤས་ཀྱིས་ང་ཚོ་གུང་ཁྲན་ཏང་མིར་སྡིགས་མོ་བཏང་སྟེ། ང་ཚོས་སྒེར་གྱིས་བརྩོན་ལེན་དང་རང་ཉིད་ཀྱིས་ངལ་རྩོལ་བྱས་ནས་ཐོབ་པའི་རྒྱུ་ནོར་རྩ་མེད་དུ་གཏོང་བ་དང་། མི་སྒེར་གྱི་རང་དབང་དང་བྱེད་སྒོ། རང་ཚུགས་བཅས་ཡོད་ཚད་ཀྱི་རྨང་གཞི་ཆགས་བྱེད་རྒྱུ་ནོར་རྩ་མེད་གཏོང་བ་རེད་ཅེས་འཆད་བཞིན་ཡོད།

ངལ་རྩོལ་བྱས་ནས་ཐོབ་པ་དང་རང་གིས་བརྩོན་ལེན་བྱས་ནས་ཐོབ་པ། རང་ཉིད་ཀྱིས་ཁེ་བཟང་ཟོས་ནས་ཐོབ་པ་བཅས་ཀྱི་རྒྱུ་ནོར་ཞིག་ག་ལ་ཡིན་ཨང་། ཁྱོད་ཚོས་འཆད་བཞིན་པ་ནི་འབྱོར་ལྡན་གྲལ་རིམ་གྱི་རྒྱུ་ནོར་བྱུང་བའི་སྔོན་གྱི་འབྱོར་ཆུང་གྲལ་རིམ་དང་ཞིང་ལས་ཆུང་བའི་རྒྱུ་ནོར་དེར་ཟེར་རམ། རྒྱུ་ནོར་དེ་རིགས་ང་ཚོས་རྩ་མེད་དུ་གཏོང་མི་དགོས་ཏེ། བཟོ་ལས་འཕེལ་རྒྱས་ཀྱིས་དེ་སྔ་མོ་ནས་རྩ་མེད་དུ་བཏང་ཚར་ཡོད་པར་མ་ཟད། ཉིན་རེ་བཞིན་རྩ་མེད་དུ་གཏོང་བཞིན་མཆིས།

ཡང་ན། ཁྱོད་ཚོས་ཟེར་བ་ནི་དེང་རབས་ཀྱི་འབྱོར་ལྡན་གྲལ་རིམ་གྱི་སྒེར་དབང་རྒྱུ་ནོར་དེ་ཡིན་ནམ།

འོན་ཀྱང་། གླ་པའི་ངལ་རྩོལ་དང་འབྱོར་མེད་པའི་ངལ་རྩོལ་དེས། འབྱོར་མེད་པར་རྒྱུ་ནོར་གསར་སྐྲུན་བྱེད་སྲིད་དམ་ཟེར་ན། དེ་འདྲ་ཡོང་མི་སྲིད། ངལ་རྩོལ་རིགས་འདིས་གསར་སྐྲུན་བྱས་པ་ནི་མ་རྩ་སྟེ། གླ་པའི་ངལ་རྩོལ་ལ་བཤུ་གཞོག་བྱེད་པའི་རྒྱུ་ནོར་དང་། གླ་པའི་ངལ་རྩོལ་གསར་པ་རྒྱུན་ཆད་མེད་པར་ཐོན་པ་བྱས་ཏེ་སླར་ཡང་བཤུ་གཞོག་བྱེད་པའི་ཆ་རྐྱེན་འོག་གཞི་ནས་འཕར་སྣོན་བྱེད་ཐུབ་པའི་རྒྱུ་ནོར་རེད། དེང་དུས་ཀྱི་རྒྱུ་ནོར་རིགས་འདི་ནི་མ་རྩ་དང་གླ་པའི་ངལ་རྩོལ་བར་གྱི་འགལ་ཟླའི་ཁྲོད་དུ་འགུལ་སྐྱོད་བྱེད་པ་ཞིག་རེད། ང་ཚོས་འགལ་ཟླར་གྱུར་པའི་ཕྱོགས་འདི་གཉིས་ལ་བལྟ་བར་བྱ་སྟེ།

མ་རྩ་ཅན་ཞིག་ལ་མཚོན་ནས་བཤད་ན། ཁོ་པས་ཐོན་སྐྱེད་ཁྲོད་དུ་མི་སྒེར་ཁེར་གཙང་གི་གོ་གནས་ཤིག་བཟུང་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་གོ་གནས་ཤིག་ཀྱང་བཟུང་ཡོད། མ་རྩ་ནི་ཐུན་མོང་གི་ཐོན་དངོས་ཤིག་ཡིན། དེ་སྤྱི་ཚོགས་ཀྱི་ཁོངས་མི་མང་པོའི་ཐུན་མོང་གི་བྱེད་སྒོ་ཁོ་ནར་བརྟེན་དགོས་པར་མ་ཟད། མཐར་གཏུགས་ན་སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་རྫོགས་ཀྱི་ཐུན་མོང་གི་བྱེད་སྒོ་ཁོ་ནར་བརྟེན་ན། ད་གཟོད་འཁོར་སྐྱོད་བྱེད་ཐུབ་པ་རེད།

དེར་བརྟེན། མ་རྩ་ནི་སྒེར་གྱི་ནུས་ཤུགས་ཤིག་མ་ཡིན་པར། སྤྱི་ཚོགས་ཀྱི་ནུས་ཤུགས་ཤིག་རེད།

དེར་བརྟེན། མ་རྩ་དེ་ཐུན་མོང་དང་སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་རྫོགས་ལ་དབང་བའི་རྒྱུ་ནོར་ཞིག་ལ་བསྒྱུར་རྒྱུ་དེ་ནི། སྒེར་གྱི་རྒྱུ་ནོར་དེ་སྤྱི་ཚོགས་ཀྱི་རྒྱུ་ནོར་དུ་བསྒྱུར་རྒྱུ་ཞིག་མ་རེད། འདི་རུ་སྒྱུར་བཅོས་བྱས་པ་ནི་རྒྱུ་ནོར་གྱི་སྤྱི་ཚོགས་ཀྱི་ངོ་བོ་ཙམ་རེད། དེས་རང་ཉིད་ཀྱི་གྲལ་རིམ་གྱི་ངོ་བོ་ཡལ་བར་འདོར་རྒྱུ་དེ་རེད།

ད་ལྟ། ང་ཚོས་གླ་པའི་ངལ་རྩོལ་ལ་བལྟ།

གླ་པའི་ངལ་རྩོལ་གྱི་ཆ་སྙོམས་རིན་གོང་ནི་ཚད་ཆེས་དམའ་མོའི་གླ་ཕོགས་ཏེ། བཟོ་པས་བཟོ་པ་རང་ཉིད་ཀྱི་འཚོ་བ་འཁྱོལ་ཐབས་བྱེད་པའི་དགོས་ངེས་ཀྱི་འཚོ་བའི་རྒྱུ་ཆའི་གྲངས་ཚད་དེ་རེད། དེའི་ཕྱིར། གླ་པ་བཟོ་པས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་བདག་བཟུང་བྱས་པའི་དངོས་པོ་དེས། ཁོ་ཚོའི་ཚེ་སྲོག་ཡང་བསྐྱར་ཐོན་སྐྱེད་བྱེད་རྒྱུར་རྒྱུན་འཁྱོངས་བྱེད་ཐུབ་པ་ཙམ་རེད། ང་ཚོས་ཐད་ཀར་ཚེ་སྲོག་ཡང་བསྐྱར་ཐོན་སྐྱེད་བྱེད་པར་སྤྱོད་པའི་ངལ་རྩོལ་ཐོན་རྫས་སྒེར་གྱིས་བདག་བཟུང་བྱས་པ་དེ་རྩ་མེད་གཏོང་རྩིས་གཏན་ནས་མེད། བདག་བཟུང་རིགས་འདིས་མི་རྣམས་ལ་མི་གཞན་གྱི་ངལ་རྩོལ་ལ་ཁ་ལོ་བསྒྱུར་ཏུ་འཇུག་ཐུབ་པའི་དངོས་པོ་ལྷག་མ་གང་ཡང་འཇོག་མི་སྲིད། ང་ཚོས་རྩ་མེད་གཏོང་བ་ནི་བདག་བཟུང་རིགས་འདིའི་སྙིང་རྗེ་བའི་ངོ་བོ་དེ་རང་རེད། བདག་བཟུང་རིགས་འདིའི་འོག བཟོ་པ་རྣམས་ཀྱིས་མ་རྩ་འཕར་སྣོན་ཡོང་བ་ཁོ་ནའི་ཆེད་དུ་འཚོ་བ་སྐྱེལ་དགོས་ཤིང་། དབང་སྒྱུར་གྲལ་རིམ་གྱི་ཁེ་ཕན་གྱི་དགོས་དབང་གིས་ཁོ་ཚོས་འཚོ་བ་སྐྱེལ་དགོས་འབྱུང་སྐབས་ད་གཟོད་འཚོ་བ་སྐྱེལ་ཐུབ་པ་རེད།

འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ནང་། གསོན་པོའི་ངལ་རྩོལ་དེ་གསོག་འཇོག་བྱས་ཟིན་པའི་ངལ་རྩོལ་རྣམས་འཕར་སྣོན་ཡོང་བར་བྱེད་པའི་བྱེད་ཐབས་ཙམ་ཞིག་རེད། གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ནང་། གསོག་འཇོག་བྱས་ཟིན་པའི་ངལ་རྩོལ་ནི་བཟོ་པའི་འཚོ་བ་རྒྱ་ཆེར་འགྲོ་བ་དང་། ཕུན་སུམ་ཚོགས་པ། མཐོ་རུ་འགྲོ་བ་བཅས་ཡོང་བར་བྱེད་པའི་བྱེད་ཐབས་ཙམ་ཞིག་རེད།

དེར་བརྟེན། འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ནང་སྔོན་ཆད་ཀྱིས་ད་ལྟར་ཁ་ལོ་སྒྱུར་བ་དང་། གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་ནང་ད་ལྟས་སྔོན་ཆད་ལ་ཁ་ལོ་སྒྱུར་བ་རེད། འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ནང་། མ་རྩར་རང་ཚུགས་རང་བཞིན་དང་རང་གཤིས་ཡོད་པ་རེད། ཡིན་ནའང་བྱ་བ་བྱེད་མཁན་མི་སྒེར་ལ་རང་ཚུགས་རང་བཞིན་དང་རང་གཤིས་ཡོད་པ་མ་རེད།

ཡིན་ནའང་འབྱོར་ལྡན་གྲལ་རིམ་གྱིས་འབྲེལ་བ་རིགས་འདི་རྩ་མེད་གཏོང་བ་དེ་ནི་རང་གཤིས་དང་རང་དབང་རྩ་མེད་གཏོང་བ་དེ་རང་རེད་ཅེས་བཤད། དེ་བཤད་པ་འགྲིག་འདུག ངོ་མ་རང་རེད། འབྱོར་ལྡན་པའི་རང་གཤིས་དང་། རང་ཚུགས་རང་བཞིན། རང་དབང་བཅས་རྩ་མེད་གཏོང་བ་དེ་དངོས་གནས་རེད།


སྐབས་སྔོན་མ། ཁུང་ཙིའི་གསུང་སྒྲོས་ལེའུ་ཉི་ཤུ་པ།
སྐབས་རྗེས་མ། མེད།
མཉམ་སྤྱོད།