དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ་སྐབས་བཞི་པའི་སྤྱི་བསྒྲགས།

2024-11-05 10:48:56   |   814

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ཀྱི་རྩོམ་རིག་སྒྱུ་རྩལ། བཤེར་འབེབས། རིན་ཆེན་ཚེ་རིང་།


11.png

《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ་སྐབས་བཞི་པའི་སྤྱི་བསྒྲགས།

  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ།  རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་རྩོམ་རིག་བྱ་གཞག་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད།  བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་དང་ཀྲུའུ་ཞི་ཚོགས་པས་ཆོག་མཆན་གནང་བ་ལྟར།  《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ་སྐབས་བཞི་པའི་དཔྱད་འདེམ་གྱི་ལས་དོན་ཁག་བདེ་བླག་ངང་སྤེལ་ཞིང་།  ད་ཆ་དཔྱད་འདེམ་གྱི་རྩ་དོན་དང་།  ལས་ཀའི་སྒྲིག་གཞི།  ཁྱབ་ཁོངས།  བརྒྱུད་རིམ།  བྱ་དགའ་ཐོབ་པའི་བརྩམས་ཆོས་བཅས་ཡོངས་བསྒྲགས་ཞུ་རྒྱུ་གཤམ་གསལ།

དང་པོ། དཔྱད་འདེམ་གྱི་རྩ་དོན།

མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་།  སྤྱི་ཚོགས་ཡར་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མཚོན་པ།  ཁ་ཕྱོགས་དང་།  དབང་གྲགས།  གཞུང་དྲང་རང་བཞིན་རྒྱུན་འཁྱོངས་བྱེད་པ།  བསམ་བློའི་གཏིང་ཚད་ཟབ་ཅིང་།  སྒྱུ་རྩལ་གྱི་ཆུ་ཚད་མཐོ་བའི་ཕུལ་བྱུང་བརྩམས་ཆོས་ཁྱབ་སྤེལ་གཏང་རྒྱུ།

གཉིས་པ། དཔྱད་འདེམ་ལས་ཀའི་སྒྲིག་གཞི།

ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་གཙོ་འགན་འཁུར་བ་དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་གིས་གཙོ་གཉེར་བྱས་ཤིང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་རྨང་གཞིའི་ཐོག  རྩོམ་རིག་ཁྱབ་ཁོངས་སུ་དབང་གྲགས་ལྡན་པའི་རྩོམ་པ་པོ་དང་།  དཔྱད་བརྗོད་པ།  རྩོམ་སྒྲིག་པ་སོགས་གདན་ཞུས་བྱས་ཏེ།  དཔྱད་འདེམ་ཨུ་ཡོན་ལྷན་ཁང་དབུ་བརྙེས་པ་དང་།  དེའི་མངའ་འོག་ཏུ་བརྩམས་སྒྲུང་དང་།  སྙན་ངག  ལྷུག་རྩོམ།  དཔྱད་རྩོམ། སྙན་ཞུའི་རྩོམ་རིག བསྒྱུར་རྩོམ།  དཔྱད་འདེམ་གཞུང་ལས་ཁང་བཅས་ཚོགས་ཆུང་ལྔ་དབུ་བརྙེས།

གསུམ་པ། དཔྱད་འདེམ་གྱི་ཁྱབ་ཁོངས།

བྱ་དགའ་འདི་ལོ་གཉིས་རེའི་མཚམས་སུ་ཐེངས་རེ་སྤེལ་རྒྱུ་དང་།  བོད་ལྗོངས་ལྟེ་བར་འཛིན་ཞིང་རྒྱལ་ཡོངས་ལ་ཁ་ཕྱོགས་པའི་དུས་དེབ་གཉེར་ཕྱོགས་ཀྱི་རྩ་དོན་གཞིར་བཟུང་།  ༢༠༢༣ལོ་དང་༢༠༢༤ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཐོག་སྤེལ་བའི་རྩོམ་ཡིག་ཚང་མ་ཚུད།

བཞི་པ།  དཔྱད་འདེམ་གྱི་བརྒྱུད་རིམ།

གཅིག ཟླ་བ10པའི་ཚེས20ཉིན་གྱི་སྔ་དྲོར་དཔྱད་འདེམ་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། རྩོམ་སྒྲིག་ཁང་གིས་ཡོངས་ཁྱབ་ངང་ཞིབ་བསྡུར་བྱས་རྗེས་འོས་འདེམ་བརྩམས་ཆོས་ཁག་དཔྱད་འདེམ་ཨུ་ཡོན་ལྷན་ཁང་ལ་འོས་སྦྱོར་ཞུས།

གཉིས། ཟླ་བ10པའི་ཚེས20ཉིན་ནས་ཟླ11པའི་ཚེས1བར་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོས་ཚོགས་ཆུང་ཁག་བགོས་ལྟར་དཔྱད་ཞིབ་ནན་ཏན་བྱས་ཏེ་ཚོགས་ཆུང་དེ་གའི་ཕུལ་བྱུང་བརྩམས་ཆོས་བདམས།

གསུམ། ཟླ་བ11པའི་ཚེས1ཉིན་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཚོགས་ཆུང་ཁག་གིས་འོས་སྦྱོར་བྱས་པའི་ཕུལ་བྱུང་བརྩམས་ཆོས་ལ་མིང་མ་བཀོད་པའི་འདེམས་ཤོག་འཕངས་ཏེ།  འདེམས་ཤོག་གི་ཁ་གྲངས་མང་ཉུང་ལ་གཞིགས་ནས་བྱ་དགའ་ཐོབ་པའི་རྩོམ་ཡིག་དགུ་གཏན་འཁེལ་བྱས། (བརྩམས་སྒྲུང2 སྙན་ངག2 ལྷུག་རྩོམ2 དཔྱད་རྩོམ1 བསྒྱུར་རྩོམ1  སྙན་ཞུའི་རྩོམ་རིག1) 

བཞི། དུས་ཚོད་དང་ས་གནས་གཏན་ཁེལ་བྱུང་རྗེས་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་རྒྱུ་དང་།  བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་དཔང་ཡིག་དང་།  རྟགས་མ།  བྱ་དགའི་དངུལ་བཅས་འབུལ་རྒྱུ

ལྔ་པ། དཔྱད་འདེམ་གྱི་སྒྲིག་ཁྲིམས།

གཅིག དཔྱད་འདེམ་གྱི་དབང་གྲགས་དང་།  དྲང་གཞག་ལ་འགན་ལེན་ཡོང་ཆེད།  《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ་སྐབས་བཞི་པའི་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་རྩ་དོན་དང་། ལས་ཀའི་སྒྲིག་གཞི།  ཁྱབ་ཁོངས།  བརྒྱུད་རིམ།  བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་དཔྱད་གཏམ་བཅས་ཡོངས་བསྒྲགས་བྱ་རྒྱུ།

གཉིས། ལྐོག་བསླུ་དང་། ལྐོག་རྔན་སྤྲོད་པའམ་ཉེ་དགའ་ཕྱོགས་ཞེན་སོགས་ཀྱི་སྣང་ཚུལ་ངན་པ་གཏན་འགོག་བྱ་ཕྱིར།  དཔྱད་འདེམ་ཨུ་ཡོན་ལྷན་ཁང་དང་།  གཞུང་ལས་ཁང་གི་ཁོངས་མི་སོགས་ཀྱིས་དཔྱད་འདེམ་མཇུག་འབྲས་ལ་ཤུགས་རྐྱེན་ངན་པ་བཟོ་བའི་སྤྱོད་ངན་རིགས་ཐོན་ཚེ།  དེ་གའི་ཐོབ་ཐང་དང་།  དཔྱད་འདེམ་གྱི་འོས་ཐོབ་མེད་པ་བཟོ་རྒྱུ།

གསུམ། གལ་ཏེ་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གི་ཁོངས་མིའམ་གཉེན་ཉེ་སོགས་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་མཁན་གྱི་རྩོམ་ཡིག་ལ་དཔྱད་འདེམ་བྱ་དགོས་ཚེ།  དཔྱད་འདེམ་པ་དེ་ཉིད་དཔྱད་འདེམ་ནང་ཞུགས་མི་ཆོག

དྲུག་པ།  དཔྱད་འདེམ་གྱི་མ་དངུལ།

       ལྗོངས་རིག་རྩལ་ལྷན་ཚོགས་ནོར་སྲིད་ནས་གཏོང་རྒྱུ།

       བདུན་པ།  བྱ་དགའ་ཐོབ་པའི་བརྩམས་ཆོས།

3.png   

བརྒྱད་པ། བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་དཔྱད་གཏམ།

བརྩམས་སྒྲུང་།

འཕགས་པ་འབྲོང་གི་བརྩམས་སྒྲུང《མཚན་མོ》ཞེས་པའི་དཔྱད་གཏམ།

བརྩམས་སྒྲུང་འདིར་དེང་གི་དུས་རབས་དང་སྤྱི་ཚོགས་རྙོག་འཛིང་གི་འཚོ་བའི་ཁྲོད་དུ་གཞོན་ནུ་ཞིག་གིས་དཀའ་སྡུག་གི་ལམ་བུ་ཀྱག་ཀྱོག་མང་དུ་བརྒལ་བའི་མི་ཚེའི་ལས་དབང་དང་ཐོབ་ཤོར་བྲིས་པ་བརྒྱུད། སྤྱི་ཚོགས་ཀྱི་འགལ་འདུའི་ཛ་དྲག་རང་བཞིན་དེ་བརྩེ་དུང་གི་འགལ་འདུའི་སྟེང་ལ་བཅོལ་བས། ཕྱི་ནས་སྤྱི་ཚོགས་ཀྱི་འགལ་འདུ་དང་ནང་ནས་བརྩེ་དུང་གི་འགལ་བ་ཉིས་བརྩེགས་ཀྱི་ཐབས་ལམ་ཁྲོད་ནས་མི་ཚེའི་གནོན་ཤུགས་དང་འཚོ་བའི་རྡབ་གསིག་གི་རིམ་པ་ཟབ་ཏུ་བསྔོག་སྟེ། རྩོམ་རིག་ནི་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་ཡིན་པའི་གཏན་ཚིགས་དང་མི་དང་མིའི་བར་གྱི་དཀའ་རྙོག་གི་འབྲེལ་བ་ཞིག་ཡིན་པའི་བདེན་པ་བཀྲལ་ཞིང་། འཁོར་བའི་སྐྱེ་འཆི་དང་ཐོབ་ཤོར་གཉིས་ལས་ཤོར་བ་དང་འཆི་བའི་ཁ་སྟབས་ཀྱི་དབང་དུ་འགྲོ་སླ་བ་དང་མི་ཚེའི་སྐྱོ་སྣང་གི་གདུང་བ་མཛེས་པར་བརྒྱུས་ཏེ་ཟབ་ཏུ་བྲིས་པའི་དགེ་མཚན་གྱིས་ཕྱུག་པའོ། །

བརྩམས་སྒྲུང་།

བདེ་ལྡན་དཔལ་མོའི་བརྩམས་སྒྲུང《བན་དེ་ཆེན་པོ》ཞེས་པའི་དཔྱད་གཏམ། 

བརྩམས་སྒྲུང《བན་དེ་ཆེན་པོ》ཞེས་པར།  མངའ་བདག་ཁྲི་རལ་དུས་ཀྱི་ཆོས་བློན་ཆེན་པོ་བྲན་ཀ་དཔལ་ཡོན་བཀྲོངས་པའི་གསང་བའི་གཏམ་རྒྱུད་བརྗོད་ཡོད་པ་ལས།  དེ་ལ་ལོ་རྒྱུས་བརྩམས་སྒྲུང་གི་ཁྱད་ཆོས་མངོན་པར་གསལ་བའི་ཁྱད་ཆོས་མཆིས་ཀྱང་།  དེ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་བསྐྱར་མཚོན་དང་ལོ་རྒྱུས་ཀྱི་མི་སྣ་བསྐྱར་བཞེངས་བྱེད་པའི་སྤྱིར་བཏང་གི་ལོ་རྒྱུས་བརྩམས་སྒྲུང་ལས་འདས་ཏེ།  ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་དུ་བག་ལ་ཞ་བའི་གསང་བའི་གཏམ་རྒྱུད་འདི་དག  བྱུང་རིམ་གྱི་བཀག་རྒྱ་ལས་གྲོལ་ཞིང་།  གནས་ལུགས་ཀྱི་གཏན་ཚིགས་གཏོར་ནས།  ངོ་མཚར་ཆེ་བའི་སེམས་འགྱུ་དང་དྲན་གསོ།  དེ་བཞིན་འཆར་ཡན་གྱི་ཁྲོད་ནས།  རེས་གསལ་རེས་མོག་གི་ཚུལ་དུ་མཚོན་པར་བྱས་ཀྱང་སྒྱུ་རྩལ་གྱི་བདེན་པ་སྔར་བཞིན་འོད་དུ་འཚེར་བས།  དེ་ནི་རྟོག་པ་འོག་འགྱུ་སྨྲ་བའི་རྩོམ་རིག་གསར་རྩོམ་གྱི་ཁྱད་ཆོས་དང་མཐུན་ཞིང་།  བོད་ཀྱི་དེང་རབས་བརྩམས་སྒྲུང་གསར་རྩོམ་ཐད།  མཐོང་དཀོན་ཞིང་དོན་སྙིང་ཆེ་བའི་ལག་ལེན་ཞིག་ཡིན་ནོ། །

སྙན་ངག

འབྲོག་བཟའ་སྐྱིད་ཀྱི་སྙན་ངག《འབྲོག་མོ་གང་ནས་འགྱུར་འགྲོ》ཞེས་པའི་དཔྱད་གཏམ། 

 ཚིགས་སུ་བཅད་པའི་སྙན་ངག་འདི་ནི་བབ་ཆགས་ཤིང་གོ་སླ་བའི་ཚིག་སྦྱོར་གྱི་ལམ་དུ་དྲངས་ཏེ་འགྱུར་བག་རྒོད་པའི་ཡུལ་དུས་གནས་བབ་ཁྲོད། འཁོས་ཀ་དམན་པའི་འབྲོག་མོ་ཞིག་གིས་རང་གཤིས་འགྱུར་མེད་ཀྱི་ཁམས་སུ་རང་གི་ཕུགས་འདུན་བཅོལ་བའི་བརྗོད་བྱ་ཉེ་བར་མཚོན་པ་ལ། ཟུང་ལྡན་གྱི་རྒྱན་དང་ལྡོག་འདྲི་སོགས་སྒྱུ་རྩལ་གྱི་མཚོན་ཐབས་ལེགས་པར་བཀོལ་བ་བཅས་བརྗོད་བྱའི་དོན་གྱི་དགོངས་པ་དང་རྗོད་བྱེད་ཚིག་གི་སྒྱུ་རྩལ་གཉིས་གཅིག་གྲོགས་གཅིག་ཏུ་སོང་བའི་བརྩམས་ཆོས་ལེགས་པོ་ཞིག་གོ །

སྙན་ངག

གནག་རྫིའི་སྙན་ངག《གནའ་བོའི་མཁར་ཤུལ》ཞེས་པའི་དཔྱད་གཏམ།

རང་མོས་སྙན་ངག་འདི་ལ་བརྩེ་དུང་གི་ཚོར་འདུ་ཤུགས་ཆེ་ཙམ་མངའ་བའི་ཁར་བསམ་བློའི་ཟབ་ཚད་དང་བསམ་གཞིག་གི་རྒྱུན་མངོན་པར་གསལ་ཞིང་། སྤྱིའི་ཆ་ནས་བརྟག་ཚེ་བསྡུས་བརྗོད་དང་ལྐོག་བརྡའི་ཐབས་ལ་བསྐོར་ཏེ་མངོན་ཆུང་སྒོས་རང་གི་བསམ་འདུན་ཡང་དག་ཏུ་མཚོན་པར་བྱས་ཡོད་ལ། སྐྱོ་ཉམས་ཀྱི་རང་མདངས་དེ་ཐད་ཀ་ཐད་སོར་མངོན་མེད་པར་ཡིག་འབྲུ་རེ་རེའི་བར་རོལ་དུ་ཡུལ་ཁམས་རིག་གནས་ཀྱི་རྟེན་དང་བརྟེན་པས་བསྐྱེད་པའི་དད་གདུང་གི་སེམས་འགྱུའི་ཕག་ན་འཆད་དུ་མེད་པའི་སྨྲེང་བ་དང་དུང་ཞེན་གྱི་ཚོར་བ་སྟུག་པོ་ཞིག་རང་བཞིན་གྱིས་སིམ་པར་བྱས་ཡོད་དོ། །

ལྷུག་རྩོམ།

འཕན་པོ་བསྟན་ཆོས་ཀྱི་ལྷུག་རྩོམ《འཕན་ཡུལ་ཀླུང་སྐྱེས་ངོ་མཚར་ཆེ》ཞེས་པའི་དཔྱད་གཏམ།

  ལྷུག་རྩོམ་འདི་ནི་རྩོམ་པ་པོས་འཚོལ་ཞིབ་ཀྱི་ངལ་བ་ལྷུར་བླངས་ཏེ་འཕན་ཡུལ་སྟོད་སྨད་ཀུན་ཏུ་མྱུལ་བའི་གྲུབ་འབྲས་དག་གནའ་ཤུལ་འཚོལ་རྟོགས་ཀྱི་རིག་ལམ་བརྟག་ཐབས་དང་ལོ་རྒྱུས་ཞིབ་འཇུག་གི་མིག་རྒྱང་ཐོག་ནས་འཕན་ཡུལ་ནས་དར་བའི་མལ་བྲིས་ཀྱི་མགོ་ཁུངས་དང་། ཤུལ་རྗེས། དཔང་རྟགས་སོགས་བཙལ་འཚོལ་རྙེད་སོན་གྱི་བརྒྱུད་རིམ་དང་སྦྲགས། རང་སོའི་དཔྱད་བསྡུར་རྟོག་དཔྱོད་ཀྱི་ལྟ་བ་དག་སྙན་ཞིང་ཚིག་རྙོག་མེད་པའི་རྗོད་པ་ལ་བརྟེན་ནས་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བ་མ་ཟད། མལ་ལུགས་རྒྱུན་འཛིན་ཁྲོད་ཕ་ཡུལ་གྱི་རིག་གནས་ལ་བཅངས་པའི་རྩོམ་པ་པོའི་དགའ་སྐྱོ་གསལ་མཚོན་གྱི་ལྷད་མེད་སེམས་པ་ཞིག་དང་། དེ་རྒྱུན་འཛིན་དང་འཕེལ་རྒྱས་ཆེད་རང་གི་ཡོད་ཚད་འབུལ་ངེས་པའི་གདེང་ཚོད་ཅིག་ཀྱང་མངོན། བརྩམས་ཆོས་འདི་ནི་རྟོག་ཞིབ་ཁུངས་བཙུན་ལ་དཔྱད་གཞི་ཕུན་སུམ་ཚོགས་པའི་རིག་གནས་ལྷུག་རྩོམ་ལེགས་གྲས་ཤིག་གོ །

ལྷུག་རྩོམ།

འཕྱིངས་དཀར་བཀྲ་ཕུན་གྱི་ལྷུག་རྩོམ《རྩོམ་ཡོན་ཆེས་ཐོག་མ》ཞེས་པའི་དཔྱད་གཏམ།

ལྷུག་རྩོམ་འདིའི་ནང་བབ་ཆགས་ལ་བརྗོད་བདེའི་ཚིག་འགྲོས་ལ་བརྟེན་ནས་བརྗོད་བྱ་ཐང་ཤིང་སྔོན་མོ་རྩ་ཐིག་ཏུ་བྱས་ཏེ་བྱ་བ་གང་ཞིག་བྱས་རུང་བརྟན་ཅིང་འགྱུར་བ་མེད་པའི་སྙིང་སྟོབས་ཤིག་དགོས་ལུགས་བསྟན་པ་དང་། དགེ་སློབ་བར་གྱི་བཅོས་མིན་བརྩེ་སེམས་ཟབ་མོ་ཞིག་གསོན་ཉམས་དོད་པོས་བཀོད་ཅིང་།《རྩོམ་ཡོན་ཆེས་ཐོག་མས》བླུས་པའི་བྱེ་མ་ཀ་ར་དང་།  སྨྱུ་གུ།  ལྷམ་གསུམ་ལས་དཀའ་སྤྱད་དང་བརྩོན་འགྲུས་ལས་ཐོབ་པའི་འཚོ་བའི་བྲོ་བ་དང་། རིག་གནས་རྒྱུན་འཛིན། མ་འོངས་པའི་མདུན་ལམ་ཤུགས་སུ་བསྟན་ལ།  རིག་གནས་ཀྱི་རིན་ཐང་ལས་དཔལ་འབྱོར་གྱི་ལོངས་སྤྱོད་ཐོབ་ཚུལ་དང་། ལོངས་སྤྱོད་ཀྱི་འབྲས་བུ་ཐོབ་དགོས་ན་ཐང་ཤིང་སྔོན་མོ་ལྟ་བུའི་འགྱུར་མེད་ཀྱི་བློ་ཞིག་དགོས་པ་ཤུགས་སུ་བསྟན་ནོ། །

དཔྱད་རྩོམ།

ར་ས་བསྟན་འཛིན་ཆོས་གྲགས་ཀྱི་དཔྱད་རྩོམ《མེ་ལོང་དང་ལྡེབས་རིས། ཆོས་ཉིད་ལས་འབྱམས་པའི་རྣམ་རྟོག་གི་འཇིག་རྟེན། -སྤེན་པ་དོན་གྲུབ་ལགས་ཀྱི<ལྡེབས་བྲིས་ཤིག་ལ་བལྟས་པ>ཞེས་པར་དཔྱད་པ》ཞེས་པའི་དཔྱད་གཏམ། 

གཞན་གྱི་ངག་རིག་གི་རྟགས་ལས་གཞན་སེམས་དཔོག་པའི་རྗེས་དཔག་དེ་ཉིད་གཞན་སེམས་དེའི་ངོ་བོ་རྗེན་པར་རིག་པ་མ་ཡིན་ཡང་རིག་པའི་གོ་ཆོད་པ་ཡིན་པའི་ཕྱིར། དཔྱད་རྩོམ་འདིས་ཀྱང་རྩོམ་མཁན་དང་དཔྱོད་མཁན་གཉིས་ཀྱི་ཀུན་སློང་གི་སེམས་རིགས་མཐུན་གཅིག་ལས་སྐྱེ་ཨེ་ཐུབ་ལ་གཞོལ་ཏེ། མྱོང་སྟོབས་རྩ་བར་བྱས། རིགས་སྟོབས་ཐབས་སུ་བླངས་པའི་འབྲས་བུར《ལྡེབས་རིས་ཤིག་ལ་བལྟས་པ》ཞེས་པའི་བརྩམས་སྒྲུང་དེའི་སྐྱོན་ཡོན་ལ་ངེས་པ་དྲངས་པ་ལེགས་པར་འདོད།

སྙན་ཞུའི་རྩོམ་རིག

སྟོང་ཚ་དབང་ཆེན་བསོད་ནམས་ཀྱི་སྙན་ཞུའི་རྩོམ་རིག《ཁུ་ནུ་རི་རྒྱུད་ཀྱི་ཉིན་སྲིབ》ཅེས་པའི་དཔྱད་གཏམ། 

རྩོམ་ཡིག་འདིར། རྙེད་པར་དཀའ་བའི་བརྗོད་གཞི་དམིགས་བསལ་ཅན་དེར་དངོས་ཡོད་ལོ་རྒྱུས་དང་། སྒྱུ་རྩལ་གྱི་ལས་སྣོན་ཟུང་འབྲེལ་གྱིས། མི་རྣམས་ལ་མཚར་སྣང་དང་དགོད་བྲོ་བའི་དངོས་བྱུང་གཏམ་རྒྱུད་ཡིད་དུ་འོང་བ་ཞིག་བསྟན་འདུག བརྩམས་ཆོས་ཧྲིལ་པོ་གོང་འོག་གཅིག་བརྟེན་གྱིས་སྟོང་བསམ་བཅངས་པའི་མི་ཚོགས་ཤིག་ཁ་བ་བུ་ཡུག་དང་། མྱ་ངམ་ཐང་ཆེན་ཤུགས་ཀྱིས་བཅད་ཅིང་།  ཡོད་ཚད་བློས་གཏོང་གི་དག་ཞིང་མཚར་མོ་ཞིག་ལ་ཕུགས་འདུན་བཟུང་བའི་བྱིས་བློའི་འདུ་ཤེས་ཡ་མཚན་ཅན་དག་ལུ་གུ་བརྒྱུས་སུ་བྲིས་འདུག་ལ། དངོས་བསྟན་གྱི་གཏམ་རྒྱུད་དེའི་ཕག་ནས་དུས་རབས་གཅིག་གི་འཕོ་འགྱུར་དང་། སྲིད་ཇུས་བཟང་པོའི་ལམ་སྟོན། ད་དུང་རྨོངས་དད་དང་མུན་ནག་གི་སྤྱི་ཚོགས་ནས་ཡར་ཐོན་དང་དཔལ་ཡོན་གྱི་སྤྱི་ཚོགས་སུ་ཐོད་བརྒལ་བྱུང་བའི་ལོ་རྒྱུས་ཀྱང་ཤིན་ཏུ་དྭངས་པའི་ཆུ་ནང་གི་ཉ་མོ་ལྟར་གསལ་ལེར་འཆར་རོ། །

བསྒྱུར་རྩོམ།

བསེར་བུའི་བསྒྱུར་རྩོམ《ཁྱོད་ཀྱི་སེམས་ནང་ཡུད་ཙམ་འཇུག་རོགས》ཞེས་པའི་དཔྱད་གཏམ། 

སྒྱུར་སྐྱོན་ཆེན་པོ་བརྒྱད་ཀྱིས་མ་བསླད་ཅིང་ཚིག་སྦྱོར་འཇམ་ལ་ལྷོད་པས་དབུགས་ཐེངས་གཅིག་ལ་དེ་མར་ཀློག་ཐུབ་པའི་ཚོར་སྣང་དང་། བྱིས་སྒྲུང་ཞིག་ཡིན་པའི་ཆ་ནས་སྒྱུར་པ་པོས་མ་ཡིག་གི་དོན་བུ་ཡིག་ལ་སྒྱུར་བའི་བརྒྱུད་རིམ་ནང་། ཀློག་པ་པོ་ཡོངས་ཀྱིས་གང་བདེར་གྱིས་ཤིག་ཅེས་སྒྲ་སྦྱོར་བམ་གཉིས་སུ་གསུངས་པ་ལྟར་བུ་ཡིག་གི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པར་མ་ཡིག་གི་དོན་མ་ནོར་བར་ཇི་མ་ཇི་བཞིན་དུ་མཚོན་པར་བྱས་འདུག་གཤིས། མཐུན་འཇུག་སྙན་གསུམ་འདི་ཉིད་ཡིག་སྒྱུར་གྱི་ཚད་གཞིར་བརྩིས་ན།  སྙན་པའི་ཚད་ལ་སླེབས་པའི་བསྒྱུར་ཡིག་ཅིག་གོ །
དཔྱད་འདེམ་གཞུང་ལས་ཁང་ནས།


མཉམ་སྤྱོད།