མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྒྱལ་སྲས་ཀྱི་མནའ་མ།

2022-11-16 22:30:53   |   261

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།



        གནའ་སྔ་མོ་ཞིག་ལ། རྒྱལ་བོ་ཞིག་ལ་རྒྱལ་སྲས་ཤིག་ཡོད། རྒྱལ་སྲས་དེ་ཕོ་ལོ་བཅོ་བརྒྱད་ལ་སོན་ཡང་ཆུང་མ་བློར་འབབ་ཞིག་དང་མ་འཕྲད་པར་རྒྱུན་དུ་ཡིད་སེམས་སྐྱོ་ནས་བསྡད་ཡོད།
        ཉིན་ཞིག་ལ། རྒྱལ་བོས་བློན་པོ་གཉིས་དང་རྒྱལ་སྲས་བཅས་ས་གཞན་ཞིག་ལ་ཆུང་མ་བཙལ་དུ་མངགས། ཁོ་གསུམ་རྫ་སྐེད་ཅིག་ཏུ་བརྒྱུད་དུས་ཐག་མི་རིང་བའི་ས་ན་ཕྱི་བ་དཀར་པོ་ཞིག་ཁུང་ཁར་ཡོད་པ་མཐོང་། དེ་ནས་བློན་པོ་གཉིས་ཀྱིས་སེམས་ལ་ངན་དྲན་ནས་རྒྱལ་སྲས་ལ་བཤད་རྒྱུར། “ཁྱེད་མདའ་བ་ཞིག་ཨེ་ཡིན། གལ་ཏེ་ཁྱེད་མདའ་བ་ཞིག་ཡིན་ཟེར་ན་ཕྱི་བར་མདའི་བརྒྱབ་ནས་གསོད་པར་ཞུ”ཞེས་ཟེར་བས། རྒྱལ་སྲས་ཀྱི་བདེན་པར་སྙམ་ནས་མྱུར་དུ་མདའ་གཞུ་བླངས་ནས་ཕྱི་བ་དེར་གཏད་དེ་འཕངས་པར། ཕྱི་བ་དེར་མདས་ཕོག་མ་ཐག་མདའ་ཁུར་ནས་ས་ཁུང་ནང་དུ་འཛུལ། དེ་ནས་རྒྱལ་སྲས་ཡིད་སྐྱོ་སྟེ་ཕྱི་བའི་རྗེས་བསྙེགས་ནས་ཁུང་ནང་དུ་འཛུལ་མ་ཐག་ས་ཁུང་དེའི་ཁ་རང་ཤུགས་ཀྱིས་རུབ་ནས་རྒྱལ་སྲས་ཕྱིར་ཡོང་མ་ཐུབ། རྒྱལ་སྲས་ཁུང་ནང་ནས་སོང་སོང་མཐར་ཀླུ་ཡུལ་ཁམས་སུ་ཐོན་པ་དང་། ཀླུའི་རྒྱལ་བོས་མི་ཡུལ་གྱི་རྒྱལ་སྲས་དེ་ཡོང་བ་མཐོང་སྟེ་སེམས་ལ་མི་ཡུལ་གྱི་མི་ཞིག་ཀླུ་ཡུལ་དུ་ཡོང་བ་འདི་མི་ཕལ་བ་ཞིག་མ་རེད་སྙམ་ནས་ཉི་མ་བདུན་ལ་སྟོན་མོ་བཤམས་ནས་སྣེ་ལེན་བྱས་རྗེས། ཀླུ་ཀླུ་མོ་མང་བོ་མངགས་ནས་རྒྱལ་སྲས་སའི་ཁར་སྐྱེལ་བ་རེད།
        བློན་པོ་གཉིས་ཀྱིས་རྒྱལ་སྲས་ལ་མགོ་སྐོར་བཏང་རྗེས་རྟར་ཞོན་ཏེ་ས་ཕྱོགས་གཞན་ཞིག་བརྒྱུད་ནས་སོང་མཐར་རྒྱལ་ཁབ་ཅིག་ཏུ་ཐོན། ས་དེའི་རྒྱལ་བོ་ལ་བུ་མོ་གསུམ་ཡོད་དེ། བུ་མོ་ཆེ་བའི་མིང་ལ་གསེར་མོ་མཚོ་དང་འབྲིང་བའི་མིང་ལ་དངུལ་མོ་མཚོ། ཆུང་བའི་མིང་ལ་དུང་མོ་མཚོ་ཟེར། དེ་ནས་བློན་པོ་གཉིས་རྒྱལ་བོའི་ཕོ་བྲང་དུ་སོང་ནས་བཤད་རྒྱུར། “ངེད་གཉིས་ནི་རྒྱལ་ཁབ་གཞན་པ་ཞིག་གི་རྒྱལ་སྲས་ཡིན། ས་འདིར་ཡོང་སྟེ་ཁྱེད་ཚང་ནས་མག་པར་བསྡད་ན་འདོད”ཅེས་བཤད་པར། རྒྱལ་བོ་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་བློན་པོ་གཉིས་བུ་མོ་ཆེ་བ་གཉིས་ཀྱི་མག་པར་བཞག་ནས་ཉིན་འགར་སྟོན་མོ་རྒྱ་ཆེན་པོ་བྱས།          
དེ་ནས་རྒྱལ་སྲས་ཀླུ་ཡུལ་ནས་སའི་ཁར་བུད་ནས་ཡུལ་ཕྱོགས་ཀྱི་ཁ་ཕྱོགས་ཙམ་ཡང་མི་ཤེས་སྟབས་གང་འདོད་ཀྱི་འཁྱམ་མཐར་བློན་པོ་གཉིས་མག་པར་བསྡད་ཡོད་པའི་རྒྱལ་ཁབ་དེར་ཐོན། དེ་ནས་རྒྱལ་སྲས་ཕོ་བྲང་དུ་སོང་ནས་རྒྱལ་བོ་ལ་ཞུ་རྒྱུར། “ང་ཁྱེད་ཚང་གི་ནོར་རྫི་བྱས་ན་ཆོག་གམ”ཞེས་དྲིས་པས། རྒྱལ་བོས་ཆོག་པའི་བརྡ་བསྟན། དེ་ནས་བཟུང་རྒྱལ་སྲས་ཉིན་རྒྱུན་དུ་ནོར་རྫིར་སོང་ནས་ཉི་མ་འཁྱོལ་ཐབས་བྱས། བུ་མོ་ཆུང་བ་རྒྱལ་སྲས་ལ་དགའ་སྣང་བྱུང་ནས་རྒྱུན་དུ་རྒྱལ་སྲས་ཀྱི་གམ་དུ་ཡོང་ནས་རོགས་རམ་བྱེད་པ་སོགས་བྱས་ནས་རྩེ་དགར་རོལ། དེ་ལྟར་ཉིན་མང་བོ་འགོར་བ་ན་ཁོ་གཉིས་བར་ལ་བརྩེ་དུང་ཟབ་མོ་ཆགས་ནས་ལུས་དང་གྲིབ་མ་བཞིན་དུ་ཕན་ཚུན་བྲལ་དཀའ་བའི་གནས་སུ་ལྷུང་བ་རེད།
        ཉིན་ཞིག་ལ། རྒྱལ་ཁབ་བརྒྱ་དང་བརྒྱད་ཀྱི་རྒྱལ་སྲས་རྣམས་ས་འདིར་དུང་མོ་མཚོར་གཉེན་སློང་དུ་ཡོང་། རྒྱལ་བོ་དང་བཙུན་མོ་གཉིས་དགའ་སྟེ་དུང་མོ་མཚོར་བཤད་རྒྱུར། “ཁྱོད་ཀྱི་རྒྱལ་སྲས་འདི་དག་གི་ནང་དུ་རང་གི་བློར་འབབ་པ་ཞིག་གང་འདོད་ཀྱིས་མག་པར་འདེམས་ཤིག”ཅེས་བཤད་པར། དུང་མོ་མཚོས་རྒྱལ་སྲས་ནོར་རྫི་གཅིག་པུ་སེམས་ལ་བཟུང་ནས་ཕྱིར་ཕ་མ་གཉིས་ལ“ང་འདི་དག་གི་ཁྲོད་དུ་མག་པ་གཅིག་ཀྱང་མི་དགོས”ཞེས་ལན་བཏབ། ཡབ་རྒྱལ་བོ་ཡ་མཚན་པ་དང་གང་ཡིན་འདི་ཡིན་མེད་པར་ཁོང་ཁྲོ་ཆེན་པོ་ལངས་ནས་བཤད་རྒྱུར། “བུ་མོ་ཁྱོད་འདི་ལ་ཅི་བྱུང་བ་ཡིན། འདི་དག་གི་ཁྲོད་ནས་མི་དགོས་ན་རྗེས་སུ་མག་པ་འོས་འཚམ་ཞིག་གང་ནས་བཙལ་རྒྱུ”ཞེས་དྲིས་པས། བུ་མོས་ཡང་ཕྱིར་ལན་དུ“ང་ལ་འུ་ཚང་གི་ནོར་རྫི་དེ་དགོས”ཞེས་བཤད་མ་ཐག་ཕ་མ་གཉིས་ཀྱི་སེམས་ནི་རྒྱ་མཚོའི་རྦ་རླབས་གཡོ་བ་ལྟར་ཡམ་ཡོམ་དུ་གྱུར་ནས་ཁོང་ཁྲོ་མེ་ལྟར་འབར་བཞིན་བཤད་རྒྱུར། “ཁྱོད་ནོར་རྫིའི་མནའ་མ་བྱེད་རྒྱུ་ཐག་ཆོད་ཡིན་ན་དེ་རིང་ནས་སོང་ཞིག ངེད་ཚང་གི་ཕོ་བྲང་དུ་འདུག་མི་དགོས། ད་ནས་བཟུང་ཕ་མ་དང་བུ་མོ་ཡི་འབྲེལ་བ་ཡང་མེད་པ་ཡིན”ཞེས་ནན་མོ་ཚིག་འགའི་མནའ་བཅད་པས། ནོར་རྫིའི་སེམས་ལ་ད་ནི་འདུག་རན་མ་རེད་འགྲོ་རན་རེད། རང་ཡུལ་བསྙེགས་ནས་སོང་ན་ལེགས་སྙམ་ནས་དུང་མོ་མཚོ་ཁྲིད་དེ་རང་ཡུལ་བཙལ་ནས་སོང་ངོ་། །
རྒྱལ་སྲས་ཀྱི་ཕ་མ་གཉིས་ཀྱིས་རང་གི་བུ་ས་ཕྱོགས་གཞན་དུ་མནའ་མ་བཙལ་དུ་སོང་ནས་ཡུན་རིང་བོར་ཕྱིར་མ་ཐོན་པས། ལམ་ནས་ཆག་སྒོ་བྱུང་སོང་བར་དོགས་ནས་སྡུག་བསྔལ་གྱིས་མནར་ཏེ་ཉལ་སར་ལྷུང་བའི་དུས་དེར་བློན་པོ་ཞིག་རྒྱུག་ཡོང་ནས། “རྒྱལ་སྲས་ཕྱིར་ཐོན་བྱུང”ཞེས་ཡར་ཞུ་བྱས་པར། རྒྱལ་བོ་དང་བཙུན་མོ་གཉིས་ཡིད་མ་ཆེས་པར་སྒོར་བུད་ནས་བལྟས་པ་ན་དངོས་གནས་ཡིན་པ་རེད།
        རྒྱལ་སྲས་ཀྱིས་རང་གི་གནས་ཚུལ་ཚང་མ་མགོ་ནས་མཇུག་བར་དུ་ཞིབ་མོར་བཤད་རྗེས། ཕ་མ་གཉིས་ཀྱིས་རང་གི་བུའི་དཀའ་སྡུག་མང་བོ་མྱངས་ཀྱང་ཆུང་མ་ལྷ་མོ་འདྲ་བ་ཞིག་ཀྱང་ཁྲིད་ཡོད་པ་མཐོང་ནས་དགའ་སྤྲོ་ཚད་མེད་སྐྱེས་ནས་ཉིན་བདུན་ལ་སྟོན་མོ་རྒྱ་ཆེན་པོ་བྱས།
རྒྱལ་སྲས་དང་དུང་མོ་མཚོ་གཉིས་རང་རྒྱལ་ལ་ཡོང་ནས་ཅང་མ་འགོར་བར་དུང་མོ་མཚོའི་ཡུལ་ཕྱོགས་ཀྱི་རྒྱལ་ཁབ་ལ་ནད་རིམས་ཁྱབ་ནས་མི་ཟོག་མང་བོ་ཤི་བ་དང་། སྔོན་གྱི་བློན་པོ་དེ་གཉིས་ཀྱིས་ཀྱང་ནད་ཀྱིས་བཟུང་ནས་ཤི་བའོ། །


མཉམ་སྤྱོད།