དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མགར་གྱིས་རང་གི་བུ་ལ་མནའ་མ་བཙལ་བའི་གཏམ་རྒྱུད།

2022-11-16 22:30:14   |   908

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


མགར་སྟོང་བཙན་ཁོང་ཉིད་བློ་རིག་དེ་འདྲའི་རྣོ་ནའང་ཁོང་གི་བུ་ནི་དེ་འདྲའི་རྣོ་བ་ཞིག་མིན་ཕྱིར། མགར་གྱིས་ནམ་ཡང་སེམས་སུ་བུ་འདི་ལ་བློ་རིག་རྒོད་ཅིང་ལས་ལ་བརྩོན་པའི་མནའ་མ་ཞིག་དགོས་སྙམ། ཉིན་ཞིག མགར་གྱིས་རང་གི་བུ་ལ་ལུག་བརྒྱ་དང་ཁུག་མ་སྟོང་བ་བརྒྱ་གཏད་དེ་ན་རེ། ཁྱོད་ཀྱིས་ལུག་གཅིག་ཀྱང་གསོད་མི་རུང་ལ་བཙོང་ཡང་མི་རུང་། ད་དུང་གཞན་ལ་གླ་བར་ཡང་མི་ཆོག་སྟེ། ཉིན་ཞག་བདུན་གྱི་ནང་ནས་ནས་ཁུག་མ་བརྒྱ་རང་ཡུལ་དུ་ཁྱེར་ཤོག་གསུངས་ནས་བཏང་། དེ་ནས་བུས་ལུག་རྣམས་དེད་ཅིང་ཁུག་མ་སྟོང་བ་བརྒྱ་ཐམ་པ་བཟུང་སྟེ་ཚོང་ར་ཞིག་ཏུ་འབྱོར་རྗེས། ནས་འཚོང་མཁན་ནི་གང་དུའང་འདུག་ཀྱང་དུང་ཙེ་མེད་པས་ནས་འབྲུ་གཅིག་ཀྱང་ཉོ་མ་ཐུབ། དེ་བས་བུས་རང་གི་ཕས་གདམས་པ་ཡིད་ལ་དྲན་ནས་ཐབས་གཞན་མ་རྙེད་པར་ནས་ཁལ་བརྒྱ་བཀལ་ནས་རང་ཡུལ་དུ་ལོག་པའི་ཐབས་མ་མཆིས། སྐབས་དེ་དུས་སུ་བུ་དེ་གཞོན་ནུ་མ་ཞིག་ལ་འཕྲད་ཅིང་དེས་ཁོ་ལ་ལུག་བལ་བྲེག་ཆོག་པ་བསླབས་པས། བུ་དེ་དགའ་ཐག་ཆོད་དེ་ལུག་བལ་རྣམས་བཙོངས་ཏེ་ནས་ཁུག་མ་བརྒྱ་ཉོས་ཏེ་ཕྱིར་ལོག་གོ །དེར་མགར་སྟོང་བཙན་གྱིས་བལྟས་རྗེས་ན་རེ། ལུག་བལ་ཚང་མ་བྲེག་ཚར་འདུག་པ་འདི་ཤིན་ཏུ་མི་ལེགས་གསུང་བཞིན། ཡང་བུ་ལ་ཁྱོད་ཀྱིས་ཡང་བསྐྱར་ལུག་འདི་དག་དེད་སོང་ནས་ཉིན་ཞག་བདུན་གྱི་ནང་དུ་ཡང་ནས་ཁུག་མ་བརྒྱ་ཁོལ་ཤོག་ཅིག་གསུངས་སོ། །བུས་འུ་ཐུག་ནས་ལུག་རྣམས་དེད་ཅིང་ཅི་བྱ་འདི་བྱ་མེད་པའི་སྐབས་སུ། ཁོ་ཡང་གོང་གི་གཞོན་ནུ་མ་དེ་ལ་ངོ་འཕྲད་བྱུང་བས། དེས་ཁོ་ལ་ལུག་རྣམས་ཀྱི་རྭ་ཅོ་བྲེགས་ཏེ་གྲི་འབིག་གི་ཡུ་བ་བཟོས་ཆོག་པ་བསླབས་པར། ཁོ་དེ་མ་ཐག་དགའ་སྟེ་དེ་ལྟར་བགྱིས་རྗེས་དེ་རྣམས་བཙོངས་ཏེ་ནས་ཁུག་མ་བརྒྱ་ཉོས་ཏེ་ཕྱིར་ལོག་བྱུང་ངོ་། །མགར་གྱིས་ཚུལ་འདི་མཐོང་བ་དང་ཡ་མཚན་དཔག་མེད་པ་སྐྱེས་ཏེ་རྒྱུ་མཚན་དྲིས་པར། བུས་གཞོན་ནུ་མ་དེས་ཁོ་ལ་བསླབས་པ་ཞིབ་ཏུ་བརྗོད་པ་ལ། མགར་གྱིས་གཞོན་ནུ་མ་དེ་ནི་དངོས་གནས་རང་ག་བ་ཞིག་མི་འདུག་སྙམ་ནས་བུ་ལ་གདམས་རྒྱུར། གཞོན་ནུ་མ་དེ་ལ་རྩྭ་ཐལ་གྱི་ཐག་པ་རིང་ཚད་ལ་ཁྲུ་དགུ་ཙམ་ཡོད་པ་ཞིག་རྒྱུ་རུ་བཅུག གལ་ཏེ་གཞོན་ནུ་མ་དེས་རྒྱུ་ཐུབ་པ་བྱུང་ཚེ་རང་གི་སྐ་རགས་སུ་བཅིངས་རྒྱུའི་ཁ་ཆད་བྱས། དེས་བུས་གཞོན་ནུ་མ་དེ་ལ་དེ་སྐད་བརྗོད་པར་གཞོན་ནུ་མས་དེ་མ་ཐག་རྩྭ་ཐལ་གྱི་ཐག་པ་ཁྲུ་དགུ་ཙམ་ཞིག་བརྒྱུས་ཏེ་མགར་སྟོང་བཙན་གྱི་སྐ་རགས་སུ་བསྐུར་མོད། མགར་གྱིས་དེ་བཅིངས་པའི་འོས་མ་མཆིས་མོད། ཁོ་རང་དགའ་སྤྲོ་སྐྱེས་ཤིང་ཡིད་ཚིམ་པའི་ངང་གཞོན་ནུ་མ་དེ་རང་གི་བུའི་ཆུང་མར་བསུས་སོ། །







མཉམ་སྤྱོད།