མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཨ་རིག་གླེན་པའི་གཏམ་རྒྱུད།

2022-11-16 22:29:28   |   222

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


ཇོ་བོར་ལག་རྟེན་བཅོལ་བ།

         སྔོན་གྱི་དུས་ན། ཨ་མདོ་གསེར་མོ་ཐང་གི་ཨ་རིག་རྒད་པོ་ཞིག་ལྷ་སར་ཆོས་མཇལ་དུ་སོང་། སེ་རའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་མདུན་ནས་ལག་རྟེན་བཅོལ་བ་གཉེར་བས་མཐོང་སྟེ་ལག་རྟེན་ཞིག་སྐུ་ལ་བསྙལ་ནས་བཞག་པ་མི་རུང་བར་བསམས་ནས་གཡུགས་པར་བརྩམས་པ་ན། ཇོ་བོས། ལག་རྟེན་མ་དབྱུག ང་ཨ་རིག་རྒད་པོས་བཅོལ་བ་ཡིན་ཞེས་གསུང་བྱོན་པར་གྲགས་ལ། ད་ལྟ་སེ་ར་དགོན་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཐུགས་ཀར་སྦ་དབྱུག་གི་ལག་རྟེན་ཞིག་བཏགས་ནས་མཇལ་བར་མཇལ་ཁ་གཏོད་བྱེད་དེ་ཡིན་ཞེས་དཀོར་གཉེར་བའི་གསུང་རྒྱུན་ལས་ཐོས་སོ། །

ལྷ་སར་ཆོས་མཇལ་དུ་སོང་བ།

         སྔོན་གྱི་དུས་ན། ཨ་མདོ་གཡེར་མོ་ཐང་གི་ཨ་རིག་ཚོ་བའི་གསར་བུ་འགའ་ལྷ་སར་ཇོ་མཇལ་དུ་བྲོས་པ་ལ། ཁོ་ཚོ་ཨ་རིག་ས་ཆ་ལས་རིང་དུ་སོང་སྟེ་ཉིན་ཞིག་སྔ་དྲོར་རི་ཞིག་གི་ཁ་ནས་དགོན་པའི་གསེར་ཏོག་སེར་ལྷམ་མེར་མཐོང་བ་ན། ཨོ། ལྷ་སར་སླེབས་བྱུང་ཞེས་དགའ་སྤྲོ་དང་བཅས་མགྱོགས་པོར་དགོན་མདུན་དུ་རྒྱུགས་པ་ན་ཕྱིར་རང་ཡུལ་གྱི་ཨ་རིག་དགོན་པའི་མདུན་ལ་སླེབས་འདུག་པ་ཤེས་བྱུང་།

ཇོ་བོར་ལྷམ་བཅོལ་བ།

         སྔོན་གྱི་དུས་ན། ཨ་མདོ་གསེར་མོ་ཐང་གི་ཨ་རིག་ས་ཆའི་འབྲོག་པ་རྒད་པོ་ཆོས་དད་ཅན་ཞིག་ལོ་རེར་ལྷ་སར་ཇོ་མཇལ་ཞུ་རུ་འགྲོ་གི་ཡོད་ལ། རེ་ཞིག་ཁོ་བོས་ཇོ་སྐུ་ཞིག་ལ་ལྷམ་མེད་པ་མཐོང་ནས་ཇོ་སྐུ་དེ་ལ། ན་ནིང་ང་ཡོང་དུས་ཁྱེད་ལ་ལྷམ་མེད་ཀི ད་ལོ་ཡོང་ན་ཡང་ལྷམ་མེད་ཀི སང་ལོར་ངས་ཁྱེད་ལ་ལྷམ་ཞིག་བཏབ་ནས་ཁྱེར་ཡོང་ཞེས་བཤད་དེ་སོང་། སང་ལོའི་དུས་དེར་ཨ་རིག་རྒད་པོས་ལྷམ་ཞིག་བཏབ་ནས་ཇོ་མཇལ་དུ་ཡོང་སྟེ་ཇོ་སྐུའི་རྐང་བར་ལྷམ་བསྐོན་མ་ནུས་པས། ཇོ་སྐུ་ལ་ཨ་ཧ་ཧ་ཆེས་རྐང་རྒན་ཞིག སང་ལོ་ངས་ཁྱེད་ལ་ལྷམ་ཆེ་ཞིག་བཏབ་ནས་ཁྱེར་ཡོང་། ད་ང་མཇལ་སྐོར་ལ་འགྲོ་དགོས་པས་ལྷམ་འདི་ཁྱེད་ལ་བཅོལ་བ་ཡིན་ཞེས་ཇོ་སྐུའི་ཕྲག་པ་ལ་བཀལ་ནས་སོང་། རེ་ཞིག་ཕྲག་སྟེང་དུ་བཀལ་བའི་ལྷམ་མར་གཡུགས་པར་བརྩམས་པ་ན། ཇོ་བོའི་གསུང་བྱོན་ཏེ། མར་མ་འཕེན། ང་ལ་ཨ་རིག་རྒད་པོས་བཅོལ་བ་ཡིན་ཞེས་གསུངས་པར་གྲགས་སོ། །

མི་གྲངས་ཚང་བརྩི།

         སྔོན་གྱི་དུས་ན། ཨ་མདོ་གཡེར་མོ་ཐང་གི་ཨ་རིག་པ་ཞིག་འདས་པའི་བསྔོ་རྟེན་ཞུ་བ་དང་། གཤིན་ཆོས་བྱེད་དུ་ཚོ་བའི་ནང་གི་རྒད་པོ་བདུན་ལྷ་སར་བཏང་བ་ལ། ལམ་བར་དུ་ཆུ་ཆེན་པོ་ཞིག་བརྒལ་བའི་ཕར་ཁ་ནས་ཁོ་ཚོས་མི་གྲངས་ཚང་བརྩི་བྱས་པར་མི་བདུན་ལས་གཅིག་མ་ཚང་བས། ཁོ་ཚོས་ཡང་བསྐོར་བསྐྱར་སྐོར་དུ་སོ་སོས་བརྩིས་རུང་མི་གཅིག་ཆད་འདུག དེ་ནས་ལྷ་སར་སླེབས་ཏེ་བླ་མ་ཞིག་ལ་ཁོ་ཚོ་ཡོང་དོན་གྱི་རྒྱུ་མཚན་དང་ལམ་བར་དུ་ཆུ་ཆེན་བརྒལ་བས་མི་གཅིག་མ་ཚང་བ་ཆུས་འཁྱེར་རབས་ཞིབ་ཏུ་བསྙད་པས་བླ་མས་འདང་ཞིག་བརྒྱབ་སྟེ་ཁྱོད་ཚོ་ཡོང་དུས་མི་དུ་ཡོད་ཅེས་དྲིས་པ་ལ། ཨ་རིག་རྒད་པོས་ངེད་ཚོ་མི་བདུན་ཡོད་ཅེས་ལན་བཏབ། བླ་མའི་ཞལ་འཛུམ་པ་དང་བཅས་འོ་ན་ཁྱོད་ཚོས་རང་རང་གི་ཕོར་བ་སར་ཞོག་ཅེས་པ་ལ་ཚང་མས་རུམ་གྱི་ཕོར་བ་བླངས་ནས་མདུན་དུ་བཞག བླ་མས། ཡ་ད་རྩིས་ཤིག་ཅེས་པ་ལ་ཕོར་བ་བདུན་ཚང་འདུག

ཨ་རིག་གླེན་པ་བརྒྱ་ཡིན་རུང་།  གྲོག་མའི་ཕྲུ་གུ་མི་ཟ་རྒྱུའོ་ལོས་ཤེས།

        སྔོན་གྱི་དུས་ན། ཨ་མདོ་གཡེར་མོ་ཐང་གི་ཨ་རིག་འབྲོག་པ་སྐོར་ཞིག་ལྷ་སར་ཆོས་མཇལ་དུ་སོང་སྟེ་གནས་ཚང་ཞིག་ཏུ་ཞག་འདུག་བྱས་པ་ལ། གནས་ཚང་གིས་ཐག་རིང་ཨ་མདོའི་མཇལ་བར་སྣེ་ལེན་བཟང་བོ་ཞིག་བྱེད་བསམ་སྟེ་འབྲས་བཙོས་ནས་ཟ་རུ་བཅུག ཨ་རིག་རྒད་པོས་མཐོང་སྟེ། ང་ཨ་རིག་གླེན་པ་བརྒྱ་ཡིན་རུང་། གྲོག་མའི་ཕྲུ་གུ་མི་ཟ་རྒྱུའོ་ལོས་ཤེས་ཞེས་བཤད།

ཨ་རིག་གླེན་པ་བརྒྱ་ཡིན་རུང་། དཀྱིལ་འཁོར་ཐོག་ག་མི་ཙོག་རྒྱུའོ་ལོས་ཤེས།

         སྔོན་གྱི་དུས་ན། ཨ་མདོ་གཡེར་མོ་ཐང་གི་ཨ་རིག་འབྲོག་པ་སྐོར་ཞིག་ལྷ་སར་ཆོས་མཇལ་དུ་སོང་བ་ལ། ཞག་འདུག་བྱེད་སའི་གནས་ཚང་ཞིག་གཡར་བ་ཕྱུག་པོ་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་ཡིན་པས། ཁོ་ཚོ་མགྲོན་ཁང་དུ་ཁྲིད་ནས་སྣེ་ལེན་བྱས་མོད། ཨ་རིག་རྒད་པོས་མགྲོན་ཁང་དུ་ས་གདན་བཏང་ཡོད་པ་སྔར་མཐོང་མ་མྱོང་བས་ངག་ལས། ཨ་རིག་གླེན་པ་བརྒྱ་ཡིན་རུང་། དཀྱིལ་འཁོར་ཐོག་ག་མི་ཙོག་རྒྱུའོ་ཤེས་ཞེས་བཤད།


མཉམ་སྤྱོད།