མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྒྱལ་བོ་གཡུ་ཡི་རལ་བ་ཅན།

2022-11-16 22:28:55   |   221

 རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


         གནའ་སྔ་མོར། ཡུལ་ཞིག་ན་ཁྱིམ་ཚང་ཕྱུག་པོ་ཞིག་ལ་བུ་གཅིག་དང་གླ་བ་གཅིག་ཡོད། བུ་ཡི་མགོའི་སྐྲ་དང་རལ་བ་སོགས་གཡུ་ཡིས་གྲུབ་ཅིང་། སོ་དང་སེན་མོ་དུང་གིས་རང་གྲུབ་ཏུ་ཡོད་པས། མིང་ལ་གཡུ་ཡི་རལ་བ་ཅན་ཟེར། གླ་བ་དེའི་མགོའི་སྐྲ་སོགས་ལ་ཆ་ཡིས་གྲུབ་ཡོད་པས་མིང་ལའང་གཡོག་པོ་མགོ་ལ་ཆ་ཅན་དུ་འབོད། ས་དེ་གར་ད་དུང་རྒྱལ་བོ་ཞིག་འདུག་པ་དེར་བུ་མོ་སྤུན་གསུམ་ཡོད་ལ། དེ་དག་ཚང་མ་མོ་ལོ་ལྔ་གསུམ་བཅོ་ལྔ་རྫོགས་པས་ཚང་མར་མག་པ་འཇོག་པའི་དུས་ལ་བབས། རྒྱལ་བོས་ས་དེ་གའི་མི་དྲག་སྐུ་དྲག་རྣམས་ཀྱི་བུ་ཚ་ཐམས་ཅད་མགྲོན་འབོད་ཀྱི་ཚུལ་གྱིས་སྟོན་མོ་བཤམས་ཏེ་མག་པ་གདམ་རྒྱུའི་བརྡ་བཏང་། དེའི་ནང་དུ་གཡུ་ཡི་རལ་བ་ཅན་གྱི་མིང་ཡང་བཀོད་འདུག རྒྱལ་བོའི་མགྲོན་སྟོན་གྱི་དུས་ལ་ཉེ་བའི་ཉིན་ཞིག་ལ། གཡུ་ཡི་རལ་བ་ཅན་གྱི་ཕ་མས་བུ་ལ་འཕྱོར་པོའི་གོས་ཀྱིས་སྤྲས་ནས། གཡོག་པོ་མགོ་ལ་ཆ་ཅན་ལག་གཡོག་ཏུ་བཅུག་ནས་རྒྱལ་བོའི་ཁབ་ཏུ་མངགས། ལམ་བར་དུ་ཁོ་གཉིས་ཀྱིས་ཝ་མོ་ཞིག་ཁུང་བུར་འཛུལ་བ་མཐོང་བས། གཡོག་པོ་མགོ་ལ་ཆ་ཅན་གྱིས་གཡུ་ཡི་རལ་བ་ཅན་ལ“ང་ལུས་པོ་རྒྱགས་པས་ཁུང་བུར་འཛུལ་དཀའ། ཁྱེད་ལུས་ཕྲ་བས་ཁུང་བུར་འཛུལ་ནས་ཝ་མོ་དེ་ཟུངས”ཞེས་བཤད་པར། གཡུ་ཡི་རལ་བ་ཅན་གྱིས་བདེན་ཟེར་ནས་གྱོན་པ་ཕུད་ན་ཝའི་ཁུང་བུར་འཛུལ། གཡོག་པོ་མགོ་ལ་ཆ་ཅན་གྱིས་སྐབས་དེ་དང་བསྟུན་ནས་ཁུང་བུར་དུ་བ་བརྒྱབ་པས་གཡུ་ཡི་རལ་བ་ཅན་གྱིས་བཟོད་པར་མ་ནུས་པར་གཡོག་པོ་ལ“ང་མ་གསོད་དང་ཁྱེད་ཀྱིས་ཅི་བཤད་དེ་བཞིན་བསྒྲུབ་རྒྱུ་ཁས་ལེན་བྱས་པ་ཡིན། ང་ཚེ་ཐར་ཡོང་བར་ཞུ”ཞེས་བཤད་པར། གཡོག་པོ་མགོ་ལ་ཆ་ཅན་གྱིས“འོ་ན་ཁྱོད་ཀྱི་གཡུའི་རལ་བ་དང་དུང་གི་སོ་སེན་སོགས་བདག་གི་ལ་ཆའི་རལ་བ་དང་བརྗེ་དགོས་ལ་མིང་དང་གོ་སའང་བརྗེ་དགོས”ཞེས་པ་གཡུ་ཡི་རལ་བ་ཅན་གྱིས་ཁས་ལེན་དག་པོ་བྱས། དེ་ནས་ཁུང་བུ་ལས་ཕྱིར་ཐོན་རྗེས་ཁོ་གཉིས་ཀྱིས་མགོའི་སྐྲ་དང་སོ་སེན། གོ་ས། གོན་པ་སོགས་ཐམས་ཅད་བརྗེས། གཡོག་པོ་མགོ་ལ་ཆ་ཅན་གྱིས་གཡུ་ཡི་རལ་བ་ཅན་གྱི་གོན་པ་གོན་ཞིང་གཡུ་ཡི་རལ་བ་ཅན་གཡོག་པོར་ཁྲིད་ནས་རྒྱལ་བོའི་ཁབ་ཏུ་བྱོན། རྒྱལ་བོའི་མགྲོན་སྟོན་དང་ད་རུང་དུས་ཅུང་ཙམ་ཞིག་ཡོད་པས་གཡོག་པོ་མགོ་ལ་ཆ་ཅན་རྫུན་མ་དེ་རྒྱལ་བོ་ཚང་གི་ཕྱུག་རྫིར་མངགས།

         རྒྱལ་བོའི་བུ་མོ་གསུམ་ལས་ཆེ་བའི་མིང་ལ་གསེར་མོ་མཚོ་དང་འབྲིང་བའི་མིང་ལ་དངུལ་མོ་མཚོ། ཆུང་བའི་མིང་ལ་དུང་མོ་མཚོ་ཟེར། བུ་མོ་དེ་གསུམ་པོ་རེ་རེར་རིམ་བཞིན་གསེར་དངུལ་དུང་གི་མཛོ་མོ་གསུམ་ཡོད་འདུག གཡོག་པོ་མགོ་ལ་ཆ་ཅན་རྫུན་མ་དེ་རྒྱལ་བོ་ཚང་གི་ཟོག་རྫི་བྱས་ནས་ཉིན་མང་བོ་མ་འགོར་བར་རྒྱལ་བོའི་བུ་མོ་གསེར་མོ་མཚོའི་གསེར་གྱི་མཛོ་མོ་རྩེབས་པས། གཡོག་པོ་མགོ་ལ་ཆ་ཅན་གྱིས་བུ་མོ་གསེར་མོ་མཚོ་ལ“ཁྱོད་ཀྱི་གསེར་གྱི་མཛོ་མས་རྩེབས་པས་ཐུད་དཀར་ཟླ་རིལ་བཅུ་གཉིས། མར་དཀར་རིལ་བུ་བཅུ་གསུམ་ཁྱེར་ཏེ་ལག་བཞོ་ཟེའུ་བཟུང་ལ་བཞོ་བར་ཤོག”ཟེར་བར། གསེར་མོ་མཚོས“ཁྱོད་གཡོག་པོ་ཞིག་ལ་བཤད་རྒྱུ་མང་བོ་འདུག བདག་ལ་ཁོམ་པ་མེད”ཟེར་ནས་འོ་ཟེའུ་སྟོང་བ་བཟུང་ནས་མཛོ་མོ་བཞོ་བར་རི་ལ་ཆས། རི་ཧ་ཅང་གཟར་བས་འགོ་དཀའ་བ་བྱུང་བར། གཡོག་པོས“སྲས་མོ་ཁྱོད་ཀྱི་གྱོན་པ་ཐོག་མ་ཕུད་དང་ངས་འཁྱེར”ཟེར་བས་དེ་ལྟར་བྱས། དེ་ནས་ཀྱང་འགོ་མ་ཐུབ་པས་གཡོག་པོས“སྲས་མོ་ཁྱོད་ཀྱི་ལྷམ་ཡང་ཕུད་དང་ངས་ཁྱེར”ཟེར་བར་དེ་ལྟར་བྱས་པས་ད་གཟོད་རི་རྩེ་ལ་ཐོན། མཛོ་མོ་བཞོ་སྐབས་མཛོ་མོའི་ནུ་མ་མཐོ་བས་མ་རྩེབས་པས། གཡོག་པོས“ང་ཉིན་ལ་སོང་ནས་མཁན་པ་བཏུས་ཤིང་སྲིབ་ལ་སོང་ནས་ཤུག་པ་བཏུས་ཏེ་མཁན་ཤུག་གི་རྐུབ་སྟེགས་ཐོག་ནས་བཞོའམ་གཡོག་པོ་བདག་ལ་རྐུབ་སྟེགས་བྱས་ནས་བཞོ”ཞེས་དྲིས་པར། སྲས་མོས“ཁྱོད་ཉིན་སྲིབ་ལ་སོང་ནས་མཁན་ཤུག་བཏུས་ན་འགོར་འགྲོ་བས་ཁྱོད་རང་རྐུབ་སྟེགས་བྱས་ན་ཆོག”ཅེས་དེ་ལྟར་བྱས། འོ་མ་བཞོས་རྗེས་རྟོལ་གསོད་པའི་ལུགས་སྲོལ་ཡོད་པས་གཡོག་པོ་མགོ་ལ་ཆ་ཅན་གྱིས་སྲས་མོར“མཆུ་སྡོམ་ལ་སྡིག་པ་གཅིག་དང་རྔ་མས་འཛིན་པ་ལ་སྡིག་པ་བརྒྱ་ཟེར་སྲོལ་ཡོད་པས་ཁྱོད་ཀྱི་ཅི་བྱེད”ཅེས་དྲིས་པར། མོས“ངས་མཆུ་སྡོམ་རྒྱུ”ཟེར་ནས་རྟོལ་བཤས་ཏེ་ཤ་བཙོས། ཤ་ཟ་སྐབས་གཡོག་པོས་སྲས་མོར“ཁྱོད་རང་སྲས་མོ་ཡིན་པས་ཤ་ཟོ། ང་གཡོག་པོ་ཡིན་པས་རུས་པ་ཟ་ལ་ཁུ་བ་འཐུང་ན་ཆོག”ཟེར་བར། མོས“དེ་རང་འགྲིག”པའི་ཚུལ་བསྟན་ནས་ཤ་ཟོས་རྗེས་ཕྱིར་ཕེབས།

         དེ་ནས་ཉིན་འགའ་འགོར་རྗེས། རྒྱལ་བོའི་སྲས་མོ་དངུལ་མོ་མཚོའི་དངུལ་གྱི་མཛོ་མོས་རྩེབས། གཡོག་པོ་མགོ་ལ་ཆ་ཅན་གྱིས་བུ་མོ་དངུལ་མོ་མཚོ་ལ“ཁྱོད་ཀྱི་དངུལ་གྱི་མཛོ་མས་རྩེབས་ཡོད་པས་ཐུད་དཀར་ཟླ་རིལ་བཅུ་གཉིས། མར་དཀར་རིལ་བུ་བཅུ་གསུམ་ཁྱེར་ཏེ་ལག་བཞོ་ཟེའུ་བཟུང་ལ་བཞོ་བར་འགྲོ”ཟེར་བར། དངུལ་མོ་མཚོས“ཁྱོད་གཡོག་པོ་ཞིག་ལ་བཤད་རྒྱུ་མང་བོ་འདུག བདག་ལ་ཁོམ་པ་མེད”ཟེར་ནས་འོ་ཟེའུ་སྟོང་བ་བཟུང་ནས་མཛོ་མོ་བཞོ་བར་སོང་། དེ་ཡང་རི་ཧ་ཅང་གཟར་བས་འགོ་དཀའ་བ་བྱུང་བར། གཡོག་པོས“སྲས་མོ་ཁྱོད་ཀྱི་གྱོན་པ་ཐོག་མ་ཕུད་དང་ངས་ཁྱེར། ཁྱོད་ཀྱི་ཨ་ཅེ་གསེར་མོ་མཚོའི་ལྭ་ངས་ཁྱེར་བ་ཡིན”ཟེར་བས་དེ་ལྟར་བྱས། རི་སྐེད་ནས་ཀྱང་མ་འགོས་པས་ཡང་གཡོག་པོས“སྲས་མོ་ཁྱོད་ཀྱི་ལྷམ་ཡང་ཕུད་དང་ངས་ཁྱེར”ཟེར་བར་དེ་ལྟར་བྱས་པས་ད་གཟོད་རི་རྩེ་ལ་ཐོན། སྲས་མོ་མཛོ་མོའི་ནུ་མར་མ་རྩེབས་པས། གཡོག་པོས“ང་ཉིན་ལ་སོང་ནས་མཁན་པ་བཏུས་ཤིང་སྲིབ་ལ་སོང་ནས་ཤུག་པ་བཏུས་ཏེ་མཁན་ཤུག་གི་རྐུབ་སྟེགས་ཐོག་ནས་བཞོའམ་གཡོག་པོ་བདག་ལ་རྐུབ་སྟེགས་བྱས་ནས་བཞོ”ཞེས་དྲིས་པར། སྲས་མོས“ཁྱོད་ཉིན་སྲིབ་ལ་སོང་ནས་མཁན་ཤུག་བཏུས་ན་འགོར་འགྲོ་བས་ཁྱོད་རང་རྐུབ་སྟེགས་བྱས་ན་ཆོག”ཅེས་དེ་ལྟར་བྱས། འོ་མ་བཞོས་རྗེས་རྟོལ་གསོད་སྐབས་གཡོག་པོས་སྲས་མོར“མཆུ་སྡོམ་ལ་སྡིག་པ་གཅིག་དང་རྔ་མས་འཛིན་པ་ལ་སྡིག་པ་བརྒྱ་ཟེར་སྲོལ་ཡོད་པས་ཁྱོད་ཀྱི་ཅི་བྱེད། ཁྱོད་ཀྱི་ཨ་ཅེས་མཆུ་བསྡམས་པ་ཡིན”ཞེས་ཟེར་བར། དངུལ་མོ་མཚོས་ཀྱང“མཆུ་སྡོམ”ཟེར་ནས་མཆུ་བསྡམས། གཡོག་པོས་རྔ་མས་བཟུང་སྟེ་རྟོལ་བསད། ཤ་བཙོས་ནས་ཟ་སྐབས་གཡོག་པོས་སྲས་མོར“ཁྱོད་རང་སྲས་མོ་ཡིན་པས་ཤ་ཟོ། ང་གཡོག་པོ་ཡིན་པས་རུས་པ་ཟ་ལ་ཁུ་བ་འཐུང་ན་ཆོག”ཟེར་བར། མོས“དེ་རང་འགྲིག”པའི་ཚུལ་བསྟན་ནས་ཤ་ཟོས་རྗེས་ཕྱིར་ཕེབས།

         ཡང་ཉིན་གསུམ་གྱི་རྗེས་སུ་རྒྱལ་བོའི་སྲས་མོ་ཆུང་བ་དུང་མོ་མཚོའི་དུང་གི་མཛོ་མོ་རྩེབས་པས་གཡོག་པོ་མགོ་ལ་ཆ་ཅན་གྱིས་དུང་མོ་མཚོར“ཁྱོད་ཀྱི་དུང་གི་མཛོ་མོ་རྩེབས་པས་ཐུད་དཀར་ཟླ་རིལ་བཅུ་གཉིས། མར་དཀར་རིལ་བུ་བཅུ་གསུམ་ཁྱེར་ནས་ཤོག་དང་མཛོ་མོ་བཞོ་བར་འགྲོ”ཟེར་བར་མོས་འོ་ཟེའུ་ནང་དུ་ཐུད་དཀར་ཟླ་རིལ་བཅུ་གཉིས་དང་མར་དཀར་རིལ་བུ་བཅུ་གསུམ་ཁྱེར་ནས་མཛོ་མོ་བཞོ་རུ་ཆས། ལམ་དུ་ལ་གཟར་པོ་ཞིག་ཡོད་པ་དེའི་ལ་སྐེད་ནས་ལ་མགོ་བར་འགོ་དཀའ་བ་ཞིག་བྱུང་བས། གཡོག་པོ་མགོ་ལ་ཆ་ཅན་གྱིས་མོར“ཁྱོད་ཀྱི་ཐོག་ལྭ་ཕུད་དང་ངས་ཁྱེར་ཆོག ཁྱོད་ཀྱི་ཨ་ཅེ་གཉིས་ཀྱིས་དེ་ལྟར་བྱས་པ་ཡིན”ཟེར་བར། མོས“ངའི་ལྭ་ཁྱོད་ཀྱིས་ཁྱེར་མི་དགོས། རང་གིས་ཁྱེར་ན་ཆོག”ཅེས་བཤད་ནས་ཐོག་ལ་ཕུད་དེ་རང་གི་ལག་ལ་བཟུང་ནས་རི་ལ་འགོས། དེ་ནས་ཀྱང་འགོ་དཀའ་བ་བྱུང་བས། གཡོག་པོས་སླར་ཡང་སྲས་མོར“ཁྱོད་ཀྱི་ལྷམ་ཕུད་དང་ངས་ཁྱེར”ཟེར་བར། མོས“ཁྱོད་གཡོག་པོ་ཡིན་ཡང་སྐྱེས་ཕོ་ལུས་ཤིག་ཡིན་པས་ངའི་ལྷམ་ཁྱེར་ན་ག་ལ་འགྲིག ང་རང་གིས་ཁྱེར་ཆོག”ཅེས་ལྷམ་ཕུད་ནས་རང་གི་ལག་ཏུ་བཟུང་སྟེ་རི་མགོར་འགོས། རི་ནས་མཛོ་མོ་བཞོ་སྐབས་མཛོ་མོའི་ནུ་མར་མ་རྩེབས་པས་གཡོག་པོ་མགོ་ལ་ཆ་ཅན་གྱིས་སྲས་མོར“ང་ཉིན་ལ་སོང་ནས་མཁན་པ་བཏུས་ཤིང་སྲིབ་ལ་སོང་ནས་ཤུག་པ་བཏུས་ཏེ་མཁན་ཤུག་གི་རྐུབ་སྟེབས་ཐོག་ནས་བཞོའམ་ང་གཡོག་པོ་རྐུབ་སྟེགས་བྱས་ནས་བཞོ་རྒྱུ། ཁྱོད་ཀྱི་ཨ་ཅེ་གཉིས་ཀྱིས་ང་རྐུབ་སྟེགས་བྱས་ནས་བཞོས་པ་ཡིན”ཟེར་བར། མོས“མི་ལུས་རིན་པོ་ཆེ་རྐུབ་སྟེགས་བྱེད་ག་ལ་རུང་། དེ་བས་ཁྱོད་སོང་ནས་མཁན་ཤུག་བཏུས་དང་དེར་བསྟེན་ནས་བཞོ”ཟེར་བས་དེ་ལྟར་བྱས། འོ་མ་བཞོས་ཚར་ནས་རྟོལ་གསོད་སྐབས་གཡོག་པོས་ཡང་སྲས་མོར། “མཆུ་སྡོམ་པར་སྡིག་པ་གཅིག་དང་རྔ་མས་འཛིན་པར་སྡིག་པ་བརྒྱ་ཟེར་སྲོལ་འདུག ཁྱོད་ཀྱི་ཨ་ཅེ་གཉིས་ཀྱིས་མཆུ་བསྡམས་པ་ཡིན། ཁྱོད་ཀྱིས་ཅི་བྱེད”ཅེས་དྲིས་པར། སྲས་མོས“ཁྱོད་རང་གིས་གསོད་ཐུབ་ན་སོད། གསོད་མི་ཐུབ་ན་བསྐྱུར་ཞོག ངས་མཆུ་མི་སྡོམ་ལ་རྔ་མས་ཀྱང་མི་འཛིན”ཞེས་བཤད། དེ་ནས་གཡོག་པོ་མགོ་ལ་ཆ་ཅན་གཅིག་པུས་རྟོལ་བཤས་ནས་ཤ་བཙོས། ཤ་ཟ་སྐབས་གཡོག་པོས་ཡང་སྲས་མོར“ཁྱོད་སྲས་མོ་ཡིན་པས་ཤ་ཟོ། ང་གཡོག་པོ་ཡིན་པས་རུས་པ་ཟོས་ནས་ཁུ་བ་འཐུང་ན་ཆོག ཁྱོད་ཀྱི་ཨ་ཅེ་གཉིས་ཀྱིས་དེ་ལྟར་བྱས་པ་ཡིན”ཟེར་བར། སྲས་མོས“རུས་པ་ཁྱིའི་ཟ་རྒྱུ་རེད། ངེད་གཉིས་ཀྱིས་ཤ་ཟ”ཟེར་ནས་ཤ་བགོས་ནས་ཟོས་རྗེས་ཕྱིར་རྒྱལ་བོའི་ཕོ་བྲང་དུ་ལོག

         ཕྱི་ཉིན་དུང་མོ་མཚོ་གཡོག་པོ་མགོ་ལ་ཆ་ཅན་ལ་ཕྱུགས་ཟོག་འཚོ་རོགས་སུ་སོང་། ཉིན་གུང་གི་དུས་སུ་མོ་ཇ་ཡུན་ཙམ་ལ་གཉིད་ལོག་སོང་། སྐབས་དེར་རྒྱལ་བོ་ཚང་གི་རྟ་ཁྱུ་ནས་རྒོད་མ་ཞིག་གིས་རྩེབས་ནས་རྟེའུ་ཤི། གཡོག་པོ་མགོ་ལ་ཆ་ཅན་གྱིས་རྟེའུ་རོ་དེ་དུང་མོ་མཚོའི་ཐུ་བར་དུ་བཞག་ནས་གློ་བུར་དུ་སྲས་མོར“ལ་ལོ་བུད་སོང་བས་འདེད་དུ་འགྲོ”ཟེར་བར། སྲས་མོ་གཉིད་མ་སད་ཀྱི་ཡར་ལངས་པས་ཐུ་བར་ནས་རྟེའུ་རོ་དེ་སར་ལྷུང་། གཡོག་པོ་མགོ་ལ་ཆ་ཅན་གྱིས“ཨ་ཡོ། རྒྱལ་བོའི་སྲས་མོ་རྟེའུ་རྩེབས་མ”ཞེས་ཧབ་ཆ་བརྒྱབ། སྲས་མོ་ངོ་ཚ་ནས་གཡོག་པོར“གཞན་ལ་མ་བཤད་དང་ཁྱོད་ཀྱིས་ཅི་བཤད་བསྒྲུབ་པའི་ཁས་ལེན་བྱས་པ་ཡིན”ཟེར། དེ་ནས་གཡོག་པོ་མགོ་ལ་ཆ་ཅན་གྱིས་སྲས་མོར“ཁྱོད་ཆུང་ངུའི་དུས་སུ་ཁྱེད་ཅག་ལ་མིང་བོ་ཞིག་ཡོད། ནར་མ་སོན་པའི་དུས་གཞི་བདག་གིས་ཁྱེར་སོང་། ད་ནས་ཉིན་འགའི་རྗེས་སུ་སྲས་དེ་ལེན་པའི་དུས་ལ་བབས་པས། ཁྱོད་ཀྱི་ཡབ་རྒྱལ་བོས་སྟོན་མོ་བཤམས་ནས་སྲས་མོ་དག་ལ་མག་པ་འཇོག་རྒྱུ་རེད། སྐབས་དེར་ཁྱོད་རང་ངའི་བག་མ་བྱེད་དགོས”ཟེར་བར། དུང་མོ་མཚོས་དེ་ལྟར་ཁས་བླངས།

         དེ་ནས་ཉིན་མང་བོ་མ་འགོར་བར་རྒྱལ་བོས་ཡུལ་ཕྱོགས་དེའི་མི་དྲག་སྐུ་དྲག་དག་གི་བུ་རྒོད་དག་ལ་སྟོན་མོ་བཤམས་ནས་སྲས་མོ་གསུམ་ལ་རང་རང་གི་འདོད་མོས་ལྟར་མག་པ་རེ་འདེམ་དུ་བཅུག གཡོག་པོ་མགོ་ལ་ཆ་ཅན་ཡང་འགྲུལ་བའི་གྲལ་དུ་བཞག གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ཀྱིས་རྒྱལ་བོ་གཡུ་ཡི་རལ་བ་ཅན་བདམས། མཐའ་མ་དུང་མོ་མཚོས་མག་པ་འདེམ་སྐབས་གཡོག་པོ་མགོ་ལ་ཆ་ཅན་གྱིས“རྒྱལ་བོ་སྲས་མོ”ཞེས་པ་ཙམ་གྱིས་དུང་མོ་མཚོ་ངོ་ཚ་ནས“ང་གཡོག་པོ་མགོ་ལ་ཆ་ཅན་གྱི་བག་མ་བྱེད་རྒྱུ་ཡིན”ཞེས་བཤད། རྒྱལ་བོ་ཚང་གི་བཟའ་ཚང་འཁོར་དང་བཅས་པས་ཡང་དང་འོར་གྱིས་ཁ་ཏ་སློབ་གསོ་བྱས་ཀྱང་མ་ཕན། དེ་ནས་ཉིན་འགའི་རྗེས་སུ་རྒྱལ་བོས་གཡོག་པོ་མགོ་ལ་ཆ་ཅན་བཟའ་ཚོ་ལ་རྟ་རྒན་རྒྱབ་རལ་གཅིག་དང་གཡག་རྒན་རྔོ་ཅན་གཅིག སྦྲ་ནག་རལ་བ་གཅིག་བཅས་བྱིན་ནས་ཁེར་ཁྱིམ་དུ་ཕུད། ཟླ་ཕྱེད་ཀྱི་རྗེས་སུ་རྒྱལ་བོ་ཚང་གི་མག་པ་ཆེ་བ་རལ་བ་ཅན་ལ་མི་རྟ་སྟོང་དམག་དང་ཟས་རིགས་སྣ་ཚོགས། དར་གོས་གསེར་དངུལ། གླ་བ་གཡོག་འཁོར། མི་སྐད་གོ་བའི་ཁྱི་མོ་དམར་མོ་ཞེས་པའི་ཞིག་དང་བཅས་སྤྲད་ནས་ཚེས་བཟང་བོ་ཞིག་གི་ཉིན་ལ་རྒྱལ་བོའི་སྲས་གཞི་བདག་གིས་ཁྱེར་བ་དེ་ལེན་པར་ཡུལ་ཐག་རིང་ཞིག་ཏུ་མངགས། གཡོག་པོ་མགོ་ལ་ཆ་ཅན་བཟའ་ཟླ་གཉིས་ཀྱང་དེ་དང་མཉམ་དུ་ལམ་ལངས་བྱས། ཉིན་དང་བོར་ལམ་ཐག་རིང་བོ་ཞིག་ཏུ་སོང་ཞིང་དགོང་མོ་བར་ཞག་བྱེད་སྐབས་གཡུ་ཡི་རལ་བ་ཅན་གྱིས་ལྐོག་ཏུ་ཁྱི་མོ་དམར་མོ་ལ“ཁྱོད་སོང་ནས་གཡོག་པོ་མགོ་ལ་ཆ་ཅན་ཚང་ལ་ལྐོག་ཉན་བྱས་ནས་ཅི་ཟེར་ལ་ཉོན”ཟེར་ནས་མངགས། གཡོག་པོ་མགོ་ལ་ཆ་ཅན་གྱིས་ཤེས་ནས་སྐད་མཐོན་པོས་དུང་མོ་མཚོ་ལ“སང་ཉིན་ཆུ་མེད་པའི་ས་ཆ་ཞིག་ལ་ཐོན་སྲིད། འུ་གཉིས་ཀྱིས་ཆུ་གྲོད་པུ་གང་གཡག་རྒན་ལ་བཀལ་ནས་འགྲོ། ཡུལ་བ་ཚང་ལ་རྟ་མཛོ་མང་བོ་འདུག་པས་དེའི་གཅིན་གྱིས་ཇ་བསྐོལ་ན་ཆོག་པས་ཆུ་ཁྱེར་མི་དགོས”ཞེས་བཤད་པ་དེ་ཁྱི་མོ་དམར་མོས་ཇི་བཞིན་དུ་གཡུ་ཡི་རལ་བ་ཅན་ལ་བཤད། གཡུ་ཡི་རལ་བ་ཅན་གྱིས་རང་ལ་མངོན་ཤེས་ཡོད་མདོག་གིས་གཡོག་འཁོར་དག་ལ“སང་ཉིན་ཆུ་མེད་པའི་ས་ཆ་ཞིག་ལ་ཐོན་མོད། ངེད་ཚོར་རྟ་མཛོ་མང་བོ་འདུག་པས་དེ་དག་གི་གཅིན་བླངས་ནས་ཇ་བསྐོལ་ཆོག གཡོག་པོ་མགོ་ལ་ཆ་ཅན་ཚང་གིས་ཆུ་ཉུང་ཙམ་ཞིག་མ་ཁྱེར་ན་ཇ་བསྐོལ་ཐབས་བྲལ”ཟེར། ཕྱི་ཉིན་ལམ་ཐག་རིང་བོ་བརྒྱུད་ནས་ས་སྲོས་ཀྱི་དུས་སུ་ངོ་མ་ཆུ་ཐིགས་པ་ཙམ་ཡང་མེད་པའི་ས་ཆ་ཞིག་ཏུ་ཐོན་པས་གླ་བ་གཡོག་འཁོར་ཚང་མས་ང་ཚོའི་རྒྱལ་བོ་གཡུ་ཡི་རལ་བ་ཅན་འདི་ངོ་མ་མངོན་མཁྱེན་ལ་ཐོགས་པ་མེད་པ་ཞིག་འདུག་ཅེས་ཚང་མས་གུས་པ་ཆེན་པོ་བྱས། སྦྲ་གུར་སོགས་ཕུབ་སྟེ་རྟ་མཛོ་མང་བོའི་གཅིན་བླངས་ནས་ཇ་བསྐོལ་བར་དྲི་ངན་གྱིས་འཐུང་ཐབས་བྲལ་བས་དགོང་མོ་དེར་ཚང་མས་སྐམ་ཟས་ཙམ་གྱིས་ལྟོགས་བསལ། གཡོག་པོ་མགོ་ལ་ཆ་ཅན་བཟའ་ཟླ་གཉིས་ཀྱིས་ཇ་བསྐོལ་ནས་ཟ་འཐུང་ཡིད་ཚིམས་པ་ཞིག་བྱས། དགུང་མོ་དེར་ཡང་གཡུ་ཡི་རལ་བ་ཅན་གྱིས་ཁྱི་མོ་དམར་མོ་དེ་གཡོག་པོ་མགོ་ལ་ཆ་ཅན་ཚང་ལ་ལྐོག་ཉན་བྱེད་དུ་མངགས། མགོ་ལ་ཆ་ཅན་གྱིས་ཤེས་ནས་སྐད་མཐོན་པོས་དུང་མོ་མཚོར“སང་ཉིན་རྡོ་མེད་པའི་ས་ཆ་ཞིག་ཏུ་ཐོན་སྲིད། ངེད་གཉིས་ཀྱིས་གཡག་རྒན་ལ་ཐབ་རྡོ་གསུམ་བཀལ་ནས་འགྲོ་དགོས། ཡུལ་བ་ཚང་ལ་འཁོར་གཡོག་མང་བོ་ཡོད་པས་དེ་ཚོའི་པུས་མོ་བརྗེས་ནས་ཐབ་རྡོ་བྱས་ཏེ་ཇ་བསྐོལ་ཆོག”ཟེར་བ་ཁྱི་མོས་དེ་བཞིན་གཡུ་ཡི་རལ་བ་ཅན་ལ་བཤད་པ་དང་གཡུ་ཡི་རལ་བ་ཅན་གྱིས་གཡོག་འཁོར་རྣམས་ལའང་དེ་བཞིན་བཤད། ཕྱི་ཉིན་ས་སྲོས་ཀྱི་དུས་སུ་ངོ་མ་རྡོ་མཐེ་བོང་ཙམ་ཡང་མེད་པའི་ས་ཆ་ཞིག་ཏུ་ཐོན། གཡོག་འཁོར་ཚོས་པུས་མོ་ཐབ་རྡོ་བྱས་ནས་མེ་སྦར་ཚེ་ན་ཚས་མ་བཟོད་པས་དགོང་མོ་དེར་ཡང་ཇ་བསྐོལ་མ་ཐུབ་པར་སྐམ་ཟས་ལ་བརྟེན་དགོས་བྱུང་། གཡོག་པོ་མགོ་ཆ་ལ་ཅན་བཟའ་ཟླ་གཉིས་ཀྱིས་ཟས་འགྲངས་པོ་ཞིག་ཟོས། དེའི་དགོང་མོ་ཡང་གཡུ་ཡི་རལ་བ་ཅན་གྱིས་ཁྱི་མོ་དམར་མོ་མགོ་ལ་ཆ་ཅན་ཚང་ལ་ལྐོག་ཉན་བྱེད་པར་མངགས། མགོ་ལ་ཆ་ཅན་གྱིས་ཤེས་ནས་དུང་མོ་ཚོ་ལ“སང་ཉིན་དར་ཆགས་པའི་ས་ཆ་ཞིག་ཏུ་ཐོན་སྲིད་པས་ངེད་གཉིས་ཀྱིས་ས་སྒྱེ་མོ་གང་བཀལ་ནས་ས་ལམ་གཏོད་དགོས། ཡུལ་བ་ཚང་གིས་ཕྱེ་རྩམ་གཉིས་ཀྱིས་ལམ་བཏོད། མར་ཆུར་གཉིས་ཀྱིས་སྐྱོར་མ་བྱས་ནས་སོང་ཆོག སྔ་མོར་སོང་ན་ཕྱི་དྲོའི་དུས་སུ་སྲས་པོ་ཡོད་པའི་གཞི་བདག་གི་ས་དེར་ཐོན་ཐུབ”ཟེར་བ་ཁྱི་མོས་གཡུ་ཡི་རལ་བ་ཅན་ལ་ཇི་བཞིན་བཤད། གཡུ་ཡི་རལ་བ་ཅན་གྱིས་གཡོག་འཁོར་དག་ལ་དེ་ལྟར་བཤད། ཕྱི་ཉིན་གཡུ་ཡི་རལ་བ་ཅན་གྱིས་སྔ་མོ་ནས་རུ་བ་ཁྲིད་དེ་སོང་བར་ཉིན་གུང་གི་དུས་སུ་དར་ཆགས་པའི་ས་ཆ་ཞིག་ཏུ་ཐོན་པས། གཡོག་འཁོར་དག་གིས་གཡུ་ཡི་རལ་བ་ཅན་གྱི་བཀའ་བཞིན་ཕྱེ་རྩམ་གྱི་ལམ་བཏོད། མར་ཆུར་གྱིས་སྐྱོར་བརྒྱབ་ནས་དར་ལམ་ལ་བུད། གཡོག་པོ་མགོ་ལ་ཆ་ཅན་བཟའ་ཟླ་གཉིས་ཉིན་གུང་ཙམ་ལ་ལམ་ལ་ཆས་ཤིང་། དར་ལམ་བརྒལ་དུས་ཕྱེ་རྩམ་མར་ཆུར་གང་མཁོ་ཞིག་དར་ཐོག་ནས་བླངས་ཤིང་། ས་ལམ་བཏོད་ནས་དར་ལ་བུད། ཕྱི་དྲོའི་དུས་སུ་རྩྭ་ཆུ་ཤིང་ནགས་སོགས་འཛོམས་པའི་ས་ཆ་ཤིན་ཏུ་སྐྱིད་པོ་ཞིག་ཏུ་ཐོན། རྒྱལ་བོ་ཚང་གི་རུ་བ་སྔར་ནས་དེར་སླེབས་འདུག དགོང་མོ་གཡུ་ཡི་རལ་བ་ཅན་གྱིས་སྔར་བཞིན་ཁྱི་མོ་དམར་མོ་གཡོག་པོ་ཚང་ལ་ལྐོག་ཉན་བྱེད་དུ་མངགས། གཡོག་པོ་མགོ་ལ་ཆ་ཅན་གྱིས་སྔར་བཞིན་སྐད་མཐོན་པོས་དུང་མོ་མཚོ་ལ“དེ་དགོང་སྔ་མོ་ནས་ངལ་གསོ། སང་ཉིན་སྔ་མོ་ནས་ཤར་ཕྱོགས་ཀྱི་རི་བོ་ནགས་རྫུབ་སྟུག་པོ་ཅན་དེ་བརྒལ་ནས་སོང་ན་བྲག་དམར་པོ་རྩེ་མོ་དགུང་ལ་མཉམ་པ་ཞིག་ཡོད། དེའི་འདབས་ན་རི་བོང་ཞིག་ཉལ་འདུག་པ་དེ་ཡབ་རྒྱལ་བོའི་སྲས་པོ་སྟེ། ཁྱེད་སྲས་མོ་གསུམ་གྱི་མིང་བོ་གཞི་བདག་གིས་ཁྱེར་བ་དེ་ངོ་མ་ཡིན། ངེད་གཉིས་སྔ་མོ་ནས་མ་སོང་ན་ཡུལ་བ་ཚང་ལ་གླ་བ་གཡོག་འཁོར་མང་བས་དེ་ཚོས་བཟུང་འགྲོ། མཐར་ངེད་གཉིས་ས་ཆ་འདི་འདྲའི་ཐག་རིང་ཞིག་ལ་ཡོང་ནས་སླར་ལག་སྟོང་དུ་འགྲོ་དགོས་བྱུང་ཚེ་ངོ་རེ་ཚ”ཟེར་བ་ཁྱི་མོས་ཇི་བཞིན་གཡུ་ཡི་རལ་བ་ཅན་ལ་བཤད། གཡུ་ཡི་རལ་བ་ཅན་གྱིས་ཀྱང་དེ་བཞིན་དུ་གཡོག་འཁོར་ལ་བཤད། ཕྱི་ཉིན་རྒྱལ་བོ་ཚང་གི་གླ་བ་གཡོག་འཁོར་དག་ནམ་མ་ལངས་གོང་ནས་ཤར་ཕྱོགས་ཀྱི་ནགས་རི་བརྒལ་ནས་སོང་ཚེ་ངོ་མ་བྲག་དམར་པོ་རྩེ་མོ་དགུང་ལ་མཉམ་པ་ཞིག་མཐོང་། ཚང་མས་གཡུ་ཡི་རལ་བ་ཅན་ལ་མངོན་ཤེས་ཆེན་པོ་འདུག་པའི་བསྔགས་བརྗོད་གང་ལེགས་ཕུལ་ཞིང་། བྲག་དེའི་མཐའ་ཡོངས་སུ་བསྐོར་ནས་ཀི་བསྭོའི་སྐད་སྒྲ་གནམ་ས་འགད་འགད་བྱས་པར། བྲག་རྩ་ན་རི་བོང་ཞིག་འདུག་པ་དེ་འཇིགས་སྐྲག་གིས་མ་བཟོད་པར་བྲོས། ཚང་མས་དེར“སྲས་པོ་ལགས། ཁྱེད་བསུ་བར་འོང་བ་ཡིན”ཞེས་དེའི་མཐའ་བསྐོར་ནས་གསོན་པོར་བཟུང་། ཕྱི་དྲོ་ཚང་མ་དགའ་བས་ཁེངས་ཤིང་། རི་བོང་དེ་དར་གོས་སྣ་ཚོགས་ཀྱིས་བཏུམས་ནས་ཕྱིར་རང་ཡུལ་དུ་ལོག དུང་མོ་མཚོ་ངུ་བཞིན་དུ་གཡོག་པོ་མགོ་ལ་ཆ་ཅན་ལ“ངའི་མིང་བོ་ཡུལ་བ་ཚང་གིས་ཁྱེར་ནས་བུད་སོང་། ངས་ངོ་ཙམ་ཡང་མ་མཐོང་བས་སྐྱོ་བ་ལ་ཨང”ཟེར་ནས་ལས་བདའ་བྱས་པར། གཡོག་པོ་མགོ་ལ་ཆ་ཅན་གྱིས“ད་དེ་རིང་འུ་གཉིས་ཀྱིས་ངལ་གསོ། ཁྱོད་ཀྱི་མིང་བོ་ངོ་མ་རི་བོང་དེ་མིན། དེ་ངས་རྫུན་བཤད་པ་ཡིན། དོ་དགོང་ཁྱོད་ཀྱི་ང་ལ་ལྕགས་ཀྱི་ལྷམ་ཆ་གཅིག་དང་ལྕགས་ཀྱི་འུར་ཆ་གཅིག་ཅིས་ཀྱང་འགྲུབ་པར་བྱེད་དགོས། དེ་གྲུབ་ན་ང་སང་ཉིན་སྔ་མོ་ནས་ཁྱོད་ཀྱི་མིང་བོ་བཙལ་བར་འགྲོ། ས་སྲོས་ཀྱི་སྐབས་ངས་འབྲོང་གསུམ་དེད་ནས་འོང་། འབྲོང་རྗེས་མ་དེའི་རྒྱབ་ན་བུ་ཆུང་ལོ་གསུམ་གྱི་ཚད་ཅིག་ཡོད་པ་དེ་ཁྱོད་ཀྱི་མིང་བོ་དངོས་ཡིན་པས། ཁྱོད་མ་ངུ་མ་དགོད་པར་ཞགས་པ་ཐོབ་དང་དེ་འཛིན་ཐུབ། ངུ་བའམ་བགད་ནས་ཞགས་པ་བཏབ་ན་མི་ཟིན”ཞེས་བཤད། དུང་མོ་མཚོས་དགོང་མོ་དེར་ལྕགས་ཀྱི་ལྷམ་ཆ་གཅིག་དང་ལྕགས་ཀྱི་འུར་ཆ་གཅིག་གྲ་སྒྲིག་བྱས། ཕྱི་ཉིན་གཡོག་པོ་མགོ་ལ་ཆ་ཅན་གྱིས་ལྕགས་ལྷམ་རྐང་ལ་གོན། ལྕགས་ཀྱི་འུར་ཆ་ལག་ལ་བཟུང་ནས་མདུན་རི་ལ་འགོས་ནས་སོང་། ཉིན་དེའི་ས་སྲོས་ཀྱི་སྐབས་སུ་ཁོ་ཚང་གི་རྒྱབ་ཕྱོགས་ནས་འབྲོང་གསུམ་དེད་ནས་ཡོང་བར་འབྲོང་རྗེས་མ་དེའི་རྒྱབ་ན་བུ་ཆུང་ལོ་གསུམ་གྱི་ཚད་གཅིག་འདུག དུང་མོ་མཚོས་རང་གི་མིང་བོ་དང་ལོ་མང་བོར་མ་འཕྲད་པར་མ་ཟད་བུ་ཆུང་དེ་འདྲ་ཞིག་འབྲོང་གིས་ཁུར་ནས་ཡོད་པ་མཐོང་བས་ཞེ་སྡུག་ནས་མིག་ཆུ་ཤོར་བཞིན་ཞགས་པ་བཏབ་ཀྱང་མ་ཟིན་པར་བྲོས་སོང་། གཡོག་པོ་མགོ་ལ་ཆ་ཅན་གྱི་ལྕགས་ཀྱི་ལྷམ་དང་འུར་ཆ་གཉིས་ཀ་ཟད་ནས་བཀོལ་ཐབས་མེད་པར་གྱུར། མོ་འགྱོད་པ་ཆེན་པོ་སྐྱེས་ནས་ངུ་བཞིན་བསྡད་པར། གཡོག་པོ་མགོ་ལ་ཆ་ཅན་གྱིས་མོར“དོ་དགོང་ཡང་ཁྱོད་ཀྱིས་ལྕགས་ཀྱི་ལྷམ་ཆ་གཅིག་དང་འུར་ཆ་གཅིག་ལས་འགྲུབ་ན་སང་ཉིན་ཡང་སྔ་མོ་ནས་འགྲོ། ས་སྲོས་ཀྱི་སྐབས་རྐྱང་གསུམ་དེད་ནས་ཡོང་། རྐྱང་བར་མའི་གོང་ན་བུ་ཆུང་ལོ་གསུམ་གྱི་ཚད་ཅིག་ཡོད་པ་དེ་ཁྱོད་ཀྱི་མིང་བོ་ཡིན་པས་མ་ངུ་མ་དགོད་པར་ཞགས་པ་ཐོབ་དང་འཛིན་ཐུབ། ངུ་བའམ་བགད་ན་མི་ཟིན”ཞེས་བཤད། དུང་མོ་མཚོས་དགོང་མོ་དེར་ཡང་ལྕགས་ཀྱི་ལྷམ་ཆ་གཅིག་དང་ལྕགས་ཀྱི་འུར་ཆ་གཅིག་བཅས་ལས་འགྲུབ་པར་བྱས། ཕྱི་ཉིན་གཡོག་པོ་མགོ་ལ་ཆ་ཅན་གྱིས་ལྕགས་ཀྱི་ལྷམ་རྐང་ལ་གོན་པ་དང་ལྕགས་ཀྱི་འུར་ཆ་ལག་ཏུ་བཟུང་ནས་ཁོ་ཚང་གི་རྒྱབ་ཕྱོགས་ཀྱི་རི་བརྒལ་ནས་སོང་། ཕྱི་དྲོ་ས་སྲོས་ཀྱི་སྐབས་ཁོ་ཚང་གི་མདུན་ཕྱོགས་ནས་རྐྱང་གསུམ་དེད་ཡོང་། དུང་མོ་མཚོས་རྐྱང་བར་མ་དེའི་རྒྱབ་ན་བུ་ཆུང་ལོ་གསུམ་གྱི་ཚད་ཅིག་ཡོད་པ་མཐོང་། མོའི་སེམས་སུ་ད་ཐེངས་མིང་བོ་འཛིན་ཐུབ་རྒྱུ་རེད་བསམ་ནས་དགའ་སྤྲོའི་དགོད་སྒྲ་འགོག་མ་ཐུབ་པར་ཞགས་པ་ཞིག་བཏབ་མོད། རྐྱང་གིས་བུ་ཆུང་ཁུར་ནས་ཤོར། དུང་མོ་མཚོ་སེམས་སྡུག་ནས་ངུ་བཞིན་བསྡད་པས། གཡོག་པོ་མགོ་ལ་ཆ་ཅན་གྱིས་མོར“དོ་དགོང་ཡང་ཁྱོད་ཀྱིས་ལྕགས་ཀྱི་ལྷམ་ཆ་གཅིག་དང་ལྕགས་ཀྱི་འུར་ཆ་གཅིག་ལས་དང་། ང་སང་ཉིན་ཡང་སྔ་མོ་ནས་བཙལ་བར་འགྲོ། འོན་ཀྱང་ད་ནི་མཇུག་མཐའི་ཐེངས་གཅིག་ཡིན། གལ་ཏེ་ད་ཐེངས་མ་བཟུང་ན་རྗེས་ནས་འཛིན་རྒྱུ་མེད། ས་སྲོས་ཀྱི་སྐབས་སུ་རྒོ་བ་གསུམ་དེད་ནས་ཡོང་། རྒོ་བ་སྔོན་མ་དེའི་རྒྱབ་ན་བུ་ཆུང་ལོ་གསུམ་གྱི་ཚད་ཅིག་ཡོད་པ་དེ་ཁྱོད་ཀྱི་མིང་བོ་ཡིན། ཅིས་ཀྱང་མ་ངུ་མ་དགོད་པར་ཞགས་པ་འདེབས་དགོས”ཞེས་ནན་བཤད་བྱས། ཕྱི་ཉིན་གཡོག་པོ་མགོ་ལ་ཆ་ཅན་གྱིས་དུང་མོ་མཚོས་ནུབ་དེར་ལས་པའི་ལྕགས་ཀྱི་ལྷམ་གོན་ཞིང་ལྕགས་ཀྱི་འུར་ཆ་བཟུང་ཁོ་ཚང་གི་གཡོན་རུ་བརྒལ་ནས་སོང་། ས་སྲོས་སྐབས་སུ་ཁོ་ཚང་གི་གཡས་རི་ནས་རྒོ་བ་གསུམ་དེད་ནས་ཡོང་བའི་སྔོན་མ་དེའི་རྒྱབ་ན་དུང་མོ་མཚོའི་མིང་བོ་འདུག དུང་མོ་མཚོས་ཕོ་སྐྱེས་ཀྱི་སྐད་ཆ་ཡིད་ལ་དམ་པོར་བཟུང་ནས་མ་ངུས་མ་བགད་པར་ཞགས་པ་ཐེངས་ཤིག་བཏབ་པར་བུ་ཆུང་དེའི་སྐེད་ལ་ཐེབས་ནས་མོ་རང་གི་པང་དུ་ལྷུང་། རྒོ་གསུམ་པོ་གར་སོང་ཆ་མེད་དུ་གྱུར།

        མིང་སྲིང་ངོ་ཐུག་པས་སྤྲོ་བས་མོ་རང་ཡུད་ཙམ་ལ་ངུས་ནས་བསྡད། དེའི་ཕྱི་ཉིན་ཁོ་གསུམ་རྒྱལ་བོའི་ཕོ་བྲང་དུ་ཕྱིར་ལོག་པའི་ལམ་དུ་ཆས། ཉིན་མང་བོའི་རྗེས་སུ་རྒྱལ་བོའི་ཕོ་བྲང་གི་ཉེ་འདབས་སུ་ཐོན་ནས་བ་ཁ་བཏབ། ནུབ་དེར་གཡོག་པོ་མགོ་ལ་ཆ་ཅན་དང་རྒྱལ་སྲས་གཉིས་ཀྱིས་དཀོན་མཆོག་ལ་གསོལ་བ་བཏབ་པས་དཀོན་མཆོག་གི་མཐུ་དང་ཁོ་གཉིས་ཀྱི་བསོད་ནམས་དང་ཚོགས་བསགས་ཀྱིས་གནས་དེར་ཕོ་བྲང་ལྟ་བས་ཆོག་མི་ཤེས་པ་ཞིག་རང་གྲུབ་ཏུ་བྱུང་ཞིང་། གཡས་གཡོན་གྱི་རི་ལུང་ལ་སྒོ་ཕྱུགས་ཀྱི་གང་བ་དང་། ཕོ་བྲང་གི་གཡས་གཡོན་ལ་སྟག་གཟིག་སྒོ་ཁྱིར་བཏགས་པ་ཞིག་བྱུང་། ཕྱི་ཉིན་གཡོག་པོ་མགོ་ལ་ཆ་ཅན་གྱིས་དུང་མོ་མཚོ་ལ“དེ་རིང་ཁྱོད་ཀྱིས་མགོར་ཚྭ་ཁུ་ཅུང་ཙམ་གཏོར་ནས་ཡུལ་བ་ཚང་ལ་སོང་སྟེ། ཨ་མར་ངེད་གཉིས་ཀྱིས་མིང་བོ་འཛིན་རྒྱུ་ཕར་ཞོག ཕྱིར་རང་ཡུལ་ལའང་ཐོན་དཀའ་ཙམ་བྱུང་། དཀོན་མཆོག་གི་ཐུགས་རྗེས་རང་ཡུལ་དུ་ཐོན་པ་ཡིན། ང་དེ་རིང་མིང་བོ་བལྟ་རུ་ཡོང་བ་ཡིན་ཞེས་ཤོད་དང་། མཐར་ཡབ་རྒྱལ་བོས་གཡུ་ཡི་རལ་བ་ཅན་སོགས་ཀྱིས་བཟུང་བའི་རི་བོང་དེ་སྟོན་སྲིད། ཁྱོད་ཀྱིས་ཧབ་ཆ་དང་བཅས་རི་བོང་ཁ་ཤོ་ཞིག་ལ་མིང་བོ་ཟེར་རམ་ཞེས་རི་བོང་སྒོར་ཐོངས། ཡབ་རྒྱལ་བོས་བཀའ་བཀྱོན་བྱུང་ན་མིང་བོ་ངོ་མ་དེ་འུ་ཚང་ན་ཡོད་པ་ཤོད་ལ། ཡབ་རྒྱལ་བོ་གདན་འདྲེན་ཞུས་ནས་ཤོག”ཟེར་བར། དུང་མོ་མཚོ་དེ་བཞིན་དུ་ཡབ་རྒྱལ་བོ་ཚང་ལ་སོང་། རྒྱལ་བོས་དུང་མོ་མཚོ་མཐོང་ནས་གཡོག་འཁོར་རྣམས་ལ“འདྲེ་མོ་དེ་ཡར་ཡོང་གི་མ་འཇུག”ཅེས་བཀའ་ཕབ་པར། ཡུམ་གྱིས་བར་བཤད་བྱས་ནས་རྒྱལ་བོར། “དེ་འདྲ་མ་ཟེར། གང་ལྟར་ཡང་དུང་མོ་མཚོའང་ངེད་གཉིས་ཀྱི་ཤ་ཆད་པའི་བུ་ཕྲུག་རེད། མོ་རང་ལས་དབང་གིས་གཡོག་པོ་ཞིག་གི་མནའ་མ་བྱས་པའང་ཐབས་མེད”ཅེས་ཁྱིམ་དུ་བསུས། དུང་མོ་མཚོས་རང་གི་བཟའ་ཟླས་བཤད་པའི་སྐད་ཆ་རྣམས་ཇི་བཞིན་བཤད་དེ། ཅིས་ཀྱང་མིང་བོ་ལ་ངོ་ཐུག་དགོས་ཟེར་ནས་ངུས་ཤིང་མགོ་འཕྲུགས་པས་ཚྭ་ཁུ་གོ་ཁའི་མེ་ནང་དུ་འཐོར་ནས་སྐད་སྒྲ་གྲགས། རྒྱལ་བོ་ཐུགས་ཁྲོས་ནས“ད་ཁྱོད་ཤིག་གིས་ཀྱང་མནན་འདུག མིང་བོར་ངོ་འཕྲད་རྗེས་མྱུར་དུ་ཕྱིར་སོང་། ངེད་ཚང་ལ་གྲིབ་ཕོག་ཉེན་ཆེ”ཟེར་ནས་རྒྱལ་སྲས་གདན་དྲངས་པ་ལ་རི་བོང་གཅིག་གོས་སྣ་ཚོགས་ཀྱིས་བཏུམས་ནས་ཁྱེར་ཡོང་ནས་བསྟན་ཏེ་དུང་མོ་མཚོ་ལ“འདི་ཁྱེད་ཅག་གི་མིང་བོ་སྟེ་ང་རྒྱལ་བོའི་སྲས་རེད། འོན་ཀྱང་ད་བར་དུ་གཞི་བདག་གི་ཡུལ་ནས་ལུས་པས་འདི་འདྲའི་གཟུགས་ཤིག་ཏུ་གྱུར”ཅེས་ཡིད་སྐྱོ་སྡུག་གིས་ཁེངས། དུང་མོ་མཚོས་རི་བོང་དེ་པང་དུ་བླངས་ནས་མིག་གི་ལྟ་ཙམ་ཡང་མ་བྱས་པར“རི་བོང་ཁ་ཤོ་ཞིག་ལ་མིང་བོ་ཟེར་རམ”ཞེས་ཧབ་ཆ་བརྒྱབ་ཅིང་རི་བོང་སྒོ་ལ་བཏང་བས་བྲོས། རྒྱལ་བོའི་ཐུགས་རབ་ཏུ་ཁྲོས་ནས“གདོན་མོ། འདྲེ་མོ་འདི་ཟུངས”ཞེས་སྐུ་དངོས་སུ་དུང་མོ་མཚོ་འཛིན་པར་རྒྱུག འོན་ཀྱང་དུང་མོ་མཚོས་སྔར་ནས་འབྲོ་རྒྱུའི་གྲ་སྒྲིག་བྱས་ཡོད་པས་དེ་མ་ཐག་ཏུ་རང་གི་ཡུལ་ཕྱོགས་སུ་བྲོས། ཞོར་དུ་རྒྱལ་བོ་ལ“ངེད་ཅག་གི་མིང་བོ་སྟེ་ཁྱོད་ཀྱི་སྲས་ངོ་མ་དེ་ངེད་ཚང་ན་ཡོད་པས་ཐུག་པར་འདོད་ན་མྱུར་དུ་ཤོག”ཅེས་བོས། རྒྱལ་བོ་ཞེ་སྡང་གི་དབང་གིས་བུ་མོའི་རྗེས་བདའ་བཞིན་སོང་བར། མཚམས་ཤིག་ལ་སྔོན་གྱི་ལུང་བ་ཆེན་པོ་ཞིག་གི་མདོ་ན་སྔར་མཐོང་མ་མྱོང་བའི་ཕོ་བྲང་ཡ་མཚན་ཅན་ཞིག་ཆགས་འདུག་པ་དང་། ལུང་བའི་གཡས་གཡོན་ཚང་མར་རྟ་ནོར་ལུག་གསུམ་གྱིས་གང་བ་མཐོང་ནས་ཁོང་ཁོའང་ཞི་བར་གྱུར་ཅིང་། ཡ་མཚན་ནས་བུ་མོ་ལ་མཁར་འདིའི་བདག་པོ་སུ་ཡིན་པ་དང་ནམ་ཆགས་པའི་ལོ་རྒྱུས་དྲིས་པར། དུང་མོ་མཚོས་གནས་ཚུལ་ཇི་བཞིན་བཤད་ཅིང་། ཡབ་རྒྱལ་བོ་གདན་ཞུས་ནས་ཕོ་བྲང་གི་ནང་དུ་སོང་ཚེ། གཡོག་པོ་མགོ་ལ་ཆ་ཅན་གསེར་ཁྲིར་བཞུགས་ཤིང་། བུ་ཆུང་ལོ་གསུམ་གྱི་ཚད་ཅིག་དངུལ་ཁྲིར་བཞུགས་འདུག་པ་མ་ཟད་འཁོར་གཡོག་མང་བོས་བསྐོར་ནས་ཡོད། གཡོག་པོ་མགོ་ལ་ཆ་ཅན་གྱིས“ཡབ་རྒྱལ་བོ་ཕེབས་ལགས་སམ”ཞེས་བསུ་བ་བྱས་ཤིང་། སྟོན་མོ་རྒྱ་ཆེན་པོ་བཤམས་ནས་སྣེ་ལེན་གང་བཟང་མཛད། ཞོར་དུ་རྒྱལ་བོ་ཕ་བུ་ངོ་སྤྲད་པས་དགའ་སྐྱོའི་སྣང་བ་མཉམ་གནས་ཀྱི་ངང་ཚུལ་ཡུད་ཙམ་ཆགས། དེའི་འཕྲོར་གཡོག་པོས་ཁོ་རང་རྒྱལ་བོ་གཡུ་ཡི་རལ་བ་ཅན་དངོས་ཡིན་ཚུལ། རྒྱལ་བོ་ཚང་ལ་ཡོང་སྐབས་གཡོག་པོ་མགོ་ལ་ཆ་ཅན་གྱི་གཡོ་འོག་ཏུ་ཚུད་ཚུལ་སོགས་གསལ་བོར་རྒྱལ་བོར་ཞུས། རྒྱལ་བོས་ཁོར་ཞིབ་ལྟར་བྱས་དུས་ཁོ་རང་གི་མགོ་ན་གཡུ་ཡི་རལ་བ་ཡུན་གྱི་སྐྱེས་ཤིང་། དུང་གི་སེན་མོའི་རྩེའང་མངོན་པར་འདུག་པས་ལ་ཆ་ཚང་མ་གས་ནས་ལྷུང་ལ་ཁད་དུ་འདུག རྒྱལ་བོ་མྱུར་བར་རང་ཡུལ་དུ་སོང་ནས་མག་པ་གཡུ་ཡི་རལ་བ་ཅན་ལ་ཞིབ་ལྟ་བྱས་ཚེ། མགོ་དང་སེན་མོ་ལས་ལ་ཆ་འབུས་ནས་གཡུ་ཡི་སྐྲ་དང་སེན་མོ་ཚང་མ་ལྷུང་ལ་ཉེ་བ་མཐོང་། རྒྱལ་བོས་གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས། རྒྱལ་བོའི་རྒྱལ་ས་དང་ཕོ་བྲང་དང་བཅས་གཡུ་ཡི་རལ་བ་ཅན་ལ་སྤྲད། གཡུ་ཡི་རལ་བ་ཅན་གྱིས་རྒྱལ་ས་བཟུང་ཞིང་གཡོག་པོ་ངོ་མ་དེ་སླར་གཡོག་པོ་བྱས་ཤིང་། གཞན་ཐམས་ཅད་བདེ་སྐྱིད་ངང་བསྡད་དོ། །


མཉམ་སྤྱོད།