མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

དྲེའུ་རྟ་རྐང་གསུམ།

2022-11-16 22:28:22   |   243

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


        གནའ་དུས་ཤིག་ལ། དཔོན་པོ་ཚང་གི་བུ་དང་དབུལ་བོ་ཚང་གི་བུ་གཉིས་མཉམ་དུ་རྫི་བོར་སོང་། གློ་བུར་དུ་ཆར་བ་ཆེན་པོ་ཞིག་བབས་ནས་ཁོང་གཉིས་མཉམ་དུ་བྲག་ཁུང་ཞིག་གི་ནང་ལ་འཛུལ་ནའང་ད་རུང་མི་གཅིག་རློན་པར་གྱུར་འགྲོ་བས། དབུལ་བོའི་བུས་དཔོན་པོའི་བུ་ལ“ཁྱེད་ཡུལ་ལ་སོང་ན་གོས་ལྭ་ཚ་རུ་བརྗེ་རྒྱུ་ཡོད། ངའི་རྩག་སྐྱ་ཐེད་པོ་བངས་དུས་ཚར་ནི་ཡིན་སྟབས། བྲག་ཁུང་གི་ཕུག་ཏུ་ང་འཛུལ་ན་ཨེ་ཆོག”ཅེས་དྲིས། དཔོན་པོའི་བུས“ཆོག་གི”ཞེས་ཟེར་ནས་དབུལ་བོའི་བུ་བྲག་ཁུང་གི་ཕུག་ལ་འཛུལ་དུ་བཅུག ཆར་བ་བབ་ཀྱིན་བབ་ཀྱིན་ཇེ་ཆེར་ཡིན་པས་དཔོན་པོའི་བུའི་ལྭ་བ་ཡོངས་བངས་སོང་བ་དང་དབུལ་བོའི་བུའི་ལྭ་བ་ཆར་བས་མ་བངས།

        ཕྱི་དྲོ། ཁོང་གཉིས་ཕྱིར་ཡུལ་ལ་ཡོང་དུས་སྡེ་བའི་ནང་གི་མི་རྣམས་ཀྱིས་བྱིས་པ་གཉིས་ཀྱི་གཅིག་ཆར་བས་བངས་ཡོད་པ་དང་གཅིག་བངས་མེད་པ་མཐོང་ནས་ཡ་མཚན་སྐྱེས་ཏེ་སྐད་ཆ་འདྲ་མིན་སྣ་ཚོགས་བཤད། དཔོན་པོས་དབུལ་བོའི་བུ་མདུན་ལ་བོས་ནས“ཁྱོད་ཆར་བས་བངས་མེད་པ་དང་ངའི་བུ་ཆར་བའི་བངས་དོན་ཅི་ཡིན”ཞེས་དྲིས་པས་ན། དབུལ་བོའི་བུས་ཆར་བ་འབབ་སྐབས་ཀྱི་གནས་ཚུལ་དྲང་བདེན་གྱིས་བཤད་པར་དཔོན་པོ་ཁོང་ཁྲོ་ཆེན་པོ་ལངས་ཏེ“ངས་ཁྱོད་དེ་འདྲ་ཞིག་ཡིན་པ་སྔ་མོ་ནས་ཤེས། ད་ལྟ་ཁྱོད་སོང་ནས་གོས་ཁ་གང་གི་ཐོག་ཏུ་རི་མོ་མི་གཅིག་པ་མི་མང་མི་ཉུང་བར་བརྒྱད་བརྒྱ་བརྒྱད་ཅུ་ཡོད་པ་ཞིག་ཚོལ་ཤོག བཙལ་མ་ཐུབ་ན་སྲོག་གི་ཆད་པ་གཅོད་ངེས་ཡིན”ཞེས་བཤད་པར། དབུལ་བོའི་བུས་དེ་འདྲའི་གོས་ཤིག་མཐོང་མ་མྱོང་བར་མ་ཟད། ཐོས་ཀྱང་མ་མྱོང་བས་གང་ནས་བཙལ་རྒྱུ། དཔོན་པོས་གསོད་པ་ལས་ལྡོམ་སོང་ན་བཟང་བསམས་ཏེ་ལྡོམ་སོང་། ཉིན་ལ་མཚན་མཐུད་དེ་ལྡོམ་པར་ཉིན་ཞིག་ལ་རྒྱལ་བོ་གཞན་ཞིག་གི་མངའ་ཁོངས་སུ་ཐོན། རྒྱལ་བོ་དེས་མི་མངགས་ནས་དབུལ་བོའི་བུ་བཟུང་སྟེ་ཕོ་བྲང་ལ་ཁྲིད་དེ“ཁྱོད་ལྡམ་མེ་ལྡེམ་མེ་གནས་འདི་ལ་ཡོང་དོན་ཅི་ཡིན”ཞེས་དྲིས། དབུལ་བོའི་བུས“སྡེ་བའི་དཔོན་པོས་ང་ལ་བཙན་བཀོལ་ནས་གོས་ཁ་གང་གི་ཐོག་ན་རི་མོ་བརྒྱད་བརྒྱ་བརྒྱད་ཅུ་ཡོད་པ་ཞིག་བཙལ་དགོས་ཞེས་བཤད་པར། ངས་གོས་དེ་འདྲ་ཞིག་བཙལ་བ་ཕར་ཞོར། གོས་དེ་འདྲ་ཞིག་ཐོས་ཀྱང་མ་མྱོང་བས་ལྡོམ་ནས་འོངས་པ་ཡིན”ཞེས་ཡར་ཞུ་བྱས།

         དེ་ནས་རྒྱལ་བོས་དབུལ་བོའི་བུ་ལ“ཁྱོད་ཀྱིས་ཟས་འགྲང་དུ་ཟོས་རྗེས་སྟོད་ཀྱི་རི་སྐེད་དུ་ཙན་དན་གྱི་སྡོང་བོ་ཞིག་ཡོད་པའི་ཟུར་ན་ཉལ་ཁྲི་ཞིག་བཞག་ཡོད་པའི་ཐོག་ཏུ་དགོང་མ་གཅིག་ལ་ཉལ་འདུག་ཕོད་ན། ངའི་མཛོད་ཁང་ནང་དུ་གོས་ཡོད་པའི་ནང་ནས་ཁྱོད་ལ་གོས་ཁ་གང་གི་ཐོག་ཏུ་རི་མོ་མི་གཅིག་པ་བརྒྱད་བརྒྱ་བརྒྱད་ཅུ་ཡོད་པ་ཞིག་འཐག་ཏུ་འཇུག”ཅེས་གསུངས།

         དབུལ་བོའི་བུས་ཟ་འཐུང་རྒྱགས་འདུག་པ་ཞིག་བྱས་རྗེས་ཙན་དན་སྡོང་བོའི་ཟུར་གྱི་ཉལ་ཁྲིའི་ཐོག་ཏུ་ཉལ་བར་སོང་། ཡར་ལ་འགྲོ་ཞོར་དུ་ས་ནས་རྡོ་བ་ཞིག་བླངས་ཤིང་རང་གི་གློ་གྲི་བརྡར་ཞོར་དུ་སོང་། ཙན་དན་སྡོང་བོ་དེའི་ཟུར་ལ་ཐོན་ནས་ཉལ་ཁྲིའི་ཐོག་ཏུ་བལྟས་དུས། ཁོའི་སེམས་སུ་ཉལ་ཁྲི་འདིའི་ཐོག་ཏུ་ཉལ་ན་ཟ་ནི་ཞིག་ཡོད་པ་ཐག་ཆོད་ཡིན་མོད། འོན་ཀྱང་སང་ཉིན་ཕྱིར་ལ་སོང་ནའང་ཤི་འགྲོ་བས་གང་ནས་ཤི་ན་གཅིག་རེད་བསམས་ཏེ་རང་གི་གྲི་ཆུང་ཟུར་དུ་བཞག་ནས་ཉལ་ཁྲིའི་ཐོག་ཏུ་ཉལ་ནས་བསྡད། ནམ་གུང་དཀྱིལ་དུ་སྲིན་པོ་མགོ་དགུ་ཅན་ཞིག་གིས་བློན་པོ་ཞིག་ཁྲིད་དེ་སེར་འཚུབ་ཅིག་དང་མཉམ་དུ་འོངས་ནས། ཙན་དན་སྡོང་བོའི་ཟུར་དུ་བློན་པོར“ངའི་ལག་པ་རེ་རེའི་ནང་དུ་གསེར་དངུལ་ཟངས་ལྕགས་བཞིའི་ཐུར་མ་ཆ་རེ་རེར་རྒྱལ་བོའི་སྲས་མོའི་མགོ་ལ་བསྐོར་ནས། རུས་ཚབ་ཏུ་རུས་ཚོབས། ཤ་ཚབ་ཏུ་ཤ་ཚོབས། ཁྲག་ཚབ་ཏུ་ཁྲག་ཚོབས་ཞེས་བཤད་ན་རྒྱལ་བོའི་བུ་མོའི་ནད་དེ་དྲག་འགྲོ་བར་མ་ཟད། སྔར་ལས་ཇེ་ཡག་ཏུ་བུད་འགྲོ”ཞེས་ཟེར་ཞོར་དུ་ཙན་དན་སྡོང་བོའི་ཟུར་དུ་ཐོན་འོང་། དབུལ་བོའི་བུས་སྐད་ཆ་དེ་ཐོས་མ་ཐག་ཏུ་མྱུར་མོར་རང་གི་གྲི་ཆུང་བཟུང་ནས་ཙན་དན་སྡོང་བོའི་གཞུག་ཏུ་སྐོང་བསྡད་པར། “རྒྱལ་བོ་ཚང་གི་མི་ཁྲལ་བྱིན་མེད་ཀི རྒྱལ་བོའི་སྲས་མོའི་ཁྲག་གཞིབ་ཏུ་འགྲོ”ཞེས་ཟེར་བ་ལ་དབུལ་བོའི་བུས་གྲི་ཆུང་གིས་གཅིག་གཡུགས་པས་ན། སྲིན་པོའི་ལག་པ་གསུམ་བཅད་དེ་གཅིག་ལས་མ་ལྷག ས་ལ་ལྷུང་བའི་ལག་པ་གཅིག་གི་ནང་ན་གསེར་གྱི་ཐུར་མ་ཆ་གཅིག་བཟུང་ཡོད་པ་དང་། ལག་པ་གཅིག་གི་ནང་དུ་དངུལ་གྱི་ཐུར་མ་ཆ་གཅིག་བཟུང་ཡོད། ལག་པ་གཅིག་གི་ནང་དུ་ལྕགས་ཀྱི་ཐུར་མ་ཆ་གཅིག་བཟུང་ཡོད། ལྕགས་ཀྱི་ཐུར་མ་ཆ་གཅིག་པོ་བླངས་ནས་སྔས་མགོར་བཞག་པ་དང་། དངུལ་གྱི་ཐུར་མ་ཆ་གཅིག་པོ་བླངས་ནས་འོག་ཏུ་མནན་པ། གསེར་གྱི་ཐུར་མ་བླངས་ནས་རྟེན་མ་བཞག་སྟེ་གཉིད་ལོག་གོ །

         ཕྱི་ཉིན་ཉི་མ་ཤར་བ་དང་མཉམ་དུ་མགྱོགས་པོར་ཐུར་མ་ཚང་མ་རུམ་ལ་བཅུག་ནས་ཕྱིར་རྒྱལ་བོ་ཚང་ལ་སོང་། རྒྱལ་བོ་ཚང་ན་རྒྱགས་འདུག་པ་ཞིག་ཟ་འཐུང་བྱས་རྗེས་རྒྱལ་བོའི་མཛོད་ཁང་རེ་རེའི་ནང་དུ་སོང་ནས་བལྟས་པ་ན་གོས་ཁ་གང་གི་ཐོག་ཏུ་རི་མོ་བརྒྱད་བརྒྱ་བརྒྱད་ཅུ་ཚང་བ་ཞིག་མ་རྙེད་པས་ཕྱིར་འགྲོ་གྲབས་བྱས་དུས། རྒྱལ་བོས“ངེད་ཚང་གི་བུ་མོ་གཅེས་ཕྲུག་མ་གཅིག་པོ་དེ་ཤི་ན་ཤི་ཁ་མི་ཉན། གསོན་ན་གསོན་ཁ་མི་ཉན་པས་ཁྱེད་ཀྱིས་ལྟ་རོགས་ཞུ”ཞེས་ཟེར། དབུལ་བོའི་བུས“ངས་ལྟ་མི་ཤེས”ཞེས་ཇི་ལྟར་བཤད་ཀྱང་རྒྱལ་བོས་ཁ་མ་ཉན་པར་སྲས་མོའི་གཟིམ་ཁང་ནང་དུ་ཁྲིད་སོང་བ་ལ། དབུལ་བོའི་བུས་སྲིན་པོ་མགོ་དགུས་བཤད་པའི་སྐད་ཆ་རྣམས་ཡིད་ལ་ཤར་ནས། གསེར་གྱི་ཐུར་མ་ཆ་གཅིག་པོ་བླངས་ནས་སྲས་མོའི་མགོར་སྐོར་ཞོར་དུ“རུས་ཚབ་ཏུ་རུས་ཚོབས”ཟེར་བ་དང་དེ་ནས་དངུལ་གྱི་ཐུར་མ་བླངས་ནས་སྲས་མོའི་མགོར་སྐོར་ཞོར་དུ“ཤ་ཚབ་ལ་ཤ་ཚོབས”ཞེས་བཤད། དེ་ནས་ལྕགས་ཀྱི་ཐུར་མ་བླངས་ནས་བུ་མོའི་མགོར་སྐོར་ཞོར་དུ“ཁྲག་ཚབ་ཏུ་ཁྲག་ཚོབས”ཞེས་བཤད་པ་ལ། སྲས་མོའི་ནད་དེ་མྱུར་བ་མྱུར་དུ་དྲག་སོང་བར་མ་ཟད། སྔར་ལས་ཇེ་ཡག་ཏུ་སོང་། སྲས་མོས“ང་འཇིག་རྟེན་དཀར་ནག་གི་མཚམས་ནས་ཕྱིར་ལེན་མཁན་ནི་ཁྱེད་ཡིན་པས། ཁྱེད་ས་གང་ལ་སོང་ན་མོ་ཁྱེད་ཀྱི་རྗེས་དེད་དེ་འགྲོ་རྒྱུ”ཞེས་ཟེར། དབུལ་བོའི་བུས“དེ་ལྟར་མ་བཤད། ང་དཔོན་པོ་ཞིག་གིས་བཀའ་བབས་ཏེ་རས་ཁ་གང་གི་ཐོག་ཏུ་རི་མོ་མི་འདྲ་བ་བརྒྱད་བརྒྱ་བརྒྱད་ཅུ་ཡོད་པ་ཞིག་བཙལ་དུ་འགྲོ་དགོས་པ་ཡིན། གལ་ཏེ་དེ་འདྲ་ཞིག་མ་རྙེད་ན་ང་འགྲོ་ས་མེད། རས་དེ་འདྲ་ཞིག་ལག་ཏུ་བུད་ཡོང་ན་ཕྱིར་འོངས་ནས་ཁྱོད་ཁྲིད་འགྲོ”ཞེས་ཟེར་ནས་ལམ་ལ་ཆས།

         སོང་སོང་མཐར་ལུང་བ་ཞིག་གི་ནང་དུ་བྲག་དགུང་སྔོན་གནམ་ལ་ཟུག་ཡོད་པ་ཞིག་གིས་ལམ་བཀག་ནས་འགྲོ་མི་ཐུབ། གྲིས་རྐང་ས་རེ་རེ་བསྐོས་ནས་ཀླད་ལ་བུད་དུས་ཡར་མར་སྔོན་གཞུག་གང་ལའང་འགྲོ་ས་མེད་པས་མར་ཐུར་ལ་རྐང་ས་རེ་རེ་བསྐོས་ཏེ་བབས་སོང་བར། སྦྲ་སེར་པོ་ཞིག་གི་སྔོན་ན་རྟ་རྒན་དམར་པོ་རླུང་ཕར་ལ་གཡུགས་ན་ཡར་ལ་ལོག་འགྲོ་བ། རླུང་ཚུར་ལ་གཡུགས་ན་ཚུར་ལ་ལོག་འགྲོ་བ་ཞིག་ཡོད་པ་མཐོང་ནས་སྦྲ་དེའི་ནང་དུ་སོང་བ་ན། རྒན་མོ་ལོ་ལོན་ཞིག་གསོན་ན་གསོན་མ་ཐུབ། ཤི་ན་ཤི་མ་ཐུབ་པར་བསྡད་ཡོད་པ་ཞིག་གིས“མི་ཡུལ་གྱི་གཅེས་ཕྲུག ཁྱོད་གང་ནས་འོངས་པ་ཡིན། གནས་འདི་ནི་འོང་སའི་ས་ཞིག་མིན་པར་སྲིན་པོའི་ཡུལ་ཟེར་བ་དེ་རེད། མདང་ནུབ་སྲིན་པོའི་རྒྱལ་བོ་སྒོར་སོང་ནས་ལག་པ་གསུམ་བཅད་དེ་འོངས་པ་རེད”ཅེས་ཟེར་བ་ལ། དབུལ་བོའི་བུས“སྲིན་པོའི་ལག་པ་གཅོད་མཁན་ང་ཡིན། ང་དེ་རིང་སྲིན་པོ་འདུལ་དུ་ཡོང་བ་ཡིན”ཞེས་ལན་བཏབ།

         དེ་ནས་སྲིན་པོ་དེ་རླུང་འཚུབ་མ་ཞིག་དང་མཉམ་དུ་འོངས་ནས་བློན་པོར“རྟ་རྒན་དེར་ཁྲག་གཞིབ་རྒྱུ་མེད་པས་རྒན་མོའི་ཁྲག་གཞིབ་ཏུ་འགྲོ”ཞེས་ཟེར་ནས་རྒན་མོ་ལོ་ལོན་གྱི་སྦྲ་ནང་དུ་སོང་བར་དབུལ་བོའི་བུས་གྲིས་གཅིག་བརྒྱབ་ནས་མགོ་གསུམ་བཅད་པ་ལ་ས་ཆ་ཡུལ་ཕྱོགས་དེར་འུར་སྒྲས་བཀང་སོང་།

         དབུལ་བོའི་བུས་མྱུར་དུ་རུམ་གྱི་ཐུར་མ་བླངས་ཏེ་རྒན་མོའི་མགོར་སྐོར་བ་ལ་རྒན་མོའང་རྒྱལ་བོའི་སྲས་མོ་དང་འདྲ་བར་ནད་མྱུར་དུ་དྲག་སོང་བར་མ་ཟད། ཇེ་ཡག་ཇེ་གཞོན་ལ་སོང་བས། རྒན་མོ་དགའ་སྤྲོ་སྐྱེས་ཏེ་མྱུར་བ་མྱུར་དུ་གནས་འདི་དང་བྲལ་ནས་མི་ཡུལ་ལ་འགྲོ་ཞེས་ཟེར་བ་ལ། དབུལ་བོའི་བུས་སྔོན་ལྟར་གོས་དེ་བཙལ་དུ་འགྲོ་དགོས་པའི་རྒྱུ་མཚན་བཤད་དུས། རྒན་མོས“ང་མ་གཞི་ལྷ་ཡུལ་གྱི་གོས་འཐག་མཁན་ཞིག་ཡིན་མོད། འོན་ཀྱང་མི་ཡུལ་ལ་འགྲོ་འདོད་ཆེ་བས་སྲིན་པོའི་ཡུལ་ལ་འཕངས་པ་ཡིན། གོས་དེ་འདྲ་ཞིག་མི་ཡུལ་ནས་བཙལ་ན་མི་རྙེད་པས་ངས་ཁྱེད་ལ་འཐག་ན་ཆོག”ཅེས་ཟེར་ནས་སྐུད་པ་འཐེན་ཏེ་རས་འཐག ཉིན་གཅིག་ཞག་གཅིག་ལ་འཐག་པའི་རྗེས་སུ་རས་ཁ་གང་གི་ཐོག་ཏུ་རི་མོ་མི་གཅིག་པ་བརྒྱད་བརྒྱ་བརྒྱད་ཅུ་ཡོད་པ་ཞིག་འཐག་ནས་འགྲུབ་སོང་།

        དབུལ་བོའི་བུས་སྔོན་རྒྱལ་བོའི་བུ་མོར་བཤད་པ་ལྟར་དུ་རས་ཁ་གང་བོ་བཟུང་། ཨ་མ་རྒན་མོ་རྟ་ལ་ཞོན་དུ་བཅུག་སྟེ་རྟ་རྒན་དམར་པོ་ཁྲིད་ནས་ཕྱིར་རྒྱལ་བོ་ཚང་ལ་སོང་ཞིང་རྒྱལ་བོའི་སྲས་མོ་ཁྲིད་དེ་རང་སར་སོང་། ཉིན་མང་བོ་སོང་རྗེས་ཕ་ཡུལ་ལ་ཐོན་ཏེ་དཔོན་པོ་ཚང་ལ་སོང་ནས“དཔོན་པོ་ལགས། ཁྱེད་ཀྱིས་ང་འཚོལ་ཤོག་ཟེར་བའི་རས་ཁ་གང་གི་ཐོག་ཏུ་རི་མོ་མི་གཅིག་པ་བརྒྱད་བརྒྱ་བརྒྱད་ཅུ་ཅན་དེ་ངས་བཙལ་འོངས་པ་ཡིན། དེ་རིང་ཁྱེད་ཀྱི་ལག་རོགས་པ་འདི་འདྲའི་མང་བོ་ཡོད་ས་ནས་ཁྱེད་ལ་འབུལ”ཞེས་ཟེར་ནས་ཨ་མ་རྒན་མོས་འཐག་པའི་རས་ཁ་གང་བོ་ཡར་ལ་ཕུལ། དཔོན་པོ་ཡ་མཚན་སྐྱེས་ཏེ་མྱུར་དུ་ལག་རོགས་པ་རྣམས་བསྡུས་ནས“དབུལ་བོའི་བུ་གན་གིས་ངས་འཇིག་རྟེན་ཐོག་ཏུ་མི་ལོན་བསམ་པའི་གོས་ཁ་གང་གི་ཐོག་ཏུ་རི་མོ་མི་གཅིག་པ་བརྒྱད་བརྒྱ་བརྒྱད་ཅུ་ཅན་དེ་བཙལ་ནས་འོངས་པས། ད་ལྟ་ངས་ཕར་ལ་མ་བསད་ན་སང་ཉིན་ཁོས་ང་གསོད་སྲིད་པས། དབུལ་བོའི་བུ་གསོད་ཐབས་ཤིག་ཚོལ”ཞེས་ཟེར།

        ལག་རོགས་པ་ངན་པ་ཞིག་གིས“སྟོད་ལྷ་ཡུལ་ན་དྲེའུ་རྟ་རྐང་གསུམ་ཟེར་བ་ཞིག་ཡོད་པ་ཡིན་ཟེར་བ་ཐོས་མྱོང་མོད། འོན་ཀྱང་དངོས་སུ་མཐོང་མ་མྱོང་བས་དབུལ་བོའི་བུ་ལ་བཟུང་ཤོག་ཟེར་ནས་བཟུང་ཡོང་མ་ཐུབ་ན་སྲོག་གི་ཆད་པ་བཅད་ན་ཆོག”ཅེས་ཟེར།

       དཔོན་པོས་དབུལ་བོའི་བུ་ལ་དེ་ལྟར་བཤད་པས་དབུལ་བོའི་བུ་ཕྱིར་སོང་ནས་ཨ་མ་རྒན་མོ་དང་རང་གི་ཆུང་མ་གཉིས་ལ“དཔོན་པོས་ཡང་དྲེའུ་རྟ་རྐང་གསུམ་ཚོལ་ཤོག་ཅེས་པའི་བཀའ་བབས་པས་ཅི་བྱས་ན་བཟང”ཞེས་དྲིས་དུས། ཨ་མ་རྒན་མོས“དེར་སྐྲག་དོན་མེད། ཁྱོད་རྟ་རྒན་དམར་པོར་ཞོན་ནས་རྟའི་རྣ་རྩེ་འདར་ཚེའི་བར་དུ་སོང་། རྟའི་རྣ་རྩེ་འདར་སྐབས་སར་བབས་ཏེ་རྟའི་རྔ་མ་མདུད་པ་དང་རྟ་སྒའི་གློ་གཅིག་ནས་དགུ་བར་རྩིས་ནས་འཐེན་རྗེས། མིག་བཙུམ་སྟེ་རྟ་ལ་ཞོན་ནས་སོང་དང་ཁྱེད་ཀྱི་སྙིང་གཅིག་གིས་འབལ་འགྲོ་བ་བཞིན་ཚ་ནའང་ཁ་ནས་ཨ་ཚ་མ་ཤོར་བར་སོང་དང་ལག་ཏུ་འོངས་པ་ཡིན། གལ་ཏེ་ཁ་ནས་ཨ་ཚ་ཤོར་སོང་ན་རྟ་རྒན་ལོག་འགྲོ་བས་མ་བཟང་བ་རེད”ཅེས་ཟེར།

        དབུལ་བོའི་བུས་ཨ་མ་རྒན་མོས་བཤད་པ་ལྟར་དུ་ལམ་ལ་ཆས་ནས་སོང་བ་དང་ལམ་ཁ་ནས་ཀྱང་རྒན་མོས་བཤད་པ་ལྟར་བསྒྲུབས་པས། མཚམས་ཤིག་ཏུ་སྔོན་ལ་རང་གི་སྙིང་ཚ་བ་དེ་ཡིད་ལ་ཤར་ཏེ་ཁ་ནས“ཨ་ཚ་ཚ”ཞེས་ཚིག་ཤོར་སོང་བར་རྟ་རྒན་ལོག་སོང་། རྟ་རྒན་གྱིས“ཨ་མ་རྒན་མོས་ཁྱོད་ཀྱི་ཁ་ནས་ཨ་ཚ་ཤོར་མི་ཉན་ཞེས་བཤད་ཀྱང་ཁྱོད་ཀྱིས་མི་ཉན་པས་ད་ལྟ་ང་འགྲོ་མི་ཐུབ་པར་གྱུར། ཁྱེད་རང་སོང་ནས་དྲེའུ་རྟ་རྐང་གསུམ་ཚོལ་དང་ལག་ཏུ་འོངས་རྗེས་འདིར་ཤོག་ལ། ངས་འདི་ནས་ཁྱེད་ལ་སྒུག་འདུག”ཅེས་ཟེར་བས། དབུལ་བོའི་བུ་ལམ་ལ་ཆས།

         ཉིན་མང་བོར་སོང་བ་ན་རི་ཁྲོད་པ་ཞིག་ལ་ཐུག་ནས“ངས་ཁྱེད་ལ་ཁ་བསྐོལ་བྱས་ནས་བསྡད་ན་ཨེ་ཆོག”ཅེས་དྲིས་པར། རི་ཁྲོད་པ་ཡིད་འཐད་བྱུང་ནས་ཉིན་འགར་རི་ཁྲོད་པར་ཁ་བསྐོལ་བྱས་ཏེ་བསྡད།

         རི་ཁྲོད་པ་དེས་ཉིན་རེ་རེར་མར་རིལ་བུ་འགའ་དང་ནས་ཁྲ་འགའ་ཁྱེར་ནས་ཡར་ལ་བུད་འགྲོ། ཉིན་ཞིག་ལ་དབུལ་བོའི་བུའང་དལ་མོར་རི་ཁྲོད་པའི་རྗེས་དེད་དེ་སོང་བ་ན། རི་ཁྲོད་པས་མེ་ཏོག་འདབ་མ་བཅོ་བརྒྱད་ཅན་གྱི་ཆུ་མགོ་ཞིག་གི་མགོ་ནས་ནས་ཁྲ་ཆུ་ནང་དུ་གཏོར་བ་དང་། མར་ལག་ཏུ་བཟུང་བསྡད་པར་ལྷ་ཡུལ་གྱི་དྲེའུ་རྟ་རྐང་གསུམ་འོངས་ནས་ནས་ཁྲ་དང་མར་ཟོས་རྗེས་སུ་ཕྱིར་བུད་སོང་། དབུལ་བོའི་བུ་རི་ཁྲོད་པ་ཕྱིར་མ་ཐོན་སྔོན་ལ་ཕྱིར་འོངས་ནས་བསྡད་པ་དང་རི་ཁྲོད་པ་ཕྱིར་ཐོན་དུས“ཨ་ཁུ་ལགས། ཁྱེད་ཀྱི་ང་ལ་རོགས་ཤིག་བྱེད་རྒྱུ་ཡོད་པས་རོགས་བྱེད་དམ་མི་བྱེད”ཅེས་དྲིས་པ་ལ། རི་ཁྲོད་པས་རོགས་ལོས་བྱེད་ཟེར།

        དབུལ་བོའི་བུས་དཔོན་པོས་བཙན་གྱིས་རས་བཙལ་ཚུལ་དང་རས་བཙལ་རྗེས་སུ་ཡང་བཙན་བཀོལ་ནས་དྲེའུ་རྟ་རྐང་གསུམ་བཟུང་ནས་ཁྱེར་ཡོང་དགོས་ཚུལ་སོགས་ཞིབ་མོར་བཤད་དུས། རི་ཁྲོད་པའང་སྙིང་རྗེ་ཞིག་སྐྱེས་ཏེ་མ་གཞིར་དྲེའུ་རྟ་རྐང་གསུམ་དེ་འཛིན་མི་ཆོག་མོད། ཁྱོད་ལ་རོགས་བྱེད་ཆེད་དུ་ངས་ཁྱོད་ལ་དངོས་པོ་འགའ་སྟེར། ཁྱོད་ཀྱིས་དེ་རྣམས་ཁྱེར་ནས་སོང་དང་དྲེའུ་རྟ་རྐང་གསུམ་ལག་ཏུ་འོང་བ་ཡིན་ཞེས་བཤད་པ་དང་། མར་རིལ་བུ་འགའ་དང་ནས་ཁྲ་འགའ། གསེར་གྱི་ག་བུ་ཞིག་གི་ནང་དུ་མཇའ་ཡི་ཞགས་པ་ཞིག་བཅས་དབུལ་བོའི་བུའི་ལག་ཏུ་བཞག་ཅིང་། རང་གི་ལྭ་དབུལ་བོའི་བུ་ལ་བསྐོན་ཏེ“ཁྱོད་སོང་ནས་མར་རིལ་བུ་དང་ནས་ཁྲ་གཏོར་ཏེ་དྲེའུ་རྟ་རྐང་གསུམ་གྱིས་ཟ་སྐབས་སུ་ག་བུའི་ནང་ནས་མཇའ་ཡི་ཞགས་པ་བླངས་ཏེ་དྲེའུ་རྟ་རྐང་གསུམ་གྱི་སྐེ་ལ་བསྐོན་དང་། གནམ་འདྲུད་ས་འདྲུད་བྱས་ཀྱང་གཏན་ནས་གཏོང་མི་ཉན”ཞེས་ཟེར།

        ཕྱི་ཉིན། དབུལ་བོའི་བུས་མར་གྱི་རིལ་བུ་དང་ནས་ཁྲ། མཇའ་ཡི་ཞགས་པ་བཅས་བཟུང་སྟེ་རི་ཁྲོད་པའི་ལྭ་གོན་ནས་དྲེའུ་རྟ་རྐང་གསུམ་འཛིན་དུ་སོང་། མར་གྱི་རིལ་བུ་སར་གཏོར་བ་ལ་དྲེའུ་རྟ་རྐང་གསུམ་ཡོང་ནས་ཟ་སྐབས་ཡག་ཆེ་བས་མིག་དབང་འཕྲོགས་ནས་མཇའ་ཡི་ཞགས་པས་འཛིན་རྒྱུ་བརྗེད་སོང་། མར་དང་ནས་ཁྲ་ཟོས་ཚར་རྗེས་ཡར་ལ་འཕུར་སོང་ནས་རྐང་བ་མཐོང་དུས་ད་གཟོད་མཇའ་ཡི་ཞགས་པ་ཡིད་ལ་ཤར། དེ་ནས་མགྱོགས་པོར་ཞགས་པ་བླངས་ནས་བཏབ་པར་དྲེའུ་རྟ་རྐང་གསུམ་བཟུང་བ་ལ་གནམ་ལྡིང་ས་ལྡིང་བྱས་ཏེ་དབུལ་བོའི་བུ་དྲུད་སོང་། དབུལ་བོའི་བུས་ཐག་པ་དམ་པོར་བཟུང་སྟེ་གཏན་ནས་མ་བཏང་བར་དྲེའུ་རྟ་རྐང་གསུམ་སར་བབས་ཏེ་དབུལ་བོའི་བུ་ལ“ད་ནི་ཁྱེད་ཀྱིས་ང་ཐུབ་ཡོད་པས། ངའི་སྐེའི་ཐག་པ་ལོངས་དང་ཆོག”ཅེས་ཟེར་ནའང་། དབུལ་བོའི་བུས་གཏན་ནས་མ་བླངས་པར་རི་ཁྲོད་པ་ཡོད་སར་ཁྲིད་སོང་། རི་ཁྲོད་པས“དྲེའུ་རྟ་རྐང་གསུམ་དེ་ཁྱེད་ཀྱིས་ཟིན་སོང་བས། ད་བལ་སྐུད་ཁེར་སྐྱ་ཞིག་གིས་ཁྲིད་ཀྱང་ཆོག་པ་རེད། འོན་ཀྱང་དཔོན་པོ་ཚང་ལ་ཐོན་ན་འབྲེང་བ་དགུ་སྐྱ་བཅུ་སྐྱ་ཞིག་གིས་འདོགས་དགོས། གལ་ཏེ་ཤོར་སོང་ན་འཛིན་མི་ཐུབ་ཅེས་ཤོད”ཅེས་ཟེར།

        དབུལ་བོའི་བུས་བལ་ཐིག་ཁེར་སྐྱ་ཞིག་གིས་ཁྲིད་དེ་ཕྱིར་འོངས། ལམ་སྐེད་དུ་རྟ་རྒན་ལ་ཞོན་ནས་ཡུལ་ལ་ཐོན་རྗེས་རི་ཁྲོད་པས་བཤད་པ་ལྟར་དུ་དཔོན་པོ་ཚང་ལ་བཤད། དཔོན་པོ་དེས་དབུལ་བོའི་བུས་བལ་སྐུད་ཁེར་སྐྱ་ཞིག་གིས་ཐུབ་ན་རང་གིས་འབྲེང་བ་ཁེར་སྐྱ་ཉིས་སྐྱ་ཞིག་གིས་ཐུབ་ཐག་ཆོད་ཡིན་བསམ་སྟེ་འབྲེང་བ་གཅིག་གིས་ཡར་འཐེན་མར་འཐེན་བྱས་ནས་བཏགས། དབུལ་བོའི་བུ་ཕྱིར་ཡུལ་ལ་སོང་མ་ཐག་ཏུ་དྲེའུ་རྟ་རྐང་གསུམ་གྱིས་མཚེར་རྒྱང་ཞིག་བྱས་ཏེ་འབྲེང་བ་བཅད་དེ་ཕྱིར་ལྷ་ཡུལ་ལ་འཕུར་སོང་ངོ་། །

        དཔོན་ངན་དེས་ཡང་ལག་རོགས་པ་རྣམས་བསྡུས་ཏེ་གྲོས་བྱས་པར། ལ་ལས་ཁོ་བསད་དེ་དར་ཤིང་རིང་མོའི་མགོ་ལ་བཏགས་ན་བཟང་ཟེར། ལག་རོགས་པ་རྒན་པ་ཞིག་ཡོད་པ་དེས“ལྷ་ཡུལ་ན་གསེར་གྱི་ཀོང་བུ་པདྨ་འདབ་བརྒྱད་ཅན་ཞིག་ཡོད་ཟེར། དེ་མ་ལོན་ན་མགོ་གཅོད་རྒྱུ་ཡིན་ཟེར་ནས་བཤད་ན། གསེར་གྱི་ཀོང་བུ་དེ་ལག་ཏུ་མི་འོངས་ཐག་ཆོད་ཡིན་པས། དེ་དུས་མགོ་བཅད་ན་སེམས་ཅན་ཐམས་ཅད་ལ་བཤད་རྒྱུ་མེད་པ་རེད”ཅེས་ཟེར།

         དེ་ནས་དཔོན་པོས་མྱུར་དུ་དབུལ་བོའི་བུ་ལ་དེ་ལྟར་བཤད་པས་དབུལ་བོའི་བུ་ཕྱིར་ཁྱིམ་དུ་འོངས་ནས་ཨ་མ་རྒན་མོ་དང་རང་གི་ཆུང་མ་གཉིས་ལ་དེ་ལྟར་བཤད་པས། རྒན་མོས“དེར་སྐྱོན་མེད། ཁྱོད་སོང་ནས་དཔོན་པོ་ཚང་ལ་ཁྱེད་ཚང་གིས་ལྷ་ཡུལ་གྱི་གསེར་གྱི་ཀོང་བུ་པདྨ་འདབ་བརྒྱད་ཅན་དེ་ངེས་པར་དུ་ལོན་དགོས་ན། མ་མོག་གི་རི་ཞིག་བརྩིགས་ནས་དེའི་མགོ་རུ་གཡིས་ནག་གི་མཚོ་མོ་ཞིག་བསྐྱིལ་དུ་བཅུག་སྟེ་ང་དེའི་མགོར་བུད་རྗེས་སུ་མེ་ལ་བསྒྲོན་དང་ང་སོང་ནས་ཁྱེར་འོངས་ཞེས་ཤོད”ཅེས་ཟེར།

        དབུལ་བོའི་བུ་ཕྱིར་དཔོན་པོ་ཚང་ལ་སོང་སྟེ་དེ་ལྟར་བཤད་པས་ངས་མ་བསད་ལ་ཁོ་རང་ཤི་བསམ་པ་དེ་ཤིན་ཏུ་བཟང་ཟེར་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཏེ། མྱུར་དུ་མི་མངགས་ནས་མ་མོག་གི་རི་ཞིག་བརྩིགས་པ་དང་དེའི་མགོར་གཡིས་ནག་གི་མཚོ་མོ་ཞིག་སྐྱིལ་དུ་བཅུག དབུལ་བོའི་བུ་མགོར་བུད་པ་དང་མེ་བསྒྲོན་རྗེས། སྔོན་མ་ནས་བརྐོས་ཡོད་པའི་དོང་ནང་དུ་འཛུལ་ནས་བསྡད་པར་མེ་འབར་ཚར་རྗེས་ཕྱིར་ཐོན་འོངས་པ་དང་། དཔོན་པོ་ལ“ང་ལྷ་ཡུལ་ལ་སོང་ཡང་ཁྱེད་ཀྱི་གཉེན་མི་ཚོས་ཀོང་བུ་པདྨ་འདབ་བརྒྱད་དེ་མི་སྟེར་བར། ཁྱེད་རང་དངོས་སུ་ལེན་དུ་ཤོག”ཅེས་ཟེར་ནས་དཔོན་པོ་ཚང་གི་ཤི་བོ་རྣམས་ཀྱི་མིང་བཤད་དེ་དེ་རྣམས་ལ་ཐུག་ཐལ་ཞེས་བཤད་པར། དཔོན་པོ་ངན་པ་དེས་འགྲོ་ཐུབ་པ་ཡིན་བསམ་སྟེ་འབངས་མི་ཚོར་བཀའ་བབས་ཏེ་མ་མོག་གི་རི་ཞིག་བརྩིགས་སུ་བཅུག་པ་དང་དེའི་མགོར་གཡིས་ནག་གི་མཚོ་ཞིག་བསྐྱིལ་དུ་བཅུག་རྗེས། དཔོན་ངན་དེ་དེའི་མགོར་བུད་པ་ལ་མེ་བསྒྲོན་པར་མེས་འཚིགས་ནས་ཤི་སོང་།

        དཔོན་པོ་ཤི་བའི་རྗེས་སུ། དབུལ་བོའི་བུའི་ཆུང་མའི་ཕ་རྒན་གྱིས་རང་གི་མག་པ་དཔོན་པོར་བཞག་པས་དམངས་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དང་། ཁོང་བཟའ་ཟླ་གཉིས་ཀྱིས་ཀྱང་ཨ་མ་རྒན་མོར་བརྩི་བཀུར་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ལོ། །


མཉམ་སྤྱོད།