མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

གཡོག་པོ་བསམ་པའི་དོན་གྲུབ།

2022-11-16 22:27:31   |   218

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


        གནའ་སྔ་མོ་ཞིག་ཏུ། སེང་གཡུ་འབྲུག་ཟེར་བའི་རྒྱལ་བོ་གསུམ་ཡོད་དེ། སེང་རྒྱལ་བོ་དང་གཡུ་རྒྱལ་བོ་གཉིས་ལ་སྲས་དང་སྲས་མོ་མང་བོ་ཡོད། འབྲུག་རྒྱལ་བོ་ལ་སྲས་མོ་གཅིག་མ་གཏོགས་མེད། སྲས་མོ་དེའི་མཚན་ལ་ཆོས་འཛིན་སྒྲོལ་མ་ཟེར། མོ་ཆོས་ལ་དད་ཅིང་སྐྱེས་གཟུགས་ཡིད་དུ་འོང་བ། བློ་རིག་འགྲན་ཟླ་མེད་པ། རང་བཞིན་བཟང་ཞིང་ཀུན་ལ་བྱམས་པས་རྒྱལ་བོའི་ཕོ་བྲང་ནང་གི་མི་ཚང་མས་བསྟོད་བསྔགས་བྱེད་ཡུལ་དུ་གྱུར།

        མོ་ལོ་བཅུ་བདུན་ལ་སོན་པའི་སྐབས་དེར། ཉིན་ཞིག་ལ་སེང་རྒྱལ་བོ་དང་གཡུ་རྒྱལ་བོ་གཉིས་ཀྱིས་གྲོས་བགྱིས་ཏེ་རིན་པོ་ཆེ་སྣ་ཚོགས་གླང་ཆེན་བཀལ་ཏེ་མནའ་མར་སློང་དུ་སླེབས་བྱུང་། འབྲུག་རྒྱལ་བོས་རྒྱལ་བོ་ཆེན་པོ་གཉིས་ཕེབས་པར་ཤ་མར་གྱི་རི་རབ་བརྩིགས་པ་དང་ཇ་ཆང་གི་མཚོ་མོ་བསྐྱིལ་ཏེ་གསོལ་སྟོན་རྒྱ་ཆེན་པོ་བཤམས་སོ། སྐབས་དེར་སེང་གཡུ་རྒྱལ་བོ་གཉིས་ཀྱིས། “མཐུ་བསོད་ནམས་ལྡན་པའི་རྒྱལ་བོ་ལགས། །ངེད་རྒྱལ་བོ་གཉིས་ཀ་ཕེབས་དོན་ནི། །དོན་ཆུང་ཆུང་མ་ཡིན་དོན་ཆེན་ཡིན། །ཁྱེད་རྒྱལ་བོའི་སྲས་མོ་སློང་གི་ཡོང་། །ངེད་རྒྱལ་བོ་གཉིས་ཀའི་སྲས་གཅིག་ལ། །ཆུང་མནའ་མ་སྟེར་བའི་རེ་བ་འདོན། །ཁབ་རྒྱལ་ས་སྲས་ཀྱིས་བསྐྱངས་ན་རབ། །འདི་སྲས་མོས་སྐྱོང་བའི་དཔེ་མ་མཆིས། །ཁྱེད་སྙིང་དང་འདྲ་བའི་སྲས་མོའི་ཚབ། །ངེད་རྒྱལ་པོ་གཉིས་ཀྱིས་སྲས་གཅིག་སྟེར། །སྲས་དེ་ཡི་རྒྱལ་ས་སྐྱོང་བ་ན། །དཔལ་ལོངས་སྤྱོད་བཅོ་ལྔའི་ཟླ་བཞིན་འཕེལ། །”ཞེས་ཞུས་པ་ན། འབྲུག་རྒྱལ་བོས་རྒྱལ་བོ་གཉིས་ལ། “གུས་འཛུམ་དམུལ་ལྡན་པའི་རྒྱལ་བོ་གཉིས། །ངའི་བུ་མོ་ཆོས་འཛིན་སྒྲོལ་མ་ནི། །འདི་འཇིག་རྟེན་མི་ལུས་བླངས་པ་ལས། །དོན་དངོས་སུ་ལྷ་ཡི་སྲས་མོ་ཡིན། །ང་རྒྱལ་བོ་མོ་ཡི་ཡབ་ཡིན་རུང་། །ལོ་གཅིག་རེ་ཐེངས་རེར་ཞལ་མཇལ་ལས། །དུས་རྟག་ཏུ་མཇལ་འཕྲད་སྐལ་བ་དཀོན། །ཁྱེད་གཉིས་ལ་མནའ་མར་སྟེར་ཕོད་དམ། །”ཞེས་ཟེར་བ་ན་སེང་གཡུ་རྒྱལ་བོ་གཉིས་ཅི་བྱ་གཏོལ་མེད་དུ་གྱུར་ནས་རང་རང་གི་ཕོ་བྲང་དུ་ལོག་གོ །

        འབྲུག་རྒྱལ་བོ་ལ་གཡོག་པོ་བསམ་པའི་དོན་གྲུབ་ཟེར་བ་ཞིག་ཡོད་པ་དེས། རྒྱུན་དུ་རྒྱལ་བོའི་ཕོ་བྲང་དུ་བུད་ཤིང་འཐུས་ནས་བསྡད་ཡོད། ཉིན་ཞིག་ལ་གཡོག་པོ་བསམ་པའི་དོན་གྲུབ་ཀྱིས་འབྲུག་རྒྱལ་པོའི་བཀག་ནགས་གསེར་རྫོང་ར་བ་ནས་བོང་བུ་གཅིག་ལ་བུད་ཤིང་བཀལ་ནས་ཕོ་བྲང་དུ་ལོག་སྐབས། སྲས་མོ་ཆོས་འཛིན་སྒྲོལ་མས་ཕོ་བྲང་གི་མཁར་ཁ་ནས་མཐོང་བས། མོའི་སེམས་པ་བྱ་རྙི་ལས་ཤོར་བ་ལྟར་གཡོག་པོ་བསམ་པའི་དོན་གྲུབ་ཀྱི་ཕྱོགས་ལ་བསྙེགས་སོང་ངོ་། །མོས་གཡོག་པོ་བསམ་པའི་དོན་གྲུབ་ཀྱི་ལུས་ལ་ལྭ་བ་ཧྲལ་ཧྲུལ་གྱོན་ཡོད་པ་དང་ལག་ཟུང་མཛུབ་གུའི་མགོ་ན་ཁྲག་བཞུར་བཞིན་ཡོད་པ་མཐོང་བས་སེམས་བསམ་པའི་གཏིང་ནས་སྙིང་རྗེ་ཞིག་སྐྱེས་ཏེ། གཡོག་པོ་བསམ་པའི་དོན་གྲུབ་ལ“ཁྱོད་ནི་ཅི་ཞིག་གི་དོན་དུ་ས་འདིར་འོང་བ་ཡིན”ཞེས་དྲིས་པ་ན། གཡོན་བུས་ན་རེ“ང་ནི་འབྲུག་རྒྱལ་བོའི་གཡོག་པོ་བསམ་པའི་དོན་གྲུབ་ཟེར་བ་དེ་ཡིན། ནམ་རྒྱུན་དུ་འབྲུག་རྒྱལ་བོའི་ཕོ་བྲང་དུ་བུད་ཤིང་འཐུ་བ་ཡིན”ཞེས་ཟེར། དེ་ནས་སྲས་མོ་ཆོས་འཛིན་སྒྲོལ་མས“ང་ལོ་བཅུ་བདུན་སོན་པའི་བར་དུ་གནས་ཁང་འདི་ནས་ཕྱིར་བུད་དེ་འཇིག་རྟེན་ཁམས་འདིར་ལྟད་མོ་སོང་མ་མྱོང་བས། ངའི་བསམ་པ་ལ་འཇིག་རྟེན་ཁམས་འདི་ན་སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་ང་དང་འདྲ་བར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད་པ་ལས་འདི་འདྲ་བའི་ཡ་ང་བའི་སྡུག་བསྔལ་མྱོང་བཞིན་ཡོད་པ་ཡེ་ནས་ཤེས་མེད། དེ་རིང་གི་ཉི་མ་ནས་བཟུང་ང་ཁྱོད་དང་མཉམ་དུ་ཡབ་རྒྱལ་བོའི་ཕོ་བྲང་ལ་བུད་ཤིང་འཐུ་རུ་འགྲོ་རྒྱུ་ཡིན”ཞེས་སེམས་ཐག་བཅད་སོང་། གཡོག་པོ་བསམ་པའི་དོན་གྲུབ་ཀྱིས་སྲས་མོ་ཆོས་འཛིན་སྒྲོལ་མའི་ངག་ལ་ཉན་རྗེས། “ཁྱེད་ཀྱི་ངག་སྙན་མོས་གཡོག་པོ་ངའི་སྣང་བ་སྤྲོ་བར་བགྱིས་མོད། འོན་ཀྱང་ཁྱེད་ནི་རྒྱལ་བོ་ཆེན་པོའི་སྲས་མོ་ཡིན་པས། ང་དང་མཉམ་དུ་བུད་ཤིང་འཐུ་རུ་སོང་ན་ག་ལ་ཆོག རྒྱལ་བོ་ཆེན་པོས་ཤེས་ན་ང་ལ་བཀའ་ཆད་གཅོད་ངེས་ཡིན། ང་ལ་མཚོན་ན་དཀའ་ཚེགས་སྡུག་བསྔལ་ཅི་འདྲ་མྱོང་ཡང་འོས་པ་ཡིན”ཞེས་བཤད་པ་ན། སྲས་མོ་ཆོས་འཛིན་སྒྲོལ་མས“ཡབ་རྒྱལ་བོའི་བཀའ་ཆད་ལ་ང་རང་མི་སྐྲག གལ་ཏེ་བཀའ་ཆད་གཅོད་པའི་དབང་དུ་བཏང་ན་ངས་ཁག་ཁུར་བྱས་ཆོག ང་ཁྱོད་དང་མཉམ་དུ་ཡབ་རྒྱལ་བོར་བུད་ཤིང་འཐུ་ཞོར་དུ་རྒྱལ་བོའི་བླ་ཤིང་དངུལ་སྡོང་ལ་མཇལ་བ་དང་གཞན་ངའི་སྐྱེ་བ་སྔོན་མ་ལྷའི་བུ་མོ་ཞིག་ཡིན་པས་ང་ལ་ཕུ་བོ་ཞིག་ཡོད་པ་ང་དང་མཉམ་དུ་མི་ཡུལ་ལ་འབྲུག་རྒྱལ་བོའི་རྒྱལ་ས་སྐྱོང་བར་མངགས་ཡོད། ང་ནི་ལས་དབང་གིས་འབྲུག་རྒྱལ་བོའི་སྲས་མར་འཁྲུངས་པས་ངའི་ཕུ་བོ་ད་ལྟ་གང་དུ་འཁྲུངས་ཡོད་པ་མི་ཤེས། ངས་ཐབས་བརྒྱ་ཇུས་སྟོང་གིས་ཕུ་བོ་འཚོལ་དགོས”ཞེས་ཟེར། གཡོག་པོ་བསམ་པའི་དོན་གྲུབ་ཀྱིས་སྲས་མོ་ལ“ཁྱེད་ཀྱིས་དེ་ལྟར་མ་གསུངས་ལགས། འབྲུག་རྒྱལ་བོའི་བཀག་ནགས་གསེར་རྫོང་ར་བ་ནི། བཙན་མ་མོ་གཉིས་ཀྱི་རྒྱུག་ལམ། འདྲེ་སྲིན་པོ་གཉིས་ཀྱི་ཁ་རྩ་ཡིན་པས་མི་བླ་སྲོག་ཅན་ཞིག་མིན་ན་ས་དེར་འགྲོ་དཀའ་བ་རེད”ཅེས་བཤད་ཀྱང་། སྲས་མོས་གཡོག་པོའི་ཚིག་མ་ཉན་པར་མཉམ་དུ་བུད་ཤིང་འཐུ་རུ་སོང་ནས་འབྲུག་རྒྱལ་བོའི་ནགས་ར་དེར་སླེབས། སྲས་མོ་ཆོས་འཛིན་སྒྲོལ་མས་ནགས་ར་ན་བུད་ཤིང་གང་འདོད་ཀྱིས་བཏུས་པ་ན། གཡོག་བུས“ཁྱེད་ཀྱིས་ནགས་ར་འདི་ན་བུད་ཤིང་གང་འདོད་ཀྱིས་བཏུ་མི་རུང་། འདི་ནི་རྒྱལ་བོའི་བཀག་ནགས་གསེར་རྫོང་ར་བ་ཡིན་པས། ལྷ་ཤིང་བཅད་ན་ཀླུ་སྡིག་ཡོད། དེ་བས་ཁྱེད་ཀྱིས་བུད་ཤིང་འཐུ་བ་ལས་རྒྱལ་བོ་ཆེན་པོའི་རྒྱབ་རིའི་མགོར་སོང་སྟེ་ལྷོ་ཕྱོགས་སུ་སོ་ལྟ་བྱས་ན་བཟང་། ལྷོ་ཕྱོགས་ནས་ང་ཚོར་འདྲེ་སྲིན་གྱི་དགྲ་ཡོང་ཉེན་ཆེ་བས། ས་དེ་ནས་ཐ་ན་བྱ་དང་བྱེའུ་ཙམ་ཞིག་ཡོང་ནའང་རྒྱལ་བོ་ཆེན་པོར་མྱུར་དུ་ཡར་ཞུས་བྱེད་ངེས”ཞེས་ཟེར་བ་ན། སྲས་མོ་ཡིད་འཐད་བྱུང་ནས་རི་མགོར་བུད་དེ་ནགས་ཚལ་གྱི་ཤིང་སྣ་དང་བྱ་རིགས་སོགས་ལ་གཡེང་སྟེ་ལྷོ་ཕྱོགས་སུ་སོ་ལྟ་བྱེད་པར་ཡེ་ནས་བརྗེད་སོང་། གློ་བུར་དུ་རླུང་འཚུབ་དྲག་པོ་ཞིག་ལྷོ་ཕྱོགས་ནས་གཡུགས་ཏེ་འབྲུག་རྒྱལ་བོའི་ནགས་ར་ཆེན་པོའི་ཉེ་འདབས་སུ་ཐོན། སྐབས་དེར་སྲས་མོས་ད་གཟོད་མཐོང་སྟེ་སྔངས་འཚུབ་སྐྱེས་པའི་ངང་ནས་བསམ་པའི་དོན་གྲུབ་ལ། “ལྷོ་ཕྱོགས་ནས་འདྲེ་རླུང་དྲག་པོ་གཡུགས་ཏེ་ནགས་ར་འདིའི་ཉེ་འདབས་སུ་ཐོན”ཞེས་སྐད་ཆེན་པོས་འུར་བརྒྱབ། གཡོག་པོ་བསམ་པའི་དོན་གྲུབ་ཀྱིས་ཐོས་རྗེས། “ཨ་ཙི། ད་ནི་ཡེ་ནས་མ་འགྲིག དེ་རིང་ངེད་གཉིས་ཀྱི་སྲོག་ལ་བར་ཆད་འབྱུང་ངེས་ཡིན་པས། མྱུར་དུ་རྒྱལ་བོའི་བླ་ཤིང་ལ་འཐམ་ན་མ་གཏོགས་ཐབས་བཀོད་གཞན་ཅིའང་མེད”ཅེས་ཟེར་ཞོར་དུ། ཁོ་དང་སྲས་མོ་གཉིས་རྒྱལ་བོའི་བླ་ཤིང་ལ་འཐམས་པ་ཙམ་གྱིས་རླུང་ནག་འཚུབ་མ་དེ་མེ་སྟག་མཆེད་པ་བཞིན་འབྲུག་རྒྱལ་བོའི་ནགས་ར་ལ་ཐོན། རླུང་ནག་འཚུབ་མ་དེ་འདྲེ་སྲིན་གྱི་ཆོ་འཕྲུལ་ལྡན་པས་ཐོན་པ་ཙམ་གྱིས་སྲས་མོ་ཆོས་འཛིན་སྒྲོལ་མ་འཚུབ་མའི་ནང་དུ་སྐད་ཅིག་ཉིད་ལ་འཐུམ་སྟེ་ལྷོ་ཕྱོགས་སུ་ཁུར་རྩིས་བྱས་པ་ན། གཡོག་བུ་རྟབ་རྟབ་པོར་གྱུར་ཏེ་ལག་ན་དམ་པོར་བཅངས་ཡོད་པའི་སྟ་རེ་གནམ་ལ་གཡུགས་ནས་རླུང་ནག་འཚུབ་མའི་ནང་དུ་འཕངས་པས་འཚུབ་མ་དེ་རང་ཤུགས་སུ་ཡལ་སོང་། འཚུབ་མ་འཁོར་སའི་རྡོ་ཕ་བོང་ཞིག་གི་སྟེང་སྲས་མོ་ཆོས་འཛིན་སྒྲོལ་མའི་ལྷམ་ཡ་གཅིག་ལྷུང་ཡོད་པར་མ་ཟད་ད་དུང་ཁྲག་ཐིགས་ཤིག་འདུག་པ་མཐོང་། གཡོག་པོ་བསམ་པའི་དོན་གྲུབ་ཀྱིས་ལྷམ་ཡ་གཅིག་རུམ་དུ་བཅུག་སྟེ་ཅི་བྱ་གཏོལ་མེད་ཀྱི་ངང་ཕྱིར་འབྲུག་རྒྱལ་བོའི་ཕོ་བྲང་དུ་ལོག

        སྐབས་དེར་འབྲུག་རྒྱལ་བོ་རྒྱལ་ཁབ་གཞན་ཞིག་ཏུ་འཚམས་འདྲིར་སོང་ནས་ཕྱིར་ཕོ་བྲང་དུ་ཕེབས་ཏེ་མྱུར་དུ་རང་གི་སྙིང་དང་འདྲ་བའི་སྲས་མོ་ཆོས་འཛིན་སྒྲོལ་མ་འདུག་གནས་སུ་སོང་བ་ན་སྲས་མོ་མེད་པས། འབྲུག་རྒྱལ་བོ་འཚབ་འཚུབ་ངང་ནས་ཕོ་བྲང་གི་ཕྱོགས་བཞིར་བཙལ་ཡང་མ་རྙེད། དེ་ནས་འབྲུག་རྒྱལ་བོའི་བློན་པོ་ཚང་མར་བརྡ་བཏང་ནས་སྐད་ཅིག་ཉིད་དུ་དམག་བསྡུས་ནས་ཕྱོགས་སོ་སོར་འཚོལ་དུ་སོང་། དུས་དེར་གཡོག་པོ་བསམ་པའི་དོན་གྲུབ་ལྷོ་ཕྱོགས་ནས་ཕོ་བྲང་དུ་ལོག་བཞིན་ཡོད་པ་དང་འཕྲད་པས། རྒྱལ་བོ་ཐུགས་ཤིན་ཏུ་ཁྲོས་ཏེ “གཡོག་ལྟོ་བ་རྒྱགས་ན་རྗེ་ལ་འགྲན་ཟེར་བ་བདེན་པར་འདུག མྱུར་དུ་གཏེ་བོ་འདི་འཛིན་དགོས”ཞེས་བཀའ་བབས་ཏེ་ཕོ་བྲང་དུ་ཁྲིད། འབྲུག་རྒྱལ་བོའི་བསམ་པར་གཡོག་པོ་གཏེ་བོ་འདིས་ངའི་སྙིང་དང་འདྲ་བའི་སྲས་མོ་མགོ་སྐོར་བཏང་སྟེ་ཁྲིད་པ་རེད་སྙམ་སྟེ། བསམ་པའི་དོན་གྲུབ་ལ“གཏེ་བོ་ཁྱོད་ཀྱིས་ངའི་སྙིང་དང་འདྲ་བའི་སྲས་མོ་ད་ལྟ་གང་དུ་ཡོད་པ་དྲང་མོར་མི་བཤད་ན། མྱུར་དུ་ཁྱོད་ཀྱི་མགོ་བོ་འབྲེག་ངེས་ཡིན”ཞེས་ཀུ་ཅོ་འདོན་ཞོར་གཡོག་བུའི་སྐྲ་ནས་བཟུང་བས། བསམ་པའི་དོན་གྲུབ་ཀྱིས་མྱུར་དུ་རྒྱལ་བོའི་མདུན་དུ་པུས་མོ་སར་བཙུགས་ཏེ་གནས་ཚུལ་རྣམས་ཇི་མ་ཇི་བཞིན་དུ་བཤད་པ་དང་རུམ་ནས་ལྷམ་ཡ་བླངས་ཏེ་རྒྱལ་བོར་ཕུལ་ལོ། །རྒྱལ་བོས་ལྷམ་ཡ་གཅིག་པོ་དེ་མཐོང་མ་ཐག་ཐུགས་ཅུང་ཙམ་དགྱེས་ཏེ་གཡོག་པོ་འདིས་བཤད་པ་བདེན་པར་འདུག་སྙམ་སྟེ། འཁོར་བློན་པོ་དང་དམག་མི། གཡོག་པོ་བསམ་པའི་དོན་གྲུབ་བཅས་ཁྲིད་དེ་ལྷོ་ཕྱོགས་ཀྱི་བཀག་ནགས་གསེར་རྫོང་ར་བར་འཚོལ་དུ་སོང་། ནགས་རའི་ནང་གི་རྡོ་ཐོག་ན་ཁྲག་རྗེས་མཆིས་པས་ལྷོ་ཕྱོགས་སུ་རེ་ཞིག་ཁྲག་རྗེས་དེད་དེ་སོང་བ་ན་དོང་ཞིག་འདུག་པ་མཐོང་། འབྲུག་རྒྱལ་བོའི་དམག་དཔུང་གིས་ས་དོང་ཉེ་ས་ནས་དམག་སྒར་བརྒྱབ་སྟེ་སྡོང་རྩ་ནས་རི་བོང་སྒུག་པ་བཞིན་དུ་དོང་ཁ་སྲུང་སྟེ་སྲས་མོར་སྒུག་བསྡད། རྒྱལ་བོའི་བསམ་པར་དོང་ཁ་སྲུང་ནས་ལོ་གྲངས་འགོར་ཡང་སྲས་མོ་རྙེད་མི་ཐུབ། དེ་ལས་མི་རྣམས་བསྡུས་ཏེ་ཐབས་བཀོད་བཙལ་ན་བཟང་སྙམ་སྟེ་བློ་དྲིས་པ་ན། ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་བཤད་རྒྱུར། “རྒྱལ་བོ་ལགས། མི་དཔའ་ངར་ལྡན་པ་ཞིག་མངགས་ཏེ་དོང་ནང་དུ་སོང་ནས་གནས་ཚུལ་ཅི་འདྲ་ཡིན་པ་ལྟ་ཞིབ་བྱས་ན་ལེགས”ཟེར་མོད། འོན་ཀྱང་ཁས་ལེན་བྱེད་མཁན་གཅིག་ཀྱང་མ་བྱུང་། སྐབས་དེར་གཡོག་པོ་བསམ་པའི་དོན་གྲུབ་རྒྱལ་བོའི་མདུན་དུ་སོང་སྟེ་རྒྱལ་བོ་ཆེན་པོ་ལ“རྒྱལ་བོ་ལགས། དོང་ནང་དུ་གནས་ཚུལ་བརྟག་པར་འགྲོ་མཁན་མེད་ན་ང་ཡིས་རྒྱལ་བོ་ཆེན་པོ་ཁྱེད་ཀྱི་རེ་བ་སྐོང་བའི་སླད་དུ་འགྲོ། སྲས་མོ་ཆོས་འཛིན་སྒྲོལ་མ་ནི་དོན་དངོས་སུ་ངའི་ཨ་ཅེ་ཡིན་པས། གལ་ཏེ་ངའི་ཚེ་སྲོག་ལ་གནོད་པ་བྱུང་ནའང་ང་ལ་འགྱོད་པ་སྤུ་ཙམ་ཡང་མེད། ངེད་གཉིས་ལྷ་ཡུལ་ནས་ལྷ་སྤུན་ཡིན་པ་ལ་འཇིག་རྟེན་མི་ཡུལ་དུ་ཕྱིན་པ་ན་མོ་ནི་མཐུ་བསོད་ནམས་ཆེ་བའི་དབང་གིས་རྒྱལ་བོ་ཁྱེད་ཀྱི་སྲས་སུ་འཁྲུངས། ང་ནི་ཁྱེད་ཀྱི་གཡོག་པོ་ཞིག་ཏུ་སྐྱེས། འདི་ནི་ལས་བསོད་ནམས་ཀྱི་ཆེ་ཆུང་ཡིན། དེ་བས་རྒྱལ་བོ་ཆེན་པོ་ཁྱེད་ཀྱིས་སེམས་ཁུར་བྱེད་མི་དགོས། སྲས་མོ་ཆོས་འཛིན་སྒྲོལ་མའི་དོན་དུ་ང་འགྲོ”ཞེས་ཁས་ལེན་བྱས། འབྲུག་རྒྱལ་བོ་ཧ་ལས་པའི་ངང་ནས་གཡོག་པོ་བསམ་པའི་དོན་གྲུབ་ལ“བུ་ཆུང་ལགས། ང་རྒྱལ་བོས་ཁྱོད་ལ་མནའ་བསྐྱལ་ཆོག ཁྱོད་ཀྱིས་ངའི་སྲས་མོ་སྐྱོབ་ཐུབ་ན་རྒྱལ་བོ་ངའི་ཐོབ་གོ་ས་དང་རྒྱུ་ཐམ་ཀ་ལ་སོགས་པ་བུ་ཆུང་ཁྱོད་ལ་སྟེར་ངེས་ཡིན། ངས་དོང་འདིའི་ཁ་རུ་ལོ་གྲངས་ཅི་འདྲ་ཞིག་ལ་བསྒུག་དགོས་རུང་སྒུག་ངེས་ཡིན”ཞེས་ཚིག་ཤོར་རོ། །

        གཡོག་པོ་བསམ་པའི་དོན་གྲུབ་དོང་ནང་དུ་ཐོན་པ་ན་དོང་གི་ཞབས་ནི་ཁམས་ཆེན་པོ་ཞིག་ཡིན་ལ། རྩྭ་་དང་རི་ལ་སོགས་ནི་ལྕགས་ཀྱིས་གྲུབ་པ་དང་ཆུ་སོགས་ནི་ཁྲག་གིས་གྲུབ་པ་ཡིན། ལམ་ཞིག་དེད་དེ་སོང་བ་ན་ལྕགས་ཀྱི་རི་ཆེན་ཟུར་གསུམ་མ་ཡ་མཚན་ཅན་ཞིག་ལ་ཐུག ལྕགས་རི་དེའི་མཐའ་རུ་ཁྲག་གི་ཆུ་ཆེན་ཕྱོགས་བཞིར་བཞུར་གྱིན་ཡོད། ཁྲག་རྒྱུན་ངོགས་ན་བུ་མོ་ཆུང་ཆུང་ཞིག་གིས་སྐད་ཕྲ་མོ་དབྱངས་སུ་བཀུགས་ཏེ་གླུ་གཞས་ལེན་ཞོར་ར་མ་ཁྱུ་གཅིག་འཚོ་བཞིན་ཡོད་པ་མཐོང་། ཁོ་བུ་མོ་དེའི་གམ་དུ་སོང་ནས་བུ་མོ་དེར། ཁྱོད་གང་གི་ཡིན་པ་དང་ས་འདིའི་མིང་ལ་ཅི་ཟེར་ཞེས་དྲིས། བུ་མོ་དེས་ཁོ་མཐོང་བ་ཙམ་གྱིས་ལུས་འདར་འདར་ཞིག་བགྱིས་ནས་བཤད་རྒྱུར། “ས་ཆ་འདིར་མིང་ཞིག་མེད་མོད། འོན་ཀྱང་ལ་ལས་དམྱལ་བའི་ཁམས་ཞོལ་མ་ཞེས་འབོད་པར་འདུག ཁམས་འདིའི་བདག་པོའི་མིང་ལ་འདྲེ་རྒོད་གཡེར་བ་ཐོག་འཛིན་ཟེར། མིང་དེའི་ཐོགས་དོན་ནི་ལྷ་དང་གྱོད་བྱུང་ནས་ལྷའི་དམག་དཔོན་གྱིས་དམ་ཅན་རྡོ་ལེགས་ཞུས་ནས་ཐོག་དགུ་འཕངས་ཀྱང་། ཐོག་དགུ་བོས་འདྲེ་རྒོད་ལ་གནོད་པ་བྱེད་མ་ཐུབ་པར་མ་ཟད། འདྲེ་རྒོད་ཀྱིས་ཐོག་དགུ་བོ་བཟུང་བས་མིང་ལ་འདྲེ་རྒོད་གཡེར་བ་ཐོག་འཛིན་ཞེས་འབོད་པ་ཡིན”ཞེས་ཟེར། དེ་ནས་གཡོག་པོ་བསམ་པའི་དོན་གྲུབ་ཀྱིས“འོ་ན་བུ་མོ་ལགས། ཁྱོད་རང་ཕྱིར་ཡུལ་དུ་ལོག་སྐབས་ཆུ་བོ་ཆེན་པོ་འདི་ཇི་ལྟར་བརྒལ་བ་ཡིན”ཞེས་དྲིས་པ་ན། བུ་མོ་ཆུང་ཆུང་གིས“ང་ནི་འདྲེ་རྒོད་གཡེར་བ་ཐོག་འཛིན་གྱི་སྲས་མོ་ཡིན་པས། ཆུ་ཆེན་དེའི་ ཁ་རུ་ཐོན་ཚེ་ཆུ་ཡར་བཅད་ཐམས་ཅད་ཡར་ལ་མཆོད་པ་དང་ཆུ་མར་བཅད་ཐམས་ཅད་མར་ལ་མཆོད་པ་ན་ཆུ་ཆེན་དེ་རང་ཤུགས་སུ་ཆད་དེ་ལམ་ཡོད”ཅེས་བཤད། གཡོག་པོ་བསམ་པའི་དོན་གྲུབ་ཀྱིས“ཁྱོད་ཀྱི་ཨ་མའི་སྲོག་ནི་ཅི་ཡིན་པ་དང་ད་ལྟ་གང་དུ་ཡོད”ཅེས་དྲིས། བུ་མོས“ངའི་ཨ་མའི་སྲོག་ནི་རང་ཡུལ་གྱི་སྒྱོ་ཐོག་ན་རྣོ་ཡི་ཁབ་རིང་གཅིག་ཡོད་པ་དེ་ཡིན། ངའི་ཨ་མ་ཉིན་འགའི་སྔོན་དུ་མི་ཡུལ་དུ་སོང་ནས་བུ་མོ་མཛེས་མ་གཅིག་བཟུང་ཡོང་སྐབས་སེམས་ཆུང་མ་བྱས་པར་མི་ཡུལ་གྱི་བུ་ཆུང་ཞིག་གིས་མོའི་རྐང་བའི་བརླ་ཐོག་ཏུ་སྟ་རེས་བརྒྱབ་སྟེ་རྨས་ཕོག་ཡོད་པས། ད་ལྟ་རང་ཡུལ་ན་ངལ་གསོས་ནས་བསྡད་ཡོད”ཅེས་ཟེར་རོ། །

         སྐྱེས་བུ་བསམ་པའི་དོན་གྲུབ་ཀྱིས་སྲས་མོ་ཆུང་ཆུང་དེར་ཁ་འཇམ་ངག་འཇམ་གྱིས“སྲས་མོ་ཆུང་ཆུང་ལགས། ཁྱོད་ཀྱི་ཨ་མའི་སྲོག་ནི་མིག་གིས་མཐོང་ན་འོད་ལམ་ལམ། མཛེས་པའི་གོས་བཟོས་ན་མེད་མི་རུང་བའི་རིན་པོ་ཆེ་ཞིག་ཡིན་ན་ཁྱོད་ལ་ཡང་ཁྱོད་ཀྱི་ཨ་མའི་སྲོག་དང་འདྲ་བའི་སྲོག་མཆོག་ཏུ་གྱུར་པ་ཞིག་ཡོད་ངེས་ཡིན། ཁྱོད་ཀྱི་སྲོག་ཅི་ཡིན་པ་ང་ལ་བཤད་པར་མཛོད”ཅེས་པ་ན་སྲས་མོས་སྐྱེས་བུ་འདིས་བཤད་པ་ངོ་མ་བདེན་སྙམ་ནས་ང་རྒྱལ་གྱིས“ང་ལ་ཡང་ངའི་ཨ་མའི་སྲོག་དང་འདྲ་བའི་སྲོག་ཅིག་ཡོད། སྲོག་དེ་ངའི་མགོ་ན་སྨེ་བ་ཞིག་ཡོད་པ་དེ་ཡིན”ཟེར། མགོ་ཡི་སྨེ་བ་དེ་ཁོ་ལ་བསྟན། དེ་ནས་སྐྱེས་བུ་བསམ་པའི་དོན་གྲུབ་ཀྱི་སེམས་ལ་ད་ནི་སྲིན་ཆུང་འདི་གསོད་པའི་གོ་སྐབས་ལྡན་པ་རེད་སྙམ་སྟེ་སྲས་མོ་ཆུང་ཆུང་དེར“བུ་མོ་མཛེས་མ་ལགས། རྨ་བྱ་ནགས་ཀྱི་རྒྱན་ཡིན། མགྲོན་པོ་ཁྱིམ་གྱི་རྒྱན་ཡིན་ཟེར་བས་ང་དེ་རིང་ཁྱོད་ཀྱི་མགྲོན་པོ་ལ་གྱུར་པ་རེད། ང་ནི་ཤིག་འཐུ་བར་ཆེས་དགའ་བས། དེ་རིང་ཁྱོད་ཀྱི་མགོ་ལ་ཤིག་འཐུ་བར་བྱེད། ཤིག་ནི་སྲིན་བུ་ངན་པའི་རིགས་ཡིན་ལ། དེ་མ་བཏུས་ན་ཁྱོད་ཀྱི་ལུས་ལ་ནད་སྐྱེད་ངེས་ཡིན”ཞེས་བཤད་མོད། འོན་ཀྱང་འདྲེ་སྲིན་གཡོ་སྒྱུ་ཆེ་བས་ཁོ་ལ་ཤིག་འཐུ་བའི་གོ་སྐབས་མ་བྱིན། ཁོས་ད་རུང་སྐྱེས་བུ་བསམ་པའི་དོན་གྲུབ་ལ་འཇིགས་སྣང་སྐུལ་བའི་ཆེད་དུ་བཤད་རྒྱུར། “སྐྱེས་བུ་ཆུང་ཆུང་། ངའི་ཨ་མ་ནི་སོ་སྟོང་ཕྲག་ལྡན་པའི་མཐུ་སྟོབས་ཅན་ཞིག་ཡིན་པས་ཁམས་འདི་ན་ངའི་མགོ་རུ་ཤིག་འཐུ་ཟེར་མཁན་ཞིག་ད་ལྟའི་བར་དུ་མ་བྱུང་། གལ་ཏེ་ངའི་ཨ་མས་མི་དེ་འདྲ་ཡོད་པ་མཁྱེན་ཚེ་སྐད་ཅིག་ཉིད་དུ་ཡོང་ནས་ཁ་ནང་ལ་བཟུང་སྟེ་རི་ཆེན་རི་ཆུང་བཅོ་བརྒྱད་བརྒྱུད་དེ་ལུས་དུམ་བུ་བརྒྱད་དུ་བཏང་ནས་ཁྲག་གིས་བསྐྱིལ་བའི་མཚོ་དང་མེ་ཆེན་འབར་བའི་མཚོ་ནང་དུ་འཕེན་ངེས་ཡིན”ཞེས་ཟེར། སྐྱེས་བུས“སྲས་མོ་ཆུང་ཆུང་ལགས། ཁྱོད་ཀྱིས་ང་ལ་འཇིགས་སྣང་སྐུལ་མི་དགོས། ང་ནི་རང་སྲོག་གཅོད་པར་སྐྲག་པའི་སྐྱེས་བུ་ཞིག་མིན། ང་དེ་འདྲའི་སྙིང་ཆུང་ཞིག་ཡིན་ན་ས་འདི་རུ་ག་ལ་ཡོང་ཕོད”ཅེས་ཟེར་ནས་རུམ་ནས་དར་ཚོན་སྣ་ལྔ་ཞིག་བླངས་ཏེ་བུ་མོ་དེར“ཁྱོད་ཀྱིས་ལྟོས་དང་ངའི་སྲོག་ནི་འདི་ཡིན”ཞེས་ཟེར་ནས་བུ་མོར་ངོམ། འདྲེ་སྲིན་བུ་མོ་ཡ་མཚན་སྐྱེས་ཏེ་བཤད་རྒྱུར“ཨ་ཡ་མཚན་ངས་ད་ལྟའི་བར་དུ་མི་སྲོག་བཅད་མོད། འོན་ཀྱང་ཁྱོད་ཀྱི་སྲོག་འདི་འདྲའི་མཛེས་སྡུག་ཅན་ཞིག་ཡེ་ནས་རིག་མ་མྱོང་། གྲོགས་པོ་ལགས། ད་ལྟ་ཁྱོད་ཀྱིས་སྲོག་ཡག་པོ་དེ་ངའི་ལག་ཏུ་བཞག་ཆོག་ན་ཁྱོད་ཀྱི་ངའི་མགོ་ལ་ཤིག་ཀྱང་འཐུ་ཆོག”ཅེས་ཟེར་ནས་དར་ཚོན་སྣ་ལྔ་བླངས། སྐྱེས་བུ་བསམ་པའི་དོན་གྲུབ་ཀྱིས་ཤིག་འཐུ་བའི་སྐབས་དང་བསྟུན་ནས་བསམ་ངན་ཡིད་ལ་དྲན་ཞིང་སྦྱོར་ངན་ལག་ཏུ་བླངས་ཏེ་སྨེ་བ་གཅིར་ཏེ་འདྲེ་སྲིན་བུ་མོ་བསད་དོ། །ཁོས་འདྲེ་མོ་དེ་རྐྱལ་བཤུས་བརྒྱབ་ཅིང་པགས་པ་ཁོ་རང་གི་ལུས་སུ་གྱོན་ནས་འདྲེ་སྲིན་བུ་མོ་ཡིན་ཁུལ་གྱིས་ར་ཁྱུ་དེ་དེད་ནས་འདྲེ་སྲིན་གྱི་ཡུལ་ཕྱོགས་སུ་ཕྱིན། རེ་ཞིག་སོང་བ་ན་ཆུ་ཆེན་ངོགས་སུ་ཐོན། ཁོས་སྔར་འདྲེ་སྲིན་བུ་མོས་བཤད་པ་ལྟར་ཆུ་ཡར་བཅད་ཐམས་ཅད་ཡར་ལ་མཆོད་པ་དང་ཆུ་མར་བཅད་ཐམས་ཅད་མར་ལ་མཆོད་པ་ན་ཆུ་ཆེན་རང་ཤུགས་སུ་ཡར་བཅད་མར་བཅད་བགྱིས་ཏེ་འགྲོ་ལམ་ཕྱེ། ར་མ་དེད་དེ་འདྲེ་སྲིན་བུ་མོའི་ཡུལ་གྱི་སྒོར་ཁར་སླེབས་རྗེས་འདྲེ་རྒོད་གཡར་བ་ཐོག་འཛིན་སྒོར་བུད་དེ་ཐུགས་མི་དགྱེས་པའི་ངང་ནས་ཁོར་སྔོན་ཆད་ཁྱོད་ཀྱིས་ར་མ་དེད་པ་སྔ་ལ་དེ་རིང་ཁྱོད་འདི་འདྲ་འཕྱི་བའི་རྒྱུ་མཚན་ཅི་ཡིན། དེ་རིང་ངའི་སྙིང་ཁམས་སྔར་ལས་ཀྱང་མི་བདེ་བ་མ་ཟད་རྨ་ཁའང་ཤིན་ཏུ་ན་ཟུག་ཆེ། ཁྱོད་རང་མྱུར་དུ་ཁྱིམ་ལ་སོང་ནས་ལྟོགས་སྐོམ་སོས་དང་ར་མ་ངས་འཇུག་ཅེས་ཟེར།

        ཁོ་ཁྱིམ་དུ་སོང་ནས་འདྲེ་རྒོད་གཡེར་བ་ཐོག་འཛིན་གྱི་སྲོག་ཁབ་ཁྱེར་ཏེ་འབྲོ་སྐབས་འདྲེ་རྒོད་གཡེར་བ་ཐོག་འཛིན་གྱིས་རང་སྲོག་ཁྱེར་བ་མཁྱེན་ནས་ཁོ་རང་བདས། ཁོས་འདྲེ་རྒོད་ཀྱིས་དེད་འོངས་པ་མཐོང་སྟེ་འགྲོ་ཞོར་དུ་ལག་ན་དམ་པོ་བཟུང་ཡོད་པའི་རྣོ་ཁབ་ཡར་བཀུག་མར་བཀུག་བགྱིས་པ་ན་འདྲེ་རྒོད་དེ་འགྲོ་མི་ཐུབ་པར་གྱུར། ཁོས་ད་ལྟ་འདྲེ་རྒོད་གཡེར་བ་ཐོག་འཛིན་གསོད་པའི་གོ་སྐབས་ལྡན་སོང་སྙམ་སྟེ་ཁབ་དེ་རྡོ་ཕ་བོང་བར་དུ་བཞག་ནས་བཅགས་པ་ན་འདྲེ་རྒོད་ཀྱང་ཤི་སོང་ངོ་། །འདྲེ་རྒོད་དེ་བསད་རྗེས་ཀླུ་ཁམས་ཡོངས་དབེན་ཐང་ངེར་གྱུར། དེ་ནས་ཁོས་ལམ་ཕྲ་མོ་རྒྱུ་མ་འདྲ་བ་ཞིག་དེད་ནས་བུ་མོ་ཆོས་འཛིན་སྒྲོལ་མ་འཚོལ་བར་སོང་། ལམ་དུ་ལྕགས་ཀྱི་ཁང་བ་ཆེན་པོ་ཞིག་གི་སྒོར་ལྕགས་ཀྱི་ཟ་ཆེན་པོ་བརྒྱབ་ཡོད་པར་ཐུག སྒོ་ཁར་སོང་སྟེ་སྒོ་སྲུབས་ནས་བལྟས་ཚེ་ནང་ནས་ལྕགས་ཀྱི་ཀ་བ་ཞིག་གི་སྟེང་ན་སྲས་མོ་ཞིག་ལྕགས་སྒྲོག་གིས་ཡར་བཀྱིགས་མར་བཀྱིགས་བགྱིས་ཡོད། ཁོས་མྱུར་མོར་ལག་ཆ་བཀོལ་བདེ་ཞིག་བཙལ་ནས་སྒོ་ཡི་ཟྭ་བཅགས་ཏེ་ནང་དུ་སོང་། ཞིབ་མོས་ལྟ་དུས་སྲས་མོ་ཆོས་འཛིན་སྒྲོལ་མ་ཡིན་པས། ཁོ་ཤིན་ཏུ་དགའ་ནས་སྲས་མོ་ཆོས་འཛིན་སྒྲོལ་མའི་ལུས་སྟེང་གི་ལྕགས་སྒྲོག་རྨེག་མེད་དུ་བཏང་ཞིང་ཁོ་གཉིས་སླར་ཡང་ངོ་འཕྲད་པས་གཅིག་གཅིག་ལ་འཐམས་ཏེ་རེ་ཞིག་དྲན་མེད་དུ་བརྒྱལ་སོང་། བརྒྱལ་བ་ལས་སངས་རྗེས་ཁོས་སྲས་མོ་ཆོས་འཛིན་སྒྲོལ་མར་ཁོ་མོ་བཙལ་བའི་གནས་ཚུལ་དང་འདྲེ་སྲིན་མ་བུ་གཉིས་བཏུལ་བའི་ལོ་རྒྱུས། ཁོ་ནི་ཕུ་བོ་སྐྱེས་བུ་བསམ་པའི་དོན་གྲུབ་ཡིན་ཚུལ་སོགས་བཤད་པས་སྲས་མོ་ཆོས་འཛིན་སྒྲོལ་མ་དགའ་སྤྲོ་དཔག་མེད་སྐྱེས། དོང་ཁར་ཐོན་སྐབས་མོས་ཕུ་བོ་ལ“ཁྱོད་སྔོན་དུ་དོང་ཁ་རུ་བུད། མོ་ཕུ་བོ་ཁྱོད་ཀྱི་རྗེས་ནས་ཡོང་། དེ་མིན་ཡབ་རྒྱལ་བོས་ཁྱོད་ཀྱིས་ང་སྐྱབས་ཟིན་པ་ཤེས་ན་རྒྱལ་ས་དང་གོ་གནས་ཁྱོད་ལ་སྟེར་དགོས་སྙམ་ནས་སེམས་ངན་བཅངས་ཏེ་ཁྱོད་དོང་ཁ་ནས་མི་སྐྱོབ་པར་མ་ཟད་ད་དུང་ཁྱོད་ལ་གནོད་པ་སྐྱེལ་ངེས་ཡིན”ཞེས་བཤད་མོད། འོན་ཀྱང་ཁོས་སྐད་ཆར་མ་ཉན་པས། སྲས་མོ་དེས་ཁོ་ལ་གསེར་གྱི་གདུ་བུ་ཞིག་བྱིན་ནས་ཁོ་མོ་སྔོན་དུ་ཕྱིན། ཡབ་རྒྱལ་བོས་རང་གི་སྙིང་དང་དཔྲལ་བའི་མིག་བཞིན་གཅེས་པའི་བུ་མོ་མཐོང་མ་ཐག་དགའ་སྤྲོ་དཔག་མེད་སྐྱེས་ནས་མོ་ལ་ངོ་འཕྲད་པའི་ཚིག་གཅིག་ཀྱང་བཤད་དབང་དང་གོམ་གསུམ་སྤོ་དབང་མེད་པར་རྒྱན་གོས་རྩ་ཆེན་སྣ་ཚོགས་ཀྱིས་དཀྲིས་ཏེ་འགྱོགས་བྱམས་ནང་དུ་བཞག་ནས་གཡོག་དམག་དཔོན་རྣམས་ཀྱིས་སྐད་ཅིག་ཉིད་དུ་བྱེའུ་ཁྲས་བཟུང་བ་ལྟར་རྒྱལ་བོའི་ཕོ་བྲང་ལ་ཁྱེར་བ་དང་བློན་པོ་དང་དམག་དཔོན་རྣམས་ཀྱིས་རྒྱལ་བོའི་བཀའ་ལྟར་དོང་དེའི་ཁ་རུབ་སྟེ་ཐོག་ལ་མཆོད་རྟེན་ཞིག་བཞེངས། ཕུ་བོས་དོང་ནང་ནས་ཡུན་རིང་ཞིག་ལ་བསྒུགས་ཀྱང་སྐྱོབ་མཁན་མ་བྱུང་བས་སླར་ཀླུ་ཡུལ་དུ་འཁྱམས། ལམ་དུ་ལྕགས་ཀྱིས་གྲུབ་པའི་མཁར་ནམ་མཁའི་དབྱིངས་སུ་ཟུག་པ་ཞིག་མཐོང་། ཁོས་སྒོ་ཆེན་བརྒྱུད་དེ་ནང་དུ་སོང་བ་ན་མི་འཇིགས་སུ་རུང་བ་ཞིག་འདྲེ་སྲིན་གྱིས་དམ་ལ་བཏགས་འདུག སྐྱེས་བུ་བསམ་པའི་དོན་གྲུབ་ཀྱིས་མི་དེར“བུ་ཆུང་ལགས། ཁྱོད་མི་ཡུལ་ནས་འདྲེ་སྲིན་གྱི་ཁམས་འདིར་འོང་དོན་ཅི་ཡིན་ནམ”ཞེས་དྲིས་ཚེ་བུ་ཆུང་གིས་ཁོ་རང་འདྲེ་སྲིན་གྱི་ཁམས་འདིར་ཇི་ལྟར་ཡོང་བ་དང་ཡོང་ནས་འདྲེ་སྲིན་གཡེར་བ་ཐོག་འཛིན་གྱི་ལོ་དགུ་དང་ཟླ་དགུ་ལ་བཙོན་དུ་བཅུག་ཚུལ། ཁོའི་མིང་ལ་ལྷ་ཕྲུག་འོད་ཀྱི་ཉི་མ་ཟེར་ཚུལ་སོགས་བཤད། སྐྱེས་བུ་བསམ་པའི་དོན་གྲུབ་ཀྱིས“ལྷ་ཕྲུག་འོད་ཀྱི་ཉི་མ་ལགས། འདྲེ་རྒོད་གཡེར་བ་ཐོག་འཛིན་མ་བུ་གཉིས་ངས་བསད་ཟིན། ད་ལྟ་ངེད་གཉིས་ལ་གནོད་པ་སྐྱེལ་བའི་འདྲེ་སྲིན་མེད་མོད། འོན་ཀྱང་ངེད་གཉིས་མི་ཡུལ་དུ་བགྲོད་པའི་ལམ་མེད”ཅེས་ཟེར། ལྷ་ཕྲུག་འོད་ཀྱི་ཉི་མས“སྐྱེས་བུ་ལགས། ཁྱོད་ཀྱིས་དངོས་གནས་འདྲེ་སྲིན་དེ་བསད་པ་བདེན་ན་ཁྱོད་ལྕགས་མཁར་འདིའི་རྒྱབ་ཕྱོགས་སུ་སོང་ན་བྲག་ཕུག་ཆུང་ཆུང་ཞིག་ཡོད། ནང་དུ་ལྕགས་ཧྲེང་གཅིག་དང་ཐོ་བ་ཞིག་ཡོད། ཁྱོད་ཀྱིས་མྱུར་མོ་ཁྱེར་ཤོག་དང་ངེད་གཉིས་མི་ཡུལ་དུ་འགྲོ་བའི་ཐབས་ང་ལ་ཡོད”ཅེས་ཟེར།

        ལྷ་ཕྲུག་འོད་ཀྱི་ཉི་མས་གོང་ལྷ་ཡུལ་ཁམས་ལ་ལྷ་འབོད་དང་འོག་ཀླུ་ཡུལ་ཁམས་ལ་ཀླུ་འབོད་བགྱིས་པར་བརྟེན། སྐད་ཅིག་ཉིད་དུ་ལྷ་ཡུལ་དུ་འཕུར་རོ། །ལྷ་ཡུལ་དུ་བདེ་འཇགས་ངང་ནས་ཐོན་པར་ལྷའི་དབང་བོ་བརྒྱ་བྱིན་གཙོ་མཛད་པའི་ལྷ་ཐམས་ཅད་ཀྱིས་སྐྱེས་བུ་བསམ་པའི་དོན་གྲུབ་དང་ལྷ་ཕྲུག་འོད་ཀྱི་ཉི་མ་གཉིས་ལ་དགའ་བསུ་ཆེན་པོ་བྱས། ལྷའི་དབང་བོ་བརྒྱ་བྱིན་གྱིས་སྐྱེས་བུ་བསམ་པའི་དོན་གྲུབ་ལ་རིན་པོ་ཆེ་གསེར་གྱི་ཐུར་མ་ཞིག་གནང་སྟེ་ཁོ་ལ་ཅི་བསམ་ལྷུན་གྱིས་གྲུབ་པའི་གསེར་གྱི་ཐུར་མ་བཟུང་ནས་མི་ཡུལ་དུ་སོང་ན་ཁྱོད་ནི་མི་ཡུལ་གྱི་འཁོར་ལོ་བསྒྱུར་བའི་རྒྱལ་བོར་བཞུགས་ཐུབ། རྒྱལ་བོར་བཞུགས་ན་ཁྱོད་ལ་བར་ཆད་ཆུང་ཆུང་འབྱུང་ངེས་ཡིན་དེར་ཁྱོད་རང་སྐྱི་གཡའ་མི་དགོས། སྐབས་དེར་ཐོན་ཚེ་ལྷ་ཡུལ་ནས་ཁྱོད་ལ་མགོན་སྐྱོབ་བྱེད་ངེས་ཡིན་ཞེས་གསུངས། ལྷ་ལྷ་མོ་རྣམས་ཀྱིས་ནམ་མཁའི་སྤྲིན་ལམ་ན་སྐྱེས་བུ་བསམ་པའི་དོན་གྲུབ་ལ་ཕེབས་སྐྱེལ་བགྱིས་ཏེ་ས་གཞིར་ཐོན་ནོ། །རེ་ཞིག་ན་གནམ་རབ་རིབ་གྱུར་ཅིང་ཁོས་ཁྱིམ་ཞིག་ཏུ་གནས་ཚང་གཡར་ཏེ་བསྡད། ཁྱིམ་དེར་བཟའ་ཚང་རྒན་རྒོན་གཉིས་མ་གཏོགས་མེད། རྒན་རྒོན་གཉིས་འཚོ་བའི་ལམ་ཕྱོགས་ནས་དབུལ་ཞིང་ཕོངས་པས་ཁོས་རྒན་རྒོན་གཉིས་ལ་སྙིང་རྗེ་ནས་ལྷུན་གྱིས་འགྲུབ་པའི་གསེར་གྱི་ཐུར་མ་རང་གི་བྲང་ཁར་བཞག་པ་ཙམ་ལ་བཟའ་མི་རྒན་རྒོན་གཉིས་ལ་སྐད་ཅིག་ཉིད་དུ་ཁ་ཟས་དང་རྒྱུ་ནོམ་པ་རང་ཤུགས་ཀྱིས་བྱུང་ནས་རྒན་རྒོན་གཉིས་ཕྱུག་པོར་གྱུར། རྒན་རྒོན་གཉིས་ཡ་མཚན་ནས་སྐྱེས་བུ་འདིའི་ལག་ན་རིན་པོ་ཆེ་རྩ་ཆེན་ཞིག་ཡོད་པ་རྟོགས་ཏེ་སེམས་ངན་སྤུ་གྲི་ལྟར་རྣོ་བ་ཞིག་ཡིད་ལ་ཤར། མཚན་མོ་སྐྱེས་བུ་ཉལ་ནས་གཉིད་དུ་ཡེར་བའི་སྐབས་དང་བསྟུན་ནས་སྟ་རེ་ཞིག་གིས་སྐྱེས་བུ་བསམ་པའི་དོན་གྲུབ་ཀྱི་མགོར་བརྒྱབ་སྟེ་བསད་དོ། །ལྷ་ཡུལ་གྱི་ལྷ་ཕྲུག་འོད་ཀྱི་ཉི་མས་སྐྱེས་བུ་བསམ་པའི་དོན་གྲུབ་ལ་སྲོག་གི་བར་ཆད་བྱུང་བ་མཁྱེན་ནས་མྱུར་མོ་བྱ་ཕོ་རོག་ཅིག་ཏུ་སྤྲུལ་ནས་འཕུར་འོངས་ཏེ་རྒན་རྒོན་གཉིས་གནས་པའི་མཁར་ཁ་རུ་བབས་ཏེ་གཟིགས་ཞིབ་བགྱིས་པ་ན་སྐྱེས་བུ་བསམ་པའི་དོན་གྲུབ་བསད་དེ་བེམ་པོ་མཁར་འགྲམ་གྱི་ས་འོག་ཏུ་སྦས་ཡོད་པ་དང་གསེར་གྱི་ཐུར་མ་དང་གདུ་བུ་ཁང་བའི་ནང་གི་གསེར་གྱིས་གྲུབ་པའི་མདུན་ཅོག་ཅིག་གི་སྟེང་དུ་མཆིས་པ་དང་། ཁོ་རྒན་རྒོན་གཉིས་ར་བ་ཕྱུགས་ཀྱིས་བཀང་། བང་བ་འབྲུ་ཡིས་བཀང་ནས་སྟོབས་འབྱོར་ལྡན་པའི་རྒྱལ་བོ་ཞིག་གི་ཚུལ་ལ་བཞུགས་འདུག་པ་མཐོང་། ལྷ་ཕྲུག་འོད་ཀྱི་ཉི་མའི་སྤྲུལ་བ་ཕོ་རོག་གིས་གསེར་གྱི་ཐུར་མ་དང་གདུ་བུ་ཁུར་ཏེ་འབྲུག་རྒྱལ་བོའི་ཕོ་བྲང་དུ་སོང་། ཕོ་བྲང་གི་མཁར་ཁ་ན་བུ་མོ་ཆོས་འཛིན་སྒྲོལ་མ་ཐུགས་མི་བདེ་བའི་ངང་ནས་བཞུགས་འདུག ལྷ་བྱ་ཕོ་རོག་གིས་ནམ་མཁའ་ནས་གསེར་གྱི་གདུ་བུ་སྲས་མོ་ཆོས་འཛིན་སྒྲོལ་མའི་མདུན་དུ་འཕངས་པ་ན་མོས་གསེར་གྱི་གདུ་བུའི་ངོས་ཟིན་ཏེ་མྱུར་དུ་མགོ་ཡར་དགྱེ་ནས“ལྷ་བྱ་ཕོ་རོག་ལགས། ཁྱོད་མགོན་པོའི་ལྷ་བྱ་ཡིན་པས་ཁྱོད་ལ་གཏམ་བཟང་ཞིག་བཤད་རྒྱུ་ཡོད་ངེས་ཡིན། ང་ལ་མ་གསང་དྲང་བོར་བཤད་རོགས་གནང”ཞེས་ཟེར་བར། ལྷ་བྱ་ཕོ་རོག་གིས་གོང་གི་གནས་ཚུལ་ཇི་མ་ཇི་བཞིན་དུ་བཤད་པ་དང་སྐྱེས་བུ་བསམ་པའི་དོན་གྲུབ་ཀྱིས་ང་ལྷ་ཕྲུག་འོད་ཀྱི་ཉི་མའི་སྲོག་ཇི་ལྟར་བསྐྱབས་པ་སོགས་དང་ཁོ་གཉིས་ལྷ་ཡུལ་དུ་ཇི་ལྟར་སོང་བ་དང་སླར་མི་ཡུལ་དུ་ཇི་ལྟར་ཕྱིར་ལོག་པ། ལམ་དུ་བར་ཆད་ཇི་ལྟར་བྱུང་བ་སོགས་སྲས་མོ་ཆོས་འཛིན་སྒྲོལ་མར་བཤད་དོ། སྲས་མོ་ཆོས་འཛིན་སྒྲོལ་མས“ལྷ་བྱ་ཕོ་རོག་ལགས། དེ་ལྟར་ཡིན་ན་ད་ལྟ་ཐབས་གང་ཞིག་གིས་ང་ཡི་ཕུ་བོའི་སྲོག་སྐྱོབ་ཐུབ”ཅེས་ཟེར་བར། ལྷ་བྱ་ཕོ་རོག་གིས“སྲས་མོ་སྤྲིན་དཀར་ཆོས་འཛིན་སྒྲོལ་མ་ལགས། ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས། ཁྱོད་ཀྱི་ཕུ་བོའི་སྲོག་སྐྱོབ་པ་ལ་ཐབས་བཀོད་ཡོད། ཁྱོད་ཀྱིས་ངས་བཤད་པ་ལྟར་བསྒྲུབ་ཐུབ་ན་སྲོག་སྐྱོབ་ངེས་ཡིན”ཞེས་ཟེར། སྲས་མོ་ཆོས་འཛིན་སྒྲོལ་མས་ལྷ་བྱ་ཕོ་རོག་གི་གསུང་ལྟར་རྒྱལ་པོའི་མངའ་འབངས་ཡོངས་ལ་བྱ་ཕོ་རོག་ཅིག་གིས་གསེར་གྱི་ཐུར་མ་དང་གདུ་བུ་ཞིག་ཁུར་འོངས་ནས་རྒྱལ་པོའི་ཕོ་བྲང་དུ་བཞག་ཡོད་པས་འབངས་སུ་ཞིག་གི་ཡིན་པ་མྱུར་དུ་ལེན་དུ་ཤོག་ཅེས་ཟེར་བའི་བརྡ་བཏང་རྗེས། ཤིང་བཟོ་རྒན་རྒོན་གཉིས་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་དུ་འབྲུག་རྒྱལ་པོའི་ཕོ་བྲང་དུ་ཐོན། འབྲུག་རྒྱལ་པོས་ཤིང་བཟོ་རྒན་རྒོན་གཉིས་བཟུང་ནས་ཤིང་བཟོ་རྒན་རྒོན་གཉིས་ལ་སྐྱེས་བུ་བསམ་པའི་དོན་གྲུབ་ཀྱི་བེམ་པོ་གང་དུ་སྦས་ཡོད་པ་མྱུར་དུ་ཁྱེར་ཤོག་ཟེར་བའི་བཀའ་བབས། ཤིང་བཟོ་རྒན་རྒོན་གཉིས་ཀྱིས་དུས་ཚོད་ཐུང་ངུ་ཞིག་ལ་བེམ་པོ་ཁྱེར་ཏེ་རྒྱལ་པོའི་ཕོ་བྲང་དུ་ཐོན། སྲས་མོ་ཆོས་འཛིན་སྒྲོལ་མས་ཕུ་བོའི་བེམ་པོར་ཁྲུས་བྱས་པ་དང་གསེར་གྱི་ཐུར་མ་མགོར་བཞག་སྟེ་གསོལ་བ་བཏབ་པ་དང་ཕྱག་གསུམ་འཚལ་བས་ཕུ་བོ་དེ་སྔར་ལས་སྐུ་མདོག་མཛེས་པ་དང་། དབང་བོའང་གསལ་བ་ཞིག་ཏུ་གྱུར། ལྷ་ཕྲུག་འོད་ཀྱི་ཉི་མས་སྐྱེས་བུ་བསམ་པའི་དོན་གྲུབ་སླར་གསོན་པ་མཐོང་ནས་ཕྱིར་ལྷ་ཡུལ་དུ་བུད་སོང་། འབྲུག་རྒྱལ་པོས་ཁོང་གི་གོ་ས་དང་ཐམ་ཀ་སོགས་སྐྱེས་བུ་བསམ་པའི་དོན་གྲུབ་ལ་ཕུལ་བ་དང་བློན་ཆེན་རྣམས་ཀྱིས་མངའ་འབངས་ཡོངས་ལ་བཀའ་ཡིག་བཏང་སྟེ་ཤིང་བཟོ་རྒན་རྒོན་གཉིས་ལ་སྲོག་ཆད་གཅོད་པ་དང་འབྲུག་རྒྱལ་པོ་ཕོ་བྲང་གི་གཡོག་པོར་བཀོད་དོ། །


མཉམ་སྤྱོད།