མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

སྲས་མོ་ཆུང་བའི་ལས་དབང་།

2022-11-16 22:27:00   |   234

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


         སྔོན་རྒྱལ་བོ་ཞིག་ལ་སྲས་མོ་གསུམ་ཡོད། རྒྱལ་བོ་ཡབ་ཡུམ་སྲས་མོ་འཁོར་དང་བཅས་པ་སྐྱིད་པོ་བདེ་མོར་འཚོ་ཞིང་མཆིས། ཉིན་ཞིག་ལ། རྒྱལ་བོས་གསུང་དོན། ཁྱོད་རང་ད་ལྟ་འདི་ལྟར་སྐྱིད་པོ་བདེ་མོར་འཚོ་བ་སུའི་དྲིན་རེད་ཅེས་དྲིས་པ་ན། སྲས་མོ་ཆེ་བས་བཤད་དོན། ང་འདི་ལྟར་སྐྱིད་པོར་སྡོད་པ་ཡབ་རྒྱལ་བོ་ཁྱེད་ཀྱི་བཀའ་དྲིན་རེད་ཅེས་ལན་བཏབ། སྲས་མོ་འབྲིང་བས་ཀྱང་། དེ་ནི་ཡབ་རྒྱལ་བོ་ཁྱེད་ཀྱི་བཀའ་དྲིན་ལས་བྱུང་ཞེས་ལན་བཏབ། སྲས་མོ་ཆུང་བས་བཤད་རྒྱུར། སེམས་ཅན་ཐམས་ཅད་སྐྱིད་པོར་འཚོ་བ་དང་སྡུག་པོར་འཚོ་བ་ནི་རང་རང་སོ་སོའི་ལས་ལ་རག་ལས་ཡོད་ཅེས་བཤད་པས། ཡབ་རྒྱལ་བོ་ཐུགས་སེམས་རབ་ཏུ་འཁྲུགས་ཏེ། རང་གི་བཙུན་མོ་ཐ་ཆུང་འཇིག་རྟེན་ན་ཆེས་དབུལ་བ་དེར་གནང་སྦྱིན་གཏང་ངོ་ཞེས་པའི་བརྡ་བཏང་། ཕྱོགས་བཞིའི་སྤྲང་ཚོགས་ཐམས་ཅད་དེ་མ་ཐག་ཏུ་རྒྱལ་བོའི་ཕོ་བྲང་དུ་འདུས། དེར་སྤྲང་བོ་ནང་གི་སྤྲང་བོ། ཆེས་དབུལ་བོ་ཞིག་ལ་རྒྱལ་བོའི་སྲས་མོ་ཆུང་བ་བག་མར་བྱིན། ཡུམ་ཆེན་མོས་གཙོས་པའི་བློན་ཆེན་ཚོགས་ཀྱིས་བཤོལ་བཏབ་ཀྱང་མ་ཐུབ། དེར་བཙུན་མོ་ཆུང་བས་ཀྱང་ང་རང་འགྲོའོ་ཞེས་དབུལ་བོ་དེའི་རྗེས་དེད་དེ་ཕྱིན་ཏོ། ། 

         ཉིན་ཞག་ཁ་སྤྲད་ནས་སོང་མཐར་སྤྲང་བོའི་འདུག་ས་ལ་སླེབས་མོད། སྤྲང་བོའི་ཁྱིམ་ནི་སའི་ཁང་བུ་ཙམ་ལས་སྣོད་བཅའ་ལག་གིས་དབུལ་ཞིང་ཐ་ན་ཐེངས་གཅིག་གི་གསོལ་ཇའང་འཐུང་རྒྱུ་མི་འདུག ཚུལ་དེ་མཐོང་ཡང་། བཙུན་མོ་ཐ་ཆུང་ནི་སེམས་སྡུག་སྤུ་ཙམ་ཡང་མེད་པའི་ཁར། ཅི་མི་སྙམ་པར་ལག་གི་གདུ་བུ་ཕུད་དེ་རང་གི་ཁྱོ་ག་ལ་བྱིན་ནས། འདི་ཚོང་ལ་ཉིན་ཤས་ཀྱི་ཟ་མ་རེ་ཉོས་ཤོག་ཅེས་བཤད། དེར་སྤྲང་བོས་གདུ་བུ་ཕར་སྐོར་ཚུར་སྐོར་འགའ་བྱས་ནས། འདི་ཅི་རེད་ཅེས་དྲིས་པས། སྲས་མོས་གསུང་རྒྱུར། དེ་ནི་བ་སོའི་གདུ་བུ་རེད། གོང་ཆེན་པོ་ཁུར་གྱི་ཡོད་ཅེས་པར། སྤྲང་བོས། འོ་ན། འུ་ཚང་གི་ས་ཁང་གི་མར་ཞོལ་ན་འདི་འདྲ་ཤིན་ཏུ་མང་ངོ་ཞེས་སྲས་མོ་འཁྲིད་དེ་ཕྱིན་ནོ། །མ་གཞི་གནས་དེ་ན་དངོས་ནས་བ་སོའི་གདུ་བུ་དང་ཕྲེང་བ་ཤིན་ཏུ་མང་བོ་རི་ལྟར་སྤུངས་ཡོད་འདུག དེ་ནས་སྤྲང་བོ་དང་རྒྱལ་བོའི་སྲས་མོ་གཉིས་ཀྱིས་བ་སོའི་བཅའ་ལག་རྣམས་འཚོང་ཆེད། ཕྱོགས་སོ་སོའི་ཚོང་བ་རྣམས་ཤིང་རྟ་འཁྲིད་ལ་བ་སོ་ཉོ་རུ་ཤོག་ཅེས་བརྡ་བཏང་ཞིང་། ཐམས་ཅད་དངུལ་དུ་བསྒྲིལ། ཐོག་མར་སྡོད་ཁང་རྒྱལ་བོའི་ཕོ་བྲང་དང་ཆ་འདྲ་བ་ཞིག་བརྒྱབ་སྟེ་གཉེན་སྟོན་ཕུན་སུམ་ཚོགས་པ་ཞིག་བྱས་ལ། དེ་ནས་བཟུང་བརྩེ་བ་འོ་ཆུ་མཉམ་འདྲེས་ཀྱིས་བཟའ་ཚང་སྐྱིད་པོ་ཞིག་གི་འཚོ་བ་རོལ་ནས་བསྡད་དོ། །

         ལོ་མང་བོ་འགོར་རྗེས་ཀྱི་ཉིན་མོ་ཞིག་ལ། ཁོ་ཚང་གི་སྒོ་ན་དབུལ་བོ་འགས་དངུལ་སློང་བའི་སྐད་རྒྱག་གིན་འདུག ཁྱིམ་བདག་མ་སྒོར་འབུད་དུས་བུད་མེད་གསུམ་དང་སྐྱེས་པ་གཅིག་འདུག་མོད། གམ་དུ་བཅར་ཙ་ན་ཐམས་ཅད་འབྲོ་ཞིང་མཆིས། དེར་སྲས་མོས་ཅི་ཡིན་ནམ་སྙམ་སྟེ་རྗེས་དེད་ནས་བདའ། ཉེ་སར་བཅར་དུས་དེ་དག་ནི་རང་གི་ཡབ་ཡུམ་དང་གཅེན་མོ་བཞི་ག་ཡིན་པ་ངོས་ཟིན། མ་གཞི་ཁོ་ཚོས་ཀྱང་སྲས་མོ་ཐ་ཆུང་ཡིན་པར་ངོས་ཟིན་ནས་ངོ་ཚ་སྟེ་བྲོས་པ་ཡིན་འདུག དེར་ཁྱིམ་མི་གང་བོ་མཉམ་དུ་འཐམས་ཏེ་ངུས་ངུས་པའི་མོད་ལ་དོན་དག་ཅི་བྱུང་གི་གཏམ་གླེང་ལ།  དེ་ནས་ཁྱིམ་དུ་བསུས་ཏེ་ཕ་མ་བུ་ཕྲུག་ལྷན་འཛོམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་འཚོ་བ་རོལ་ཏོ།  མ་གཞི་སྲས་མོ་ཐ་ཆུང་སྤྲང་བོར་བག་མར་བྱིན་པའི་རྗེས་སུ་རིང་བོ་མ་ལོན་ཙ་ན། འཐབ་འཁོབ་ཏུ་དམག་འཁྲུགས་ལངས་པས་རྒྱལ་བོའི་བང་མཛོད་ཟད་ཅིང་། ཡུལ་ཁམས་དབུལ་བོར་གྱུར་པས་ན་རྒྱལ་སའང་རིམ་གྱིས་གཞན་ལག་ཏུ་ཤོར་བས་ས་མཐའ་འཁྱམ་དགོས་བྱུང་སོང་ངོ་། །


མཉམ་སྤྱོད།