མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

གཡོག་དཔའ་ལོ་དང་རྒྱལ་བོའི་སྲས་མོ།

2022-11-16 22:25:39   |   218

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


         གནའ་སྔ་མོ་ཞིག་ལ། རི་ཆེན་པོ་ཞིག་གི་ཕར་རྒྱབ་ན་རྒྱལ་བོ་ཞིག་དང་ཚུར་རྒྱབ་ན་རྒྱལ་བོ་ཞིག་ཡོད། རྒྱལ་བོ་དེ་གཉིས་ནི་མཉམ་དུ་ཆེར་སྐྱེས་པ་དང་མཉམ་དུ་རྒྱལ་ས་སྐྱོང་བ། མཉམ་དུ་རིག་མ་བཞེས་པ། ཡ་མཚན་པ་ནི་རིག་མ་གཉིས་ལའང་མཉམ་དུ་བུ་ཕྲུག་མངལ་དུ་འཁོར་བར་རྒྱལ་བོ་གཉིས་དགའ་སྤྲོ་ཆེན་པོ་སྐྱེས་ནས་བུ་ཕྲུག་འཇིག་རྟེན་ཐོག་ཏུ་མ་འོང་གོང་ལ་རིའི་ཕར་རྒྱབ་ཀྱི་རྒྱལ་བོ་ཚང་ལ་སྐྱེས་པའི་བུ་ཕྲུག་ནི་སྲས་མོ་ཞིག་ཡིན་ན། རིའི་ཚུར་རྒྱབ་ཀྱི་རྒྱལ་བོ་ཚང་ལ་སྐྱེས་པའི་བུ་ཕྲུག་ནི་སྲས་ཤིག་ཡིན་ན་རིའི་ཕར་རྒྱབ་ཀྱི་རྒྱལ་བོའི་སྲས་མོ་དེ་རིའི་ཚུར་རྒྱབ་ཀྱི་རྒྱལ་བོ་ཚང་ལ་མནའ་མ་སྐྱེལ་རྒྱུ་དང་། དེ་ལས་ལྡོག་སྟེ་རིའི་ཚུར་རྒྱབ་ཀྱི་རྒྱལ་བོ་ཚང་ལ་སྐྱེས་པའི་བུ་ཕྲུག་ནི་སྲས་མོ་ཞིག་ཡིན་ཏེ། རིའི་ཕར་རྒྱབ་ཚང་ལ་སྐྱེས་པའི་བུ་ཕྲུག་དེ་སྲས་ཤིག་ཡིན་ན་རིའི་ཚུར་རྒྱབ་ཀྱི་རྒྱལ་བོ་ཚང་གི་སྲས་མོ་དེ་རིའི་ཕར་རྒྱབ་ཚང་ལ་མནའ་མ་སྐྱེལ་ནས་གཉེན་བཅའ་རྒྱུར་ཐག་བཅད་དོ། རྗེས་ནས་རིའི་ཕར་རྒྱབ་ཚང་ལ་སྲས་མོ་ཞིག་འཁྲུངས་པ་དང་རིའི་ཚུར་རྒྱབ་ཚང་ལ་སྲས་ཤིག་འཁྲུངས་པས་བུ་ཕྲུག་སྐྱེས་ནས་ལོ་གཅིག་མ་ལོན་པར། རིའི་ཚུར་རྒྱབ་ཀྱི་རྒྱལ་བོས་ཕོ་ཉ་མངགས་ནས་སྔོན་གྱི་བཤད་མཚམས་ལྟར་ཆང་ཕང་ཁ་བཏགས་ཁྱེར་ནས་གཉེན་སློང་དུ་འོངས། རིའི་ཚུར་རྒྱབ་ཀྱི་རྒྱལ་བོས་ཀྱང་སྔོན་བཤད་ལྟར་སྲས་མོ་ནར་སོན་དུས་རིའི་ཕར་རྒྱབ་ཀྱི་རྒྱལ་བོ་ཚང་ལ་མནའ་མ་སྟེར་རྒྱུར་བྱས།

        རིའི་ཕར་རྒྱབ་ཚང་གི་སྲས་མོ་དེ་ཆུང་དུས་ནས་ཞེ་སྡང་མེད་པ་དང་འཁོར་གཡོག་རྣམས་ལ་སྙིང་རྗེ་ཤིན་ཏུ་ཆེ་བ་ཞིག་ཡིན་སྟབས། འཁོར་གཡོག་རྣམས་ཀྱིས་མོའི་མིང་ལ་སྲས་མོ་ཡིད་བཟང་མ་ཞེས་འབོད་ཀྱིན་འདུག སྲས་མོ་ཡིད་བཟང་མ་དེ་རྒྱུན་དུ་རང་ཚང་གི་གཡོག་པོའི་བྱིས་པ་དང་མཉམ་དུ་རྩེ་མོ་རྩེད་རྒྱུར་དགའ་བ་དང་ལྷག་པར་དུ་གཡོག་པོའི་བུ་དཔའ་ལོ་དང་མཉམ་དུ་རྩེ་མོ་རྩེད་རྒྱུར་དགའ་བ་རེད། གཡོག་པོའི་བུ་དཔའ་ལོ་སྲས་མོ་ཡིད་བཟང་མ་ལས་ལོ་གཅིག་གི་ཆེ་ལ། གཤིས་རྒྱུད་བཟང་བ་དང་རིག་པ་རྒོད་པའི་ཡ་རབས་ཀྱི་རྟགས་ཐམས་ཅད་ཚང་བའི་ན་ཆུང་ཞིག་ཡིན་ནའང་། སྲས་མོའི་ཡབ་ཡུམ་གཉིས་ཀྱིས་སྲས་མོ་ཉིན་རེ་ལས་ཉིན་རེར་ནར་སོན་བཞིན་ཡོད་པར་དུས་རྒྱུན་གཡོག་པོའི་བུ་དང་མཉམ་དུ་རྩེ་མོ་རྩེ་བར་ཤིན་ཏུ་མི་དགའ་སྟེ། རིའི་ཚུར་རྒྱབ་ཚང་གི་རྒྱལ་བོ་དང་གྲོས་བྱས་ཏེ་སྲས་མོ་ཡིད་བཟང་མ་མགྱོགས་པོར་གནས་ཡུལ་ལ་སྐྱེལ་རྒྱུ་བྱས། སྐད་ཆ་དེ་སྲས་མོ་ཡིད་བཟང་མས་ཐོས་མ་ཐག་ཏུ་རང་ཆུང་དུས་ཀྱི་རྩེ་རོགས་དང་བྲལ་མི་འདོད་པར་སེམས་ཤིན་ཏུ་སྐྱོ། ཡིན་ནའང་རང་གི་ཕ་ནི་རྒྱལ་བོ་ཡིན་པས་རྒྱལ་བོའི་བཀའ་ལ་མ་འགྲིག་པ་དང་མི་མཐུན་ས་རེ་ཡོད་ནའང་། བཀུར་གཟོ་བྱེད་པ་ལས་ཕྱིར་ཟློག་བྱེད་མི་ཆོག་པར་ཅི་བྱས་ན་བཟང་བ་དང་ཐབས་ཅི་ཞིག་གིས་རང་གི་ན་ཟླ་དང་མི་བྲལ་བསམ་སྐབས། དུས་རྒྱུན་གྱི་རྩེ་མོ་རྩེད་རོགས་སམ་བློ་མཐུན་ས་བཟང་བོ་གཡོག་པོའི་བུ་དཔའ་ལོ་རྫི་བོར་འགྲོ་བཞིན་པ་མཐོང་། མོས་རང་གི་ཨ་མ་ལ་རྫུན་ཞིག་ལབ་ནས་མགྱོགས་པོར་དཔའ་ལོའི་རྗེས་དེད་དེ་རི་ཁར་སོང་ཞིང་དཔའ་ལོ་ལ་གླུ་འདི་ལྟར་བླངས་སོ།

སྟོད་རྫ་རི་བརྒྱུད་ཀི་འབྲོང་ཕྲུག །

ཁྱོད་ཡར་ལ་མ་འགྲོ་མར་ལ་ཤོག །

མར་འཁོར་ནས་རྫ་འདབས་ཆུ་ཁར་ཤོག །

ཉ་གསེར་ལོའི་སྡུག་གསུམ་ཁྱོད་ལ་བཤད། །

གཡང་དཀར་ནག་སྐྱོང་གི་ཆུང་གྲོགས། །

ཁྱོད་ཡར་ལ་མ་འགྲོ་མར་ལ་ཤོག །

མར་འཁོར་ནས་ན་ཟླའི་ཟུར་ལ་ཤོག །

ནང་ན་ཟླའི་སྡུག་གསུམ་ཁྱོད་ལ་བཤད། །

གཡོག་དཔའ་ལོས་ཡིད་བཟང་མ་གནས་ཡུལ་ལ་འགྲོ་བཞིན་པའི་གནས་ཚུལ་མི་ཤེས་པས།

ཉ་གསེར་ལོ་གཤོག་དྲུག་ཅན་པོས། །

སྡུག་ཡོད་རབས་ཡོད་རབས་བཤད་ཀི །

འདང་བརྒྱབ་ན་སྡུག་རྒྱུ་ཅི་ཡོད། །

ཆུ་ཆེན་པོ་ཁ་ཡངས་འཁོར་ཡངས། །

གཤོག་བརྐྱངས་ནས་འགྲོ་རྐྱང་འདུག་རྐྱང་། །

ངའི་ཆུང་དུས་རྩེ་རོགས་གན་གིས། །

སྡུག་ཡོད་རབས་ཡོད་རབས་བཤད་ཀི །

འདང་བརྒྱབ་ན་སྡུག་རྒྱུ་ཅི་ཡོད། །

ཡབ་རྒྱལ་བོ་ངོ་ཆེན་དབང་ཆེན། །

གསུང་བརྗོད་དུས་ཟ་རྐྱང་གོན་རྐྱང་། །

        ཞེས་གླུ་བླངས་པ་ན་ཡིད་བཟང་མའི་སེམས་ལ་ངས་དྲིན་ཆེན་ཕ་མ་གཉིས་ལ་གསང་ནས་ཁ་ཡ་ན་ཟླ་འགལ་ཏེ་ཁྱོད་ལ་བཤད་དུ་འོངས་ན་ཁྱོད་ཀྱིས་ཟས་གོས་ལས་གཞན་ལ་འདང་རྒྱག་དོན་ཅི་བསམ་ནས་མིག་མཐར་མཆི་མ་བསྙིལ་ཡང་། སེམས་ཀྱི་སྡུག་བསྔལ་དེ་ཆུང་གྲོགས་ལ་མ་བརྗོད་པར་ཕྱིར་འགྲོ་མི་འདོད་དེ་གླུ་འདི་ལྟར་བླངས་སོ།

བྱ་ཁུ་ལོ་མི་འདུག་འགྲོ་དགོས་ཀི །

ང་རྒྱ་ཡུལ་བརྒྱུད་ནས་འགྲོ་དགོས་ནོ། །

སྟོད་རྒྱ་གར་གྱིས་ད་ཤོག་བོས་ནི་རེད། །

ཟླ་བདུན་པས་ད་སོང་དེད་ནི་རེད། །

ནགས་རྒྱ་རྫོང་བསམ་བློ་འགྲུབ་རྒྱུ་བོ། །

ང་མ་སོང་ཐབས་རེ་ཨེ་ཡོད་ཀི །

ང་ཞི་མོ་མི་འདུག་འགྲོ་དགོ་གི །

ང་གནས་ཡུལ་བརྒྱུད་ནས་འགྲོ་དགོ་ནོ། །

རྒྱ་ནག་པོས་ད་ཤོག་བོས་ནི་རེད། །

ཡུལ་ཕ་མས་ད་སོང་དེད་ནི་རེད། །

ངའི་ཆུང་གྲོགས་བསམ་བློ་འགྲུབ་རྒྱུ་བོ། །

ང་མ་སོང་ཐབས་རེ་ཨེ་ཡོད་ཀི །

       གཡོག་པོ་དཔའ་ལོས་ཚིག་དེ་ཐོས་མ་ཐག་ཏུ་ཡ་ད་ནི་མ་བཟང་ཐལ། སྤྱིར་ཡུལ་ཕ་མ་ཁ་ཆེན་དབང་ཆེན། དེའི་ནང་ནས་ཡིད་བཟང་མའི་ཕ་ནི་རྒྱལ་བོ་ཡིན་པས་གནས་ཡུལ་ལ་མི་སྐྱེལ་བར་ང་ལ་ཆུང་མ་བྱིན་ཟེར་ན་དགོད་བྲོ་བ་ཞིག་མ་ཡིན་ནམ། དེ་བས་འབྲོ་བ་ལས་གཞན་པའི་ཐབས་ཅི་ཡང་མེད་པར་གླུ་འདི་ལྟར་བླངས་སོ།

བྱ་ཁུ་ལོ་སྙིང་ལ་རྗེ་བོ། །

ཟླ་བདུན་པས་ད་སོང་དེད་དང་ན། །

བུད་ལ་འགྲོ་ན་བུད་ལ་འགྲོ། །

དགུང་སྔོན་པོ་སྟོད་ལ་བུད་ལ་འགྲོ། །

བྱ་ཁྲ་གླག་རྗེས་ལ་མི་འོང་མོད། །

བྱ་ཁྲ་གླག་རྗེས་ལ་བུད་འོངས་ན། །

ངའི་ལག་ན་མི་མཐོང་དུག་མདའ་ཡོད། །

དུག་གཏོང་ང་དང་བུད་ལ་འགྲོ། །

ནགས་གཅིག་ལ་སྨོན་ལམ་འདེབས་པར་འགྲོ། །

ངའི་ཆུང་གཅིག་ཆུང་དུས་རྩེ་རོགས་ཁྱོད། །

ཡུལ་ཕ་མས་ད་སོང་དེད་དང་ན། །

བུད་ལ་འགྲོ་ན་བུད་ལ་འགྲོ། །

སྡེ་ཆེན་པོ་བྲལ་ནས་བུད་ལ་འགྲོ། །

རྒྱ་ནག་པོ་རྗེས་ལ་མི་འོང་མོད། །

རྒྱ་ནག་པོ་རྗེས་ལ་བུད་འོངས་ན། །

ངའི་ལག་ན་མགོ་སྐོར་དཔེ་ཆ་ཡོད། །

མགོ་སྐོར་ར་དང་བུད་ལ་འགྲོ། །

ཁྱིམ་གཅིག་ལ་སྨོན་ལམ་འདེབས་པར་འགྲོ། །

       ཡིད་བཟང་མས་དཔའ་ལོའི་སེམས་ནི་དྲང་ཤད་དེ་ཡོད་ལ་རྒྱུད་ནི་འཇམ་དུབ་བེ་ཡིན་པས་འདི་ལྟར་ཁོའི་རྗེས་དེད་ནས་བྲོས་ཀྱང་བདེ་སྐྱིད་ཡིན་མོད། འོན་ཀྱང་ཕ་རྒྱལ་བོའི་བཀའ་ལ་འགལ་ཡོད་སྟབས་སྲོག་ཉེན་ལས་ཐར་དཀའ་བས་ཅི་བྱས་ན་བཟང་བསམ་དུས། རྒྱལ་བོ་ཚང་གི་རྟ་ཁྱུ་ནས་རྟ་ནག་འབྲོང་འདེད་དང་ཀྭ་བ་རྐྱང་འཛིན་གཉིས་ཡོད་པ་མཐོང་སྟེ། རང་གནས་ཡུལ་ལ་སྐྱེལ་བའི་ཉིན་ཁོས་ཀྱང་ཨ་ཞང་ཚང་གི་རྟ་རྫི་ལ་འགྲོ་འདོད་པའི་རེ་བ་བཤད་ན་ཨ་ཕས་ཁོ་སྤྱང་གྲུང་ལྡན་པ་དང་བྱ་བ་ཡག་པོ་སྒྲུབ་ཐུབ་པ་མཐོང་ནས་འཐད་པ་ཡིན་ཐག་ཆོད་ཡིན། དེ་དུས་ངས་ཨ་མ་ལ་བཤད་ནས་མོའི་རྟ་ནག་འབྲོང་འདེད་ལ་གསེར་སྒ་གསེར་སྲབ་འཇོག་གི་བཅུག་སྟེ་རང་གིས་ཞོན་ནས། ཁོ་རང་གི་ཀྭ་བ་རྐྱང་འཛིན་ཞོན་ཏེ་བག་ལ་སྐྱེལ་བའི་ལམ་བར་ནས་བྲོས་སོང་ན། མདའ་འཕངས་ནས་གསོད་པ་ལས་རྗེས་མི་ཆོད་པས་དེ་ལྟར་བྱས་ན་བཟང་བསམས་ཏེ་གླུ་འདི་ལྟར་བླངས།

ང་འགྲོ་རྒྱུའི་ལམ་མ་ལངས་མེད། །

རྫ་ཁྲ་ཡག་སྐྱུར་ར་འགྲོ་ཟེར་ན། །

སྟོད་རྫ་རྡོ་ལོངས་ར་བ་རྡོ་བྱེད། །

མར་རྫ་ཆུ་བཅུས་ར་ལམ་ཇ་བསྐོལ། །

ངས་ཇ་མགོ་དགུང་སྔོན་གནམ་ལ་མཆོད། །

དགུང་སྔོན་པོ་བར་བའི་བསམ་པ་འཛིན། །

ངས་ཇ་རྐེད་དཔོན་པོ་བློན་པོར་མཆོད། །

དཔོན་ཡང་ཞུ་བཀྱག་གི་བསམ་པ་འཛིན། །

ངས་ཇ་རྔ་དྲིན་ཆེན་ཕ་མར་མཆོད། །

དྲིན་ཕ་མ་སྐྱེལ་གི་བསམ་པ་འཛིན། །

ང་འགྲོ་རྒྱུའི་ལམ་མ་ལངས་མེད། །

ཡུལ་ཕ་མ་སྐྱུར་ར་འབྲོ་ཟེར་ན། །

རྟ་ཀྭ་བཞེས་བཟུང་ར་འགྲོ་རོགས་ཡིན། །

སྒ་བེ་སང་སྟོད་ར་འདུག་རོགས་ཡིན། །

མིག་མཆི་མས་མཆོད་ག་ཐེངས་གསུམ་འཕེན། །

དྲིན་ཕ་མ་དགའ་བའི་བསམ་པ་འཛིན། །

རྟ་མ་ཞོན་ལྕག་གིས་ཐེངས་གསུམ་བརྒྱག །

ནང་ན་ཟླས་སྐྱེལ་གི་བསམ་པ་འཛིན། །

བག་སྐྱེལ་གི་ཉི་མ་འབྲོ་རྒྱུ་བྱེད། །

བགེགས་བར་ཆད་མི་འོངས་སྨོན་ལམ་འདེབས། །

       ཞེས་མིག་ཆུ་བཞུར་ཞོར་དུ་གླུ་བླངས་པས་གཡོག་དཔའ་ལོ་ཡང་འཐད་པ་བྱུང་ནས་རང་རང་སར་སོང་ནས་ཕ་མ་དང་ན་ཟླ། ཕ་ཡུལ་དང་བཅས་བྲལ་ཏེ་འབྲོ་རྒྱུའི་གྲ་སྒྲིག་བྱས་སོ། །

       དུས་ཡུན་ཅུང་ཟད་འགོར་རྗེས་རྒྱལ་བོའི་སྲས་མོ་ཡིད་བཟང་མ་དེ་གནས་ལ་སྐྱེལ་བའི་ཉི་མ་རུ་ཐོན་ལ་ཉེ་བས། སྔོན་གཡོག་དཔའ་ལོ་དང་གྲོས་བྱས་པ་ལྟར་དུ་རྒྱལ་མོ་ཨ་མ་ལ་གཡོག་དཔའ་ལོ་ཇི་ལྟར་བཟང་བ་ཡང་ཡང་བཤད་པར་མ་ཟད། རང་གནས་ཡུལ་ལ་སྐྱེལ་བའི་ཉིན་གཡོག་དཔའ་ལོའང་འགྲོ་རུ་འཇུག་རྒྱུའི་རེ་བ་ཞུས། རྒྱལ་བོའི་བཙུན་མོས་སྲས་མོ་རང་དང་བྲལ་བར་ཉིན་མང་བོ་མེད་སྟབས་ཁ་གཅོག་མ་ཐུབ་པར་འཐད་པ་བྱུང་།

        གཡོག་དཔའ་ལོས་ཀྱང་རྒྱལ་བོར་ཡང་ནས་ཡང་དུ་སྲས་མོ་བག་ལ་སྐྱེལ་སྐབས་རང་ཡང་ཞང་བོ་རྣམས་ལ་ཞབས་ཞུ་བྱེད་དུ་འགྲོ་རྒྱུའི་རེ་བ་ཞུས། རྒྱལ་བོས་རང་གི་སྲས་མོའི་གཉེན་དོན་ལ་བགེགས་བར་ཆད་ཡོད་པ་སེམས་ལའང་ཤར་གྱིན་མེད་པ་དང་། ལྷག་པར་དུ་གཡོག་དཔའ་ལོ་ནི་བགེགས་བར་ཆད་དེ་སློང་མཁན་ཡིན་པ་སེམས་ལ་མ་ཤར་བར་གཡོག་དཔའ་ལོ་ནི་གཡོག་པོ་གོ་ཆོད་ཅིག་ཡིན་སྙམ་ནས་འཐད་པ་བྱུང་། རྒྱལ་བོ་ཚང་གིས་སྲས་མོ་མནའ་མ་སྐྱེལ་རྒྱུའི་གྲ་སྒྲིག་བཟང་བོ་བྱེད་ཀྱིན་ཡོད་ལ། རྒྱལ་བོའི་སྲས་མོ་དང་གཡོག་དཔའ་ལོ་གཉིས་ཀྱིས་ལམ་རྐེད་ནས་ཇི་ལྟར་འབྲོ་བར་གྲ་སྒྲིག་བྱེད་ཀྱིན་ཡོད།

        ཉིན་ཞིག་གི་ཞོགས་པར། རྒྱལ་བོ་ཚང་དུ་གླུ་སྒྲ་དང་དགོད་སྒྲས་ཁེངས་ཏེ་རྒྱན་ལྭ་གོས་ཚ་རུ་འདྲ་མིན་སྣ་ཚོགས་གྱོན་པའི་བག་སྐྱེལ་དཔུང་ཆེན་ལམ་ལ་ཆས། བག་སྐྱེལ་གྱི་ཨ་ཞང་དང་འཁོར་གཡོག་རྣམས་ཀྱིས་སྒོ་ཆང་དང་ལམ་ཆང་མང་བོ་འཐུངས་ནས་ལ་ལ་བཟི་ཡོད་ལ། ལ་ལ་ཡམ་ཡོམ་དུ་གྱུར་ཡོད། གཡོག་དཔའ་ལོས་ཆང་ཁམ་གང་ཡང་མ་འཐུང་སྟེ་སྲས་མོ་ཡིད་བཟང་མའི་ཟུར་དུ་འགྲོ་བཞིན་ཡོད། ཁོང་གཉིས་ཀྱིས་གཅིག་གིས་རྟ་མཆོག་ཀྭ་བ་རྐྱང་འཛིན་ལ་ཞོན་ཡོད་པ་དང་གཅིག་གིས་ནག་ར་འབྲོང་འདེད་ལ་ཞོན་ཡོད་པས་རྒྱལ་ཁམས་དེ་ན་རྟ་དེ་གཉིས་ལས་མགྱོགས་པ་གཅིག་ཀྱང་མེད་པ་རེད།

       བག་སྐྱེལ་དཔུང་ཆེན་དེ་ཉིན་མང་བོར་སོང་སྟེ་རྒྱལ་མཚམས་ལ་ཐོན་ལ་ཉེ་བའི་སྐབས། རིའི་ཚུར་རྒྱབ་ཚང་གི་བསུ་བ་མི་རྟ་སྐོར་གཅིག་ལ་ཐུག་ནས་རྟེན་འབྲེལ་གྱི་སྟོན་མོ་ཆུང་ཆུང་ཞིག་བྱས་པས་མགྲོན་བདག་གཉིས་པོས་ཆང་མང་བོ་འཐུང་བས་བཟི་ནས་ར་རོ་རུ་གྱུར་པའི་སྐབས་ལ། གཡོག་དཔའ་ལོ་དང་སྲས་མོ་ཡིད་བཟང་མ་གཉིས་ཀྱིས་རང་རང་གི་རྟ་མཆོག་ལ་ཞོན་ནས་རྒྱལ་ཁབ་དེ་གཉིས་ཀ་མིན་པའི་ཕྱོགས་གཞན་ཞིག་ལ་བྲོས་སོང་། ཁོ་གཉིས་བྲོས་སོང་བ་ཤེས་ནའང་ཡུལ་ཕྱོགས་གང་ལ་སོང་བ་མི་ཤེས་པར་མགྱོགས་པོར་ཕྱོགས་སོ་སོར་ར་མདའ་མངགས་ནས་འཛིན་དུ་སོང་མོད། ལ་ལ་རྟས་ས་བརྒྱབ་ནས་རྟ་ཤོར་བ་དང་། ལ་ལ་རྟས་ཁུར་ནས་ཕྱོགས་གཞན་ལ་རྒྱུག་པ་རེད། བག་སྐྱེལ་ཨ་ཞང་གཙོ་བོ་ཚོས་ཡང་བསྐྱར་མི་རྟ་རྩ་འཛུགས་བྱས་ནས་སོང་དུས་གར་སོང་གི་རྗེས་མགོ་མ་ནོན་པར་ཉལ་ཉིལ་ཐར་ཐོར་བྱས་ནས་ཕྱིར་རྒྱལ་བོ་ཚང་ལ་ཐོན། གནས་ཚུལ་ཡར་ཞུ་བྱས་དུས་རྒྱལ་བོ་ཐུགས་རྒྱལ་བཞེངས་ཏེ་ཞང་བློན་གཙོ་བོ་རྣམས་བསད་པ་དང་གཞན་པ་རྣམས་ཁྲིམས་ལ་བཅུག་པས་ཁོ་རང་གི་རྒྱལ་ས་བསམ་གྱིས་མ་ཁྱབ་པ་དེ་ཉམས་སོང་ངོ་།

        རྒྱལ་བོ་གཞན་པ་དེས་ཉིན་ཞག་མང་བོར་སྟོན་མོ་རྒྱ་ཆེན་པོ་བསྒྲིགས་ཏེ་མནའ་མ་སྐྱེལ་འོང་བར་སྒུག་བསྡད་མོད། བསྡད་ཀྱིན་བསྡད་ཀྱིན་མནའ་མ་ཡོང་རྒྱུ་མེད་ལ་བསུ་བ་བྱེད་དུ་སོང་བ་རྣམས་ཀྱང་ཡོང་རྒྱུ་མེད། ཉིན་གཅིག་ལ་རིའི་ཕར་རྒྱབ་ཀྱི་རྒྱལ་བོས་ཕོ་ཉ་ཞིག་མངགས་འོངས་ནས་མནའ་མ་སྐྱེལ་འོང་བའི་ལམ་ཁ་ནས་གཡོག་པོ་ཞིག་གིས་ཁྲིད་ནས་བྲོས་སོང་བ་རེད་ཟེར་ནས་རྒྱལ་བོར་ཡར་ཞུ་བྱས་པ་ལ། རྒྱལ་བོ་ཐུགས་ཁྲོས་ཏེ་གཡོག་པོ་ཞིག་གིས་ལམ་རྐེད་ནས་སྲས་མོ་ཁྲིད་དེ་བྲོས་སོང་རེད་ཟེར་བ་ནི་རྫུན་སྐྱག་བྲོ་བ་ཞིག་མ་ཡིན་ནམ། ཁོས་ཁ་བཤད་ཚིག་ཐོག་ཏུ་མ་བསྡད་དེ་སྲས་མོ་ང་ལ་སྟེར་མ་བསམ་པ་རེད་ཟེར་ནས་དམག་དྲངས་ཏེ་གཡུལ་འཁྲུག་བྱས་ཤིང་ས་དང་འབངས་མི་རང་གི་མངའ་འོག་ཏུ་བསྡུས།

       རྒྱལ་བོའི་སྲས་མོ་ཡིད་བཟང་མ་དང་གཡོག་དཔའ་ལོ་གཉིས་ཀྱིས་རི་ལུང་ཐང་གཞོངས་མང་བོ་བརྒྱུད་དེ་ཡུལ་ཁམས་གཞན་ཞིག་སྟེ་ཡར་བལྟས་ན་བྲག་དམར་པོ་དགུང་སྔོན་གནམ་ལ་ཟུག་ཡོད་པ། མར་བལྟས་ན་རྨ་ཆུ་སྔོན་མོས་བྲག་རི་དེ་སྐ་རགས་བཅིངས་པ་ལྟར་དུ་སྤྲས་ཡོད་པའི་རི་ཁུལ་ལ་ཐོན་དུས། རྩྭ་ཆུ་ཤིན་ཏུ་འཛོམས་པོ་ཡིན་པས་ས་འདི་ནས་མི་རྟ་གཉིས་ཀྱིས་ངལ་ཞིག་གསོས་ནས་བསྡད་ན་ཅི་མ་རུང་སྙམ་སྟེ་རྟ་གཉིས་ཀྱི་སྒ་བླངས་ནས་རྩྭ་ཟ་རུ་བཅུག སྲས་མོ་ཡིད་བཟང་མས་བུད་ཤིང་བཏུས་པ་དང་གཡོག་དཔའ་ལོས་རྨ་རྡོ་བླངས་ནས་བ་རྡོ་བྱས། རྨ་ཆུ་བཅུས་ནས་དྲོས་ཆུ་བསྐོལ་ཏེ་ཇ་མགོ་དགུང་སྔོན་གནམ་ལ་མཆོད། ཇ་བར་དོག་མོ་ས་ལ་མཆོད། ཇ་རྔ་རང་གཉིས་ལ་བླུགས་ནས་འཐུང་བར་ཟས་ཚར་ཞིང་ཟ་རྒྱུ་མེད་པར་ཕོ་བ་ལྟོགས་ནས་འདུག་བཟོད་མེད་པར་ཡར་མར་ལ་ལྟ་དུས་རི་ངོས་ནས་འབྲོང་གཡག་གཉིས་ཡོད་པ་མཐོང་། ཁོའི་སེམས་ལ་རྟ་ནག་འབྲོང་འདེད་ནི་བྲག་རིའི་ནང་ནས་རྒྱུག་ན་འབྲོང་གི་མགྱོགས། ཐང་གཞོངས་ནས་རྒྱུག་ན་བྱ་ཡི་མགྱོགས། ནགས་གསེང་ནས་རྒྱུག་ན་གླ་བས་མགྱོགས་ཡིན་ཟེར་བས་རྟ་ནག་འབྲོང་འདེད་ཅེས་མིང་བཏགས་པ་རེད། རྟ་ནག་འབྲོང་འདེད་ལ་ཞོན་ནས་འབྲོང་བདའ་ན་གསོད་ཐུབ་ཐག་ཆོད་ཡིན་སྙམ་ནས་སྲས་མོ་ཡིད་བཟང་མ་ལ།

རྟ་འབྲོང་འདེད་ཞོན་ནས་འབྲོང་གཡག་བདའ། །

འབྲོང་རུ་དམར་གསོད་ལ་ལམ་བྲོ་བྱེད། །

ཇ་བྲེལ་སྐོལ་མ་བྱེད་དལ་སྐོལ་བྱེད། །

ཇ་དལ་སྐོལ་བྱས་ནས་ང་སྒུག་སྡོད། །  

       ཅེས་བཤད་ནས་རྟ་ནག་འབྲོང་འདེད་ལ་སྒ་བསྟད་དེ་ལམ་ལ་འབུད་གྲབས་བྱེད་དུས། སྲས་མོ་ཡིད་བཟང་མས།

རྟ་ནག་འབྲོང་འདེད་གྱི་ལིང་རྒྱུད། །

གྱི་ལིང་རྒྱུད་ལ་གཞུས་མི་རུང་། །

ལྕག་གིས་གཅིག་གཞུས་མདའ་ཚད་ཅིག །

ལྕག་གིས་གཉིས་གཞུས་མཐོང་ཚད་ཅིག །

ལྕག་གིས་གསུམ་གཞུས་བྱ་ལྟར་འཕུར། །

འབྲོང་མ་སོད་ལག་སྟོང་ཡིན་ནའང་། །

ལྕག་ཕྲ་མོས་མི་གཞུས་རེ་བ་ཞུ། །

དུས་རིང་བོ་མ་འགོར་ཕྱིར་ལ་ཤོག །

ང་དེ་རིང་ཉི་མའི་ཕན་ཆད་ལ། །

སྒོའི་ཕྱི་ཚོར་མཐོ་གང་འགྲོ་མ་མྱོང་། །

ཁྱིམ་ཕ་མ་མིན་པའི་མི་མི་ཤེས། །

ཡུལ་ཐབ་ཀ་མིན་པའི་ས་མི་ཤེས། །

ལྗོངས་ས་སྟོང་ལུང་བ་བྱང་སྟོང་ནས། །

ཁྱོད་ཟུར་ན་མེད་ན་སྐྲག་ཀྱང་འདུག །

        ཅེས་ལབ་པར་གཡོག་དཔའ་ལོས་ཡ་ཡ་ལགས་ལགས། ཁྱེད་ཀྱི་སེམས་ཁུར་མི་དགོས་དང་ང་མགྱོགས་པོར་ཕྱིར་ཐོན་འོང་ཟེར་ནས་རྟ་ནག་འབྲོང་འདེད་ལ་ཞོན་དེ་རི་ཁར་བརྒྱུགས་སོང་། རི་ཁ་ནས་ཁོས་འབྲོང་གཡག་གསོད་རྒྱུའི་སེམས་ནི་ཤིན་ཏུ་བྲེལ་བས་ཡིད་བཟང་མས་བཤད་པའི་གཏམ་དེ་དག་སྔོན་ནས་བརྗེད་དེ། འབྲོང་གཡག་གཉིས་པོ་བདའ་བ་ལ་འབྲོང་གཉིས་ཀྱིས་ཁོ་ལ་རྩེ་མོ་རྩེད་པ་བཞིན་དུ་མཚམས་རེ་མགྱོགས་པོར་མདུན་ལ་རྒྱུག་པ་དང་མཚམས་རེར་ཇེ་དལ་ལ་བཏང་བ་མ་ཟད་ཕྱིར་ལྟོས་བྱས། དཔའ་ལོས་དེ་མཐོང་ནས་སེམས་ལ་བྲེལ་བ་ཆེན་པོ་ལངས་ཏེ་རྟ་ནག་འབྲོང་འདེད་ལ་ལྕག་གིས་གཅིག་གཞུས་པར་རྟ་ནག་འབྲོང་འདེད་དེ་མདའ་ཚད་ཅིག་ལ་ལྡང་། རྟ་ཁ་ཕྱིར་སྐོར་དུས་འབྲོང་གཡག་གཉིས་ཀྱིས་རིག་ཚད་ཅིག་ན་དལ་བྲེལ་མེད་པར་རྩྭ་ཟ་བཞིན་ཡོད། ཡང་ལྕག་གིས་གཅིག་བརྒྱབ་པར་རྟ་ནག་འབྲོང་འདེད་དེར་གཤོག་པ་སྐྱེས་པ་བཞིན་མིག་ཚད་གཅིག་ལ་མཆོང་བ་མ་ཟད། ཤུགས་གང་ཡོད་ཀྱིས་ཁ་འཐེན་མོད་རྟ་ཁ་ཕྱིར་ལ་སྐོར་མི་ཐུབ་པར་བལྟས་བལྟས་སུ་ཕྱིར་རང་ས་ལ་ཐོན་པས་རང་ས་སོང་ནས་གསོད་པ་ལས་རྟས་ཁུར་ནས་ཤི་ན་བཟང་བསམས་ཏེ། ལྕག་གིས་ཡང་གཅིག་གཞུས་པར་རྣ་ལམ་ནས་སེར་བུ་ཤུར་རུ་རུ་བྱེད་པར་གཡོག་དཔའ་ལོ་སྐྲག་སྣང་ཆེན་པོ་སྐྱེས་ཏེ་ཅི་ཡིན་འདི་ཡིན་མི་ཤེས་པར་རྟ་ཐོག་ནས་ས་ལ་ལྷུང་ནས་དྲན་པ་ཤོར། ཁོ་དྲན་པ་སད་དུས་རང་གི་ཞོན་རྟ་རྟ་ནག་འབྲོང་འདེད་མེད་ལ། སྲས་མོ་ཡིད་བཟང་མའང་མེད་པར་ས་སྟོང་ལུང་བ་བྱང་སྟོང་ཞིག་ན་ཡོད་པས། སེམས་སྡུག་དང་འགྱོད་པའི་མིག་ཆུ་བཞུར་ཞིང་མིག་བཙུམས་ནས་ཕྱིར་འདང་བརྒྱབ་དུས་སྔོན་གྱི་བྱ་བ་དེ་དག་ནི་རྨི་ལམ་བཞིན་དུ་མིག་ལམ་ལ་ཤར་འདུག་པས་ཁོའི་སེམས་ལ་དེ་ནི་ཚར་སོང་བ་རེད། ཡོད་ཚད་ཚར་སོང་བ་རེད། ཆུང་གྲོགས་ཡིན་ལ་ཚེ་གྲོགས་ཀྱང་ཡིན་པའི་ཡིད་བཟང་མར་བྲལ་སོང་ལ། རྟ་ནག་འབྲོང་འདེད་ཀྱང་ཤོར་སོང་བ་རེད། དེ་ནི་འཇིག་རྟེན་འདི་ནས་འདུག་པ་ལས་ཤི་ན་བཟང་བསམ་ཡང་གློ་བུར་དུ་ཤི་བའི་ཐབས་ཤིག་ཀྱང་མེད་སྟབས། ཡར་ལངས་ནས་ལམ་ཕྲ་མོ་ཞིག་ཡོད་པ་དེད་ནས་སོང་དུས་སྔོན་རྟ་ནག་འབྲོང་འདེད་ལྕག་གིས་ཐེངས་གཉིས་པ་རྒྱག་སྐབས་ཀྱི་ལམ་དང་འདྲ་བས་ལམ་འདི་དེད་ནས་སོང་ན་ཡིད་བཟང་མ་ལ་མི་ཐུག་ག་ལ་འགྲོ་སྙམ་སྟེ་ཤུགས་ཆེན་པོས་མདུན་ལ་སོང་། དཀའ་ངལ་ཆེན་པོ་བསལ་ནས་ཉིན་མཚན་མང་བོར་སོང་ཡང་ཡིད་བཟང་མ་ལ་མ་ཐུག་པར་གྲོང་སྡེ་ཆེན་པོ་ཞིག་གི་འདབས་ཁར་ཐོན། ཁོས་ལམ་བྲོ་སློང་ཞོར་གྲོང་སྡེའི་ནང་ལ་སོང་བ་ན་གྲོང་སྡེའི་དཀྱིལ་གྱི་ཁང་བ་ཤིན་ཏུ་མཐོ་ལ་ཡག་པོ་ཞིག་གི་མཐའ་འཁོར་དུ་མི་མང་བོ་ཞིག་འཚོགས་འདུག་པས་ཁོ་ཡང་མི་ཚོགས་དེ་ཡོད་སར་སོང་ནས་མི་རྣམས་ལ་དྲིས་དུས། མི་རྣམས་ཀྱིས་མཁར་འདི་ནི་ས་འདིའི་རྒྱལ་བོའི་ཕོ་བྲང་ཡིན་ལ་དེ་རིང་རྒྱལ་བོ་ཚང་གི་སྲས་མོར་མག་པ་བཙལ་འདུག་པ་རེད་ཟེར་ནས་བཤད་པ་ལ་གཡོག་དཔའ་ལོས་ཡིད་མི་ཆེས་པར་འདི་འདྲའི་མག་པ་བཙལ་ལུགས་ཀྱང་ཡོད་དམ་བསམས་ནས་ཡང་རྒན་པོ་ཞིག་ལ་དྲིས་དུས། རྒན་པོ་དེས་བདེན་པ་རེད། མག་པ་བཙལ་བའི་ཐབས་ནི་རྒྱལ་བོ་ཚང་གི་ཕོ་བྲང་གི་རྩེ་ནས་རྒྱལ་བོའི་སྲས་མོས་དངོས་སུ་རླུང་རྟ་བཏང་བ་ན་རླུང་རྟ་དེ་སྐྱེ་བུ་སུ་ཞིག་གི་ཐོག་ཏུ་བབས་ན། སྐྱེ་བུ་དེ་དབུལ་ཕྱུག་མཆོག་དམན་ལ་མི་བལྟ་བར་རྒྱལ་བོས་རྒྱལ་ས་སྐྱོང་བར་འདེམས་པ་ཡིན་ཞེས་མངའ་འབངས་ལ་བརྡ་བརྒྱབ་ཡོད་པས། དེ་རིང་རྒྱལ་བོའི་སྲས་མོས་རླུང་རྟ་རླུང་ལ་སྐྱོད་དུ་འཇུག་རྒྱུ་ཡིན་པ་རེད་ཅེས་ལན་བཏབ། རྒན་པོ་དེས་བཤད་པ་ནི་ཤིན་ཏུ་ནན་ཏན་ཡིན་ནའང་ཁོའི་སེམས་ནས་ཡིད་བཟང་མ་དྲན་བཞིན་ཡོད་པས་མག་པ་བྱེད་རྒྱུའི་རེ་བ་མ་དགོས་དེ་ལ་ལྟ་འདོད་ཀྱང་མེད་སྟབས། རྒྱང་རིང་བོ་ནས་སློང་འོངས་པའི་ཟས་དེ་ཟོས་ནས་བསྡད། དུས་ཡུན་རིང་བོ་མ་འགོར་བར་མགོ་དང་ལུས་ལ་གོས་དང་རིན་པོ་ཆེས་རྒྱན་ཆ་སྤྲས་ནས་འོད་ལམ་ལམ་འཕྲོ་བ་ཞིག་ཕོ་བྲང་གི་རྩེ་ལ་འོངས་ཏེ་ཤོག་གུ་ལེབ་མོ་ཞིག་རླུང་ལ་བསྐུར་བར་མི་རྣམས་ཀྱིས་འཛིན་འདོད་ལག་པ་བསྲིངས་ནའང་། མི་དེ་དག་གི་ལག་ལ་མི་འབབ་པར་མི་རྣམས་ཀྱི་མཐའ་ན་ཟས་ཟ་བཞིན་ཡོད་པའི་སྤྲང་བོ་དཔའ་ལོའི་ཐོག་ཏུ་ལྷུང་སོང་། རྒྱལ་བོའི་སྐུ་སྲུང་རྣམས་མྱུར་དུ་དཔའ་ལོ་ཡོད་སར་རྒྱུག་འོངས་ནས་མག་པ་རིན་པོ་ཆེ་ཕོ་བྲང་ལ་ཕེབས་ཟེར་བ་དང་། མི་རྣམས་ཀྱིས་དོགས་པ་ཟ་བཞིན་ཁོ་ལ་བལྟས། དཔའ་ལོས་རང་ལ་བུད་མེད་ཡོད་ཚུལ་སོགས་བཤད་བསམ་མོད་བསམ་དབང་བཤད་དབང་མེད་པར་རྒྱལ་བོའི་ཕོ་བྲང་ལ་ཁྲིད། དེ་དུས་རྒྱལ་བོས་ཕོ་བྲང་གི་རྩེ་ནས་མག་པ་ཡིན་པ་ཡོངས་བསྒྲགས་བྱས། དཔའ་ལོས་འགྲོ་ས་འདུག་ས་ཚང་མ་ནས་སྲས་མོ་ཡིད་བཟང་མ་བསམ་སྟེ། མག་པ་བྱེད་འདོད་མེད་པར་རྒྱལ་བོ་ཚང་གི་ཟས་གང་ཡག་དང་གོས་གང་ཡག་ལོངས་སྤྱོད་བྱེད་འདོད་མེད་ཉིན་ཧྲིལ་བོར་ངོར་སྡུག་གིས་བཟུང་ནས་བསྡད། ཡང་ཞབས་བྲོ་གང་ཡག་དང་སྒྲ་དབྱངས་གང་སྙན་དཀྲོལ་བ་ལ་ལྟ་འདོད་དང་ཉན་འདོད་མེད་པར་མ་ཟད། རྒྱལ་བོའི་སྲས་མོས་གནའ་གཏམ་དང་དགོད་གཏམ་ཅི་འདྲ་མང་བོ་བརྗོད་ཀྱང་དགོད་འདོད་དང་བཤད་འདོད་མེད་པར་ཟླ་ཁ་ཤས་འགོར་སོང་། དེ་ནས་རྒྱལ་བོའི་བློན་པོ་ལ་ལས་ཁོ་ནི་གླེན་པ་ཞིག་རེད་ཟེར་ལ། ལ་ལས་དེ་མིན་པར་ཁོའི་སེམས་ན་སྡུག་བསྔལ་ཞིག་ཡོད་པ་འདྲ་ཟེར། སྐད་ཆ་དེ་དག་རྒྱལ་བོས་ཐོས་རྗེས་སུ་ཁོང་དངོས་སུ་མག་པའི་ཁང་བའི་ནང་དུ་ཕེབས་ནས་ན་རེ།

ཟས་མངར་མོ་ཡོད་ཀྱང་ཁྱོས་མི་ཟ། །

གོས་ཡག་པ་ཡོད་ཀྱང་ཁྱོས་མི་གོན། །

གཏམ་སྙན་མོ་བཤད་ཀྱང་ཁྱོས་མི་ཉན། །

ང་ཡི་བུ་མོ་བཙོག་བསམ་མམ། །

ང་ལ་མངའ་ཐང་ཆུང་བསམ་མམ། །

ང་ཡི་མངའ་འབངས་དབུལ་བསམ་མམ། །

སེམས་སྡུག་འདི་འདྲ་ཆེ་དོན་ཅི། །

མ་སྦས་མ་གསང་བཤད་རོགས་གནོངས། །

       ཞེས་བརྗོད་པར། གཡོག་དཔའ་ལོས་རང་གིས་རྒྱལ་བོའི་སྲས་མོ་ཁྲིད་ནས་བྲོས་ཚུལ་དང་ལམ་བར་ནས་བྲོ་ཁ་ཚར་ཚུལ། བྲོ་ཤ་གསོད་པའི་ཆེད་དུ་རྟ་ནག་འབྲོང་འདེད་ཀྱིས་ངེད་གཉིས་ཁ་གཏོར་ཚུལ་བཅས་གསལ་བོ་ཞིབ་མོར་བཤད་རྗེས།

ཐུགས་ཁུར་སྙིང་རྗེ་ཆེ་བའི་རྒྱལ་བོ་ལགས། །

ཁྱེད་རྒྱལ་བོས་བརྗོད་པ་དེ་དག་མིན། །

ཁྱིམ་སྲས་མོ་ཡན་ལ་མཛེས་མ་མེད། །

དབང་མངའ་ཐང་ཟེར་བ་བསམ་མི་ཁྱབ། །

འོག་འབངས་མི་བདེ་སྡོད་ལས་ལ་བརྩོན། །

སེམས་སྡུག་གི་དོན་རྩ་འདི་འདྲ་རེད། །

ངའི་ཆུང་དུས་རྩེ་རོགས་ཡིད་བཟང་མ། །

ངའི་དོན་དུ་ཕ་ཡུལ་བྲལ་ནས་བྲོས། །

དུས་དེང་སང་ས་སྟོང་རི་རྒྱུད་དུ། །

མོ་གཅིག་པོ་ལྷག་པར་སེམས་སྡུག་ཆེ། །

ཡུལ་འཇིག་རྟེན་མི་ལ་རྒྱུ་འབྲས་དགོ །

ལས་རྒྱུ་འབྲས་མེད་ན་ཟོག་དང་འདྲ། །

ཟོག་དུད་འགྲོ་སྔ་དྲོ་ཆས་ཀྱིས་གསོས། །

དགོང་ཕྱི་དྲོ་དྲིན་ལན་འཕྲ་ཡིས་འཇལ། །

བྱ་སྤྱོད་པ་དེ་འདྲ་ག་ལ་རུང་། །

ངའི་རྒྱལ་བོ་ལོ་ལོ་བསམ་འགྲུབ་བོ། །

བསམ་བློ་དབུས་ནས་འགྲུབ་རྒྱུ་བོ། །

ཡིད་བཟང་མ་བཙལ་རྒྱུའི་གནང་བ་ཞུ། །

ཕྱིར་འོང་དུས་ཅི་གསུང་དེ་ལས་མེད། །

         ཅེས་ཟེར་ནས་བརྗོད་པ་ལ་རྒྱལ་བོའང་ཁོའི་གཤིས་སྤྱོད་ཀྱིས་ཡིད་འགུགས་ཐེབས་ནས་འཁོར་གཡོག་མང་བོ་ཁྲིད་ནས་བཙལ་རྒྱུར་འཐད་པ་བྱུང་ངོ་།

         གཡོག་དཔའ་ལོས་འཁོར་གཡོག་དང་དམག་མི་མང་བོ་ཁྲིད་ནས་ཕྱོགས་ཕྱོགས་སུ་ཉིན་ལ་ཟླ་མཐུད་ནས་ཡིད་བཟང་མ་བཙལ། ཉིན་གཅིག་ལ་དཔའ་ལོས་སྔོན་ཡིད་བཟང་མ་དང་ཁོང་གཉིས་ཁ་བཀར་སའི་ས་ཆ་དེར་ཐོན་ཏེ། དཔའ་ལོས་མི་རྟ་ཡོད་ཚད་ཐང་ཆད་ཡོད་པ་མཐོང་བས། ངལ་གསོ་རུ་བཅུག་སྟེ་རང་གཅིག་པོ་སྔོན་ཇ་བསྐོལ་བའི་ས་ཆར་སོང་། དེ་དུས་ཉི་མ་ནུབ་ལ་ཡོད་པས་ཁོས་སྔོན་གྱི་བ་རྡོ་ལ་བལྟས་ནས་མིག་ཆུ་བཞུར། སྐབས་དེར་རྣ་ལམ་དུ། ཁྱེད་ནི་ས་ཆ་གང་ནི་ཡིན། མི་མེད་ས་སྟོང་འདི་ལ་ཡོང་དོན་ཅི། དོན་མེད་བ་རྡོ་འདི་ལ་བལྟས་ནས་མིག་ཆུ་བཞུར་དོན་ཅི། ཞེས་ཁོང་དགོད་བྱས་ཏེ་དྲིས་པར། མགོ་ཡར་བཀྱགས་ནས་ལྟ་དུས་རང་ལ་ཐག་མི་རིང་བའི་ས་ན་འདྲེ་རེད་ཟེར་ན་མི་དང་འདྲ་བར་འགྲོ་འདུག་ཤེས་ལ་སྐད་ཆའང་བཤད་ཤེས་པ།  མི་རེད་ཟེར་ན་མིའི་ཟུར་དུ་མི་འོང་བ། ཕོ་རེད་ཟེར་ན་བྲང་གི་ནུ་མ་ཆེ་ཞིང་སྐད་ཕྲ་བ། མོ་རེད་ཟེར་ན་རྐང་ལག་ལ་སྟོབས་རྒྱས་ཤིང་ལག་ཏུ་དགྲ་འགོག་པའི་དབྱུག་པ་བཟུང་ཡོད་པ་ཞིག་མཐོང་ནས་སྐྲག་སྟེ་ཕྱིར་གོམ་གང་བསྣུར་ནས། སྔོན་ཆད་ཀྱི་གནས་ཚུལ་ཡོངས་རྫོགས་བཤད་པ་ལ་ཡིད་བཟང་མས་ཀྱང་མིག་མཐར་མཆི་མ་འཁོར་ནས་ཁྱོད་ཀྱི་བཙལ་འདུག་པ་ནི་ང་ཡིན། ངེད་གཉིས་བྲལ་རྗེས་ང་སེམས་སྡུག་གི་ནད་བྱུང་ནས་ཤི་ཉེ་བའི་སྐབས་རི་ཁྲོད་པ་ཞིག་གིས་སྲོག་བསྐྱབས་པ་ཡིན། རྟ་ཀྭ་བ་རྐྱང་འཛིན་ལའང་རྩྭ་མ་བྱིན་ཆུ་མ་བླུད་པར་ཤི་སོང་། དེ་ནས་བཟུང་ངས་ཉིན་དཀར་རི་དྭགས་རྔོན་ནས་ཁ་གསོས་པ་དང་། མཚན་མོ་ངེད་གཉིས་ཀྱིས་ཇ་བསྐོལ་ས་ནས་ཁྱོད་མེད་རུང་ཡོད་ཁུལ་བྱས་ནས་ཉལ་ས་བཅོས་པ་དང་རྟ་ཀྭ་བ་རྐྱང་འཛིན་མེད་རུང་ཡོད་ཁུལ་བྱས་ནས་རྟའི་མགོ་རུལ་སྐམ་པོར་རྩྭ་ཆུ་ཡོད་སར་བཞག དེ་ལྟར་དཀའ་སྡུག་གི་འཚོ་བ་རོལ་ནས་ད་བར་ཚེ་ཁྱོད་ཀྱི་རི་དྭགས་རྔོན་ནས་ཕྱིར་ཡོང་བར་སྒུག་བསྡད་པ་ཡིན་ཟེར་ནས་མཆི་མ་ཐོར་ཞོར་དུ་བཤད་པར་དཔའ་ལོ་ལའང་དགའ་སྤྲོའི་མཆི་མ་ཤོར་ཏེ་གཅིག་གཅིག་ལ་འཁྱུད་ནས་ཡུན་རིང་ཙམ་ལ་བསྡད། དེ་ནས་ཕྱིར་འདུག་གནས་སུ་འོངས་ནས་ཇ་ཆང་གི་གསོལ་སྟོན་བསྒྲིགས་ཏེ་དགའ་བསུ་བྱས་མོད། འོན་ཀྱང་སྲས་མོ་ཡིད་བཟང་མ་དེ་སྔོན་ལས་འགྱུར་ཡོད་སྟབས་མི་རྣམས་ཀྱིས་འདི་ནི་སྲས་མོ་མ་རེད། གལ་ཏེ་ཡིན་ནའང་འདྲེ་རུ་གྱུར་ཡོད་པ་རེད་ཟེར་མོད། འཆལ་གཏམ་གྱིས་ལྷག་བསམ་རྣམ་དག་གི་བརྩེ་དུང་དེ་གཏོར་མ་ཐུབ་པར་ཕྱིར་རྒྱལ་སར་སླེབས་པ་དང་། རྒྱལ་བོའི་བཀའ་ལྟར་དམག་སྣ་ཁྲིད་ནས་རིའི་ཚུར་རྒྱབ་ཚང་གི་རྒྱལ་བོ་ཕམ་པར་བརྒྱབ་སྟེ། ས་ཆ་དང་མངའ་འབངས་རང་གི་དབང་དུ་བསྡུས་ནས་སྲས་མོ་ཡིད་བཟང་མ་དང་རྒྱལ་བོའི་སྲས་མོ་གཉིས་པོར་བཙུན་མོ་ཆེན་ཆུན་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ལོ། །


མཉམ་སྤྱོད།