མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བུ་ཆུང་དང་འདྲེ་མོ།

2022-11-16 22:23:43   |   267

 རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


         སྔོན་ཞིག་ལ། རྒན་རྒོན་གཉིས་ལ་བུ་བུ་མོ་གཉིས་ཡོད། ཉིན་གཅིག་ལ་བུ་མོ་རྫི་བོར་སོང་ནས་འདྲེ་མོ་ཞིག་ལ་ཐུག འདྲེ་མོ་དེས་རྫི་བོའི་བུ་མོ་ཟ་རྒྱུ་ཟེར་ནས་རྫིག་རྫིག་རྔམ་རྔམ་བྱས། བུ་མོ་སྐྲག་ནས་ཅི་བྱེད་འདི་བྱེད་མི་ཤེས་པར་འདྲེ་མོ་ལ་ངོ་ཆེན་ཞུས་ཀྱང་། འདྲེ་མོ་དེས་ཁ་མ་ཉན་པར་ཁྱོད་ཟ་རུ་མི་འཇུག་ན་ཁྱོད་ཀྱི་ཚབ་ཏུ་ང་མི་གཞན་པ་ཞིག་ཟ་རུ་འཇུག་དགོས། དེ་མིན་ན་ཁྱོད་ཟ་རྒྱུ་ཁོ་ཐག་ཡིན་ཞེས་ཟེར་བར། བུ་མོར་ཐབས་ཟད་དེ་དེ་ན་ངའི་ཨ་ཕ་ཁྱོད་ལ་ཟ་རྒྱུར་སྟེར་ཟེར། འདྲེ་མོས་རྒད་པོའི་ཤ་རྒས་དྲགས་པས་ངས་མི་ཆོད་པ་ཡིན་ཞེས་བཤད། བུ་མོས་དེ་ན་ངའི་ཨ་མ་ཁྱོད་ལ་ཟ་རྒྱུར་སྟེར་ཟེར་བར། འདྲེ་མོས་རྒན་མོའི་ཤའང་རྒས་དྲགས་པས་ངས་མི་ཆོད་ཀི་ཟེར།

        མཐར་བུ་མོ་ཐབས་ཟད་དེ་ངའི་ཕ་མ་གཉིས་མི་དགོས་ན། ངེད་ཚང་ལ་མི་གཞན་པ་མེད་པས་ཅི་ཞིག་བྱེད་རྒྱུ་ཞེས་དྲིས་པར། འདྲེ་མོས་ཁྱོད་ལ་ཕུ་བོ་ཞིག་ཡོད་པ་མ་ཡིན་ནམ། དེ་བྱིན་ན་མི་ཆོག་གམ་ཞེས་དྲིས། བུ་མོས་ངའི་ཕུ་བོ་ནི་བློ་རིག་རྒོད་ལ་དཔའ་རྩལ་ཆེ་བས་ཁྱོད་ཀྱིས་ཟ་མི་ཐུབ་པ་ཡིན་ཞེས་བཤད། འདྲེ་མོས་ང་ནི་དེ་ལྟ་བུའི་མི་ཟ་རྒྱུར་ཤིན་ཏུ་དགའ་བས། ཁྱོད་ཀྱི་ཕུ་བོ་ཟ་རྒྱུ་ཁོ་ཐག་ཡིན། ཁྱོད་ཀྱིས་ཡིན་གཅིག་མིན་གཅིག་ཁྱོད་ཀྱི་ཕུ་བོ་ང་ལ་ཟ་རུ་འཇུག་དགོས། དེ་མིན་ན་ངས་ཁྱོད་ཟ་རྒྱུ་ཞེས་བཤད། བུ་མོས་ངའི་ཕུ་བོ་ཁྱོད་ལ་ཇི་ལྟར་སྟེར་རྒྱུ་ཞེས་དྲིས། འདྲེ་མོས་ཁྱོད་ཚང་སང་ཉིན་རུ་སྤོར་གྱིན་ཡོད་པ་ཡིན་ནམ། ཁྱོད་ཀྱིས་ཕུ་བོའི་མདའ་གཞུ་དེ་སྦྲའི་རྒྱབ་ཏུ་འཕང་དང་རུ་བཀལ་ཚར་རྗེས་ཁོ་ཕྱིར་མདའ་གཞུ་ལེན་དུ་ཡོང་ཁོ་ཐག་ཡིན་པས་དེ་དུས་ངས་འཛིན་ཐབས་བྱེད་ཟེར་ནས་རྫི་བོའི་བུ་མོ་ཕྱིར་མངགས།

        དེའི་ཕྱི་ཉིན་ཁོ་ཚང་གིས་རུ་བཀལ་ནས་ལམ་རྐེད་ལ་ཐོན་དུས་ཕུ་བོས་སྲིང་མོ་ལ་ངའི་མདའ་གཞུ་ག་ན་ཡོད་ཅེས་དྲིས། སྲིང་མོས་རུ་འགེལ་སྐབས་སྦྲའི་རྒྱབ་ཏུ་བཞག་པས་བརྗེད་སོང་ཞེས་བཤད། བུ་ཆུང་གིས་རང་གི་གཅེས་པའི་མདའ་གཞུ་དེ་ལེན་དུ་འགྲོ་དགོས་བསམ་ནས། ཨ་ཕ་ལ་ངས་རྟ་གང་ཞོན་ནས་འགྲོ་རྒྱུ་ཞེས་དྲིས། ཨ་ཕས་ཨ་མ་ལ་དྲིས་ཟེར་བས། ཡང་ཨ་མ་ལ་འདྲི་དུས་ཨ་མས་ཁ་ཕྱིར་ལ་མི་འཁོར་རྒྱུའི་གྱོ་ལུ་ཁྱེར་ཟེར། དེ་ནས་སྒ་གང་སྟོད་རྒྱུ་ཟེར་ནས་དྲིས་དུས། ཨ་མས་སྒ་ཆགས་སྐྱ་ལུ་སྟོད་ཟེར། སྲབ་གང་འཇོག་རྒྱུ་ཞེས་དྲིས་དུས། ཐག་སྲབ་དཀར་ལུ་མ་ཞོག་ཟེར། དེ་ནས་བུ་ཆུང་གིས་རྟ་རྒན་གྱོ་ལུ་ལ་སྒ་ཆགས་སྐྱ་ལུ་བསྟད། ཐག་སྲབ་དཀར་ལུ་མ་བཞག་ནས་ཕྱིར་རུ་ཤུལ་ལ་རང་གི་མདའ་གཞུ་ལེན་པར་སོང་བ་ན། ཁོ་ཚང་གི་ཐབ་ཀའི་མགོ་ལ་སྦྲ་སེར་ངན་པ་ཞིག་ཕུབ་ཡོད་པ་མཐོང་། ཁོ་རྟ་ཐོག་ནས་སར་བབས་ཏེ་སྦྲའི་སྒོ་ཁ་ནས་ཡར་བལྟས་པར་ཁོའི་མདའ་གཞུ་སྦྲའི་ཆོན་ཐག་ཐོག་ལ་བཏགས་ཡོད།

        ཨ་ནེ་མགོ་གཟེངས་མ་ཞིག་ཐབ་ཀའི་ཟུར་དུ་ཡར་འཁོར་ནས་བསྡད་འདུག བུ་ཆུང་གིས་གུས་པ་ཡོད་པའི་སྒོ་ནས་ཨ་ནེ་རྒན་མོ་ལགས། ཁྱེད་ཚང་གི་སྦྲའི་ཆོན་ཐག་ཐོག་ཏུ་བཏགས་ཡོད་པའི་མདའ་གཞུ་དེ་ངེད་ཚང་གི་རུ་སྤོར་སྐབས་སུ་ཤུལ་ནས་ལུས་སོང་བས། ང་དེ་ལེན་དུ་འོངས་པ་ཡིན་པས་མར་ལ་སྟེར་རོགས་གནོངས་ཞེས་བཤད་པ་ལ། འདྲེ་མོ་མགོ་གཟེངས་མ་དེས་ཁ་མར་ལ་འཁོར་འོངས་པར་མོའི་ཡར་མཆེ་ཡར་ལ་ཟུག་ཡོད་པ། མར་མཆེ་མར་ལ་ཟུག་ཡོད་པ། ནུ་མ་གཉིས་ཕྲག་མགོར་འཕངས་ཡོད་པ། མིག་ནི་ཁྲག་ལྟར་དམར་བ། མཆེ་སྡེར་རིང་ཞིང་རྣོ་བས་སྐྲག་པ་ཞིག་ཡིན། འདྲེ་རྒན་མ་དེས་མཆེ་བ་གཙིགས་ནས་ཁོང་དགོད་ཅིག་བྱས་ཏེ། མོ་ནི་རྐང་བ་ཞ་བོ་ཞིག་ཡིན་པས་ཁྱོད་ཡར་ཕེབས་ནས་ལོངས་ཟེར།

        བུ་ཆུང་ཡར་སོང་ནས་མདའ་གཞུ་ལེན་སྐབས་འདྲེ་མོས་ཁོ་བཟུང་ནས་བཅངས། ཁོའི་རྟ་གྱོ་ལུ་དེ་ཐག་སྲབ་དཀར་ལུས་བཅངས་ནས་བསད་ཚར་རྗེས། བུ་ཆུང་ལ་ད་ནས་བཟུང་ཁྱོད་ངའི་ཞི་ལི་ཡིན་པས་སྲིབ་ལ་སོང་ནས་བུད་ཤིང་བཏུས་ཤོག་དེ་མིན་ན་ཁྱོད་ཀྱང་ཟ་རྒྱུ་ཟེར། ཁོ་སེམས་སྡུག་ཞོར་ལ་རིའི་སྲིབ་ཏུ་ཕྱིན་ནས་བུད་ཤིང་འཐུ་སྐབས། དགོ་བ་ཞིག་ཐོན་འོངས། བུ་ཆུང་གིས་དགོ་བ་ལ་བལྟས་ནས་གཅིག་བགད་ཅིང་གཅིག་ངུས། དགོ་བ་དེ་ཡ་མཚན་ནས་བུ་ཆུང་ལ་ཁྱོད་གཅིག་བགད་དེ་གཅིག་ངུ་དོན་ཅི་ཡིན་ཞེས་དྲིས།

        བུ་ཆུང་གིས་ང་གཅིག་བགད་དོན་ནི་ཁྱེད་ནི་ཅི་འདྲའི་སྐྱིད་པའི་རི་དྭགས་ཤིག་ཡིན་པ་རེད། རང་གི་འདོད་མོས་ལྟར་རྩྭ་དང་རྩི་ཏོག་ཟོས་ཆོག རང་གི་དགའ་བ་ལྟར་ཉལ་ལངས་བྱེད་ཆོག ང་གཅིག་ངུ་དོན་ནི་ང་ཅི་འདྲའི་ལས་ངན་ཞིག་རེད། ཡུལ་ཕ་མ་ཡོད་ཀྱང་གཅེས་ཕྲུག་མིན། ནང་སྲིང་མོ་ཡོད་ཀྱང་བློ་ཁེལ་མེད། མ་འདྲེ་མོའི་ལག་ཏུ་བཞག་པ་དེས་ནངས་ཟ་དགོང་ཟ་ཆ་མེད་རེད། ངས་དེ་རིང་འཐུ་བཞིན་པའི་བུད་ཤིང་འདིའང་འདྲེ་མོར་འཐུ་བ་ཡིན་པས། ང་ངུས་པ་ཡིན། དགོ་བ་ལགས། ཁྱོད་ལ་ང་འདྲེ་མོའི་གམ་ནས་ཐར་ཐབས་ཀྱི་བློ་རེ་མེད་ལ་ཞེས་དྲིས།

        དགོ་བས་ཐབས་གཞན་ལ་དྲིས་ན་མཁས་ནི་ཡིན། དགྲ་མཉམ་གྱིས་འདུལ་ན་རྣམ་པར་རྒྱལ་ཟེར་བའི་དཔེ་ལྟར་དུ། ངེད་གཉིས་མཉམ་དུ་སྒྲིལ་ནས་འཐབ་ན་རྣམ་པར་རྒྱལ་ཐག་ཆོད་ཡིན། དེ་དགོང་འདྲེ་མོ་དེ་དང་ཁྱོད་གཉིས་མཉམ་དུ་ཡོད་སྐབས་སུ། ངས་འདྲེ་མོའི་ཆོན་ཐག་ཡར་འཐེན་མར་འཐེན་བྱེད། འདྲེ་མོས་ཁྱོད་ལ་དགོ་བ་གན་མར་ལ་རྒྱོབ་ཟེར་ངེས་ཡིན། དེ་དུས་ཁྱོད་ཕྱིར་བུད་དེ་ང་ཞོན་ནས་བྲོས་དང་ཐར་ཐུབ་ཅེས་བཤད།

       དགོང་མོར་བུ་ཆུང་དང་འདྲེ་མོ་གཉིས་སྦྲའི་ནང་དུ་སྡོད་སྐབས་སུ། དགོ་བ་འོངས་ནས་ཆོན་ཐག་ཡར་འཐེན་མར་འཐེན་བྱས་པར། འདྲེ་རྒན་མ་ཁོང་ཁྲོ་ལངས་ནས་བུ་ཆུང་ལ་ཁྱོད་སོང་ནས་དགོ་བ་དེ་མར་ལ་རྒྱོབ་ཅེས་ཟེར།

       བུ་ཆུང་སྒོ་ཁར་སོང་སྟེ། དགོ་བར་བརྒྱག་ཁུལ་བྱས་ནས་དགོ་བ་ལ་ཞོན་ནས་བྲོས་སོང་། འདྲེ་མོས་ཅུང་ཙམ་ལ་སྒུག་པར་བུ་ཆུང་ཕྱིར་འོང་རྒྱུ་མེད་པ་མཐོང་ནས་སྒོ་ཁར་བུད་དེ་ལྟ་དུས། བུ་ཆུང་དགོ་བ་དེར་ཞོན་ནས་ཕར་རི་ངོས་ན་འབྲོ་བཞིན་ཡོད་པ་མཐོང་། མོས་ལག་སྐོར་ཆ་མ་ཕྲག་ཏུ་འཕངས་ཤིང་། རིང་འཛིན་ཞགས་ཐག་བཟུང་ནས་རྗེས་ལ་རྒྱུག དེད་ཀྱིན་དེད་ཀྱིན་རི་བོ་ཞིག་གི་མགོར་བུད་ནས་ཐུར་ལ་འབྲོ་སྐབས། འདྲེ་མོས་ལག་སྐོར་ཡ་གྱལ་དགོ་བའི་གཡས་སར་སྒྲིལ། ལག་སྐོར་གྱི་ཡ་གྱལ་དགོ་བའི་གཡོན་སར་སྒྲིལ་བ་ལ་དགོ་བོར་རྨས་ཕོག་ནས་འབྲོ་མ་ཐུབ་པར་བུ་ཆུང་དང་དགོ་བ་གཉིས་ཡང་འདྲེ་མོའི་ལག་ཏུ་ཤོར། འདྲེ་མོས་སྔོན་ལྟར་དུ་དེ་རིང་གི་དགོང་ཟས་དགོ་བ་བྱེད། དགོ་བ་ཟོས་ཚར་རྗེས་བུ་ཆུང་ཁྱོད་ཟ་དགོས་ཞེས་ཟེར།

        ཕྱི་ཉིན་སྔ་མོ། བུ་ཆུང་ཡང་སྔོན་ལྟར་དུ་རི་ཁར་བུད་ཤིང་འཐུ་བར་སོང་བ་ལ། འབྲོང་རུ་དམར་ཞིག་གིས་རྫ་རྩྭ་མངར་མོ་ཟ་ཞོར་རྫ་ཆུ་དྭངས་མོ་བཏུང་ནས་ཡོང་བཞིན་ཡོད་པར་ཐུག བུ་ཆུང་དེ་གཅིག་ངུས་གཅིག་བགད་པར། འབྲོང་རུ་དམར་དེས་ཅི་ཞིག་ཡིན་པ་དྲིས། བུ་ཆུང་གིས་སྔོན་དགོ་བ་ལ་བཤད་པ་ལྟར་བཤད་པས། འབྲོང་རུ་དམར་དེས་དེ་འདྲ་ཡིན་ན། འདྲེ་མོའི་ལག་སྐོར་གཉིས་བརྐུས་ནས་བྲོས་ན་མོ་རྗེས་མི་ཆོད་ཐག་ཆོད་ཡིན། ཁྱོད་ཀྱིས་ཆུ་ལེན་སྐབས་ང་ཐོན་འོངས་དང་མཉམ་དུ་བྲོས་འགྲོ་ཞེས་ཟེར། བུ་ཆུང་གིས་འབྲོང་རུ་དམར་གྱིས་བཤད་པ་དེ་བདེན་པ་རེད་བསམ་ནས་ཆུ་ལེན་དུ་འགྲོ་ཁར་འདྲེ་མོའི་ལག་སྐོར་བརྐུས་ནས་སོང་། དུས་དེར་འབྲོང་གིས་ཀྱང་ཆུ་འཐུང་ཁུལ་བྱས་ཏེ་ཆུ་ཁ་ནས་སྒུག་བསྡད། བུ་ཆུང་གིས་ཆུ་བཅུས་ཡོད་པའི་གྲོད་པུ་དེ་སར་བཞག་ནས་འབྲོང་ལ་ཞོན་ཞིང་ལག་སྐོར་ཁྱེར་ནས་བྲོས། འདྲེ་མོ་དེས་དོགས་ཟོན་བྱས་ཡོད་པས་འབྲོང་དང་བུ་ཆུང་གཉིས་བྲོས་མ་ཐག་ཏུ་རྗེས་ལ་རྒྱུག མོས་རིང་འཛིན་ཞགས་ཐག་ལག་ཏུ་བཟུང་ཞིང་། རྒྱུག་ཞོར་ལ་ཆུ་གྲོད་པུ་གང་བོ་བཟུང་ནས་བུ་ཆུང་འབྲོང་ཞོན་བདའ། རྗེས་ཆོད་ལ་ཡོད་སྐབས་བུ་ཆུང་གིས་ལག་སྐོར་གྱི་ཡ་གྱལ་སྒྲིལ། འདྲེ་མོས་ཨ་ཧོ། ངའི་ལག་སྐོར་ཟེར་ནས་ལག་སྐོར་གྱི་རྗེས་སུ་རྒྱུག་ཀྱང་ཐག་རིང་བོར་བྲོས། འདྲེ་མོས་རྗེས་ཟིན་ལ་ཡོད་དུས་ཡང་ལག་སྐོར་གྱི་ཡ་གྱལ་སྒྲིལ། འདྲེ་མོ་ལག་སྐོར་གྱི་རྗེས་སུ་རྒྱུག་ནས་ཕྱིར་ལ་འོང་དུས་སར་འགྱེལ་ནས་རྨས་བྱུང་ནའང་། མོས་གྲོད་པུ་ནང་གི་ཆུ་འཐུང་ནས་སྔོན་ལས་ལྷག་པར་མགྱོགས་པོར་རྒྱུགས་འོངས་ཤིང་རིང་འཛིན་ཞགས་ཐག་གཅིག་འཕངས་ནས་འབྲོང་དང་བུ་ཆུང་གཉིས་བཟུང་། དེ་ནས་འདྲེ་མོས་ཡང་བུ་ཆུང་ལ་དོ་དགོང་འབྲོང་རོ་བྲོ་ཁ་བྱེད། སང་ཉིན་ཁྱོད་ཁ་ཟས་བྱེད་ཟེར།

       དེ་ནས་བཟུང་བུ་ཆུང་རི་ཁར་བུད་ཤིང་འཐུ་རུ་འགྲོ་མི་འཇུག་པར་ཉིན་ཧྲིལ་བོར་འདྲེ་མོས་རིག་ས་ནས་འདུག་ཏུ་བཅུག བུ་ཆུང་ལ་ལས་ཀ་ཅི་ཡང་མེད་པས་འདྲེ་མོ་དེ་རྗེས་ཆོད་ནས་ཟིན་དོན་ཅི་ཡིན་ཞེས་བསམ་སྐབས་སུ་བ་ཁྲ་རིལ་ཆུང་དཀར་ཟེར་བ་ཞིག་ཡོད་པ་དེ་ཐོན་འོངས། བ་ཁྲ་རིལ་ཆུང་དཀར་གྱིས་བུ་ཆུང་ལ་ཁྱོད་འདི་འདྲའི་སྡུག་དོན་ཅི་ཡིན་ཟེར། བུ་ཆུང་གིས་སྔོན་གྱི་གནས་ཚུལ་ཚང་མ་གཅིག་གཅིག་གཉིས་གཉིས་བྱས་ནས་གསལ་བོར་བཤད་པར་བ་ཁྲ་རིལ་ཆུང་དཀར་གྱིས་ངས་ཁྱོད་ཀྱི་སྲོག་སྐྱོབ་རོགས་བྱེད་ཟེར། བུ་ཆུང་གིས་མིག་མཐར་མཆི་མ་འཁོར་ཏེ་བཀའ་དྲིན་མི་ཆུང་བ་ཞུས་ཏེ་བཤད་རྒྱུར། དགོ་བ་དང་འབྲོང་གཉིས་ཀྱིས་ཀྱང་ངའི་སྲོག་སྐྱོབ་པའི་ཆེད་དུ་རང་སྲོག་བཏང་བ་ཡིན། ཁྱེད་ཀྱི་སྲོག་ཀྱང་ཤོར་ཉེན་ཆེ་བས་དགོས་པ་མེད་ཅེས་ཟེར། ཡིན་ནའང་བ་ཁྲལ་རིལ་ཆུང་དཀར་གྱིས་འདྲེ་མོ་ལ་སྐྲག་དོན་མེད། ཁྱོད་ཀྱི་སྣེ་ཐོ་ཞིག་གི་ནང་དུ་ཤིག་གང་བཏུས། དེ་ནས་སྲོ་མ་སྣེ་ཐོ་གང་དང་སྐུད་པའི་གྲུ་གུ་དཀར་ནག་གཉིས་བཅས་གྲ་སྒྲིག་བྱོས་དང་སྔ་མོ་བྲོས་འགྲོ་ཞེས་ཟེར། བུ་ཆུང་གིས་མཐའ་མཇུག་གི་རེ་བ་བཟུང་ནས་བ་ཁྲ་རིལ་ཆུང་དཀར་གྱིས་བཤད་པའི་དངོས་པོ་རྣམས་གྲ་སྒྲིག་བཟང་བོ་བྱས་ཏེ་སྔ་མོ་ཡར་ལངས་ཏེ་ཆུ་ཁུར་དུ་སོང་། བ་ཁྲ་རིལ་ཆུང་དཀར་སྔོན་ནས་ཆུ་ཁར་ཐོན་ཡོད་ལ། བུ་ཆུང་ལག་གི་གྲོད་པུ་བླངས་ཤིང་བུ་ག་འགའ་ཕུག་རྗེས་ཁོ་གཉིས་བྲོས་སོང་།

       འདྲེ་རྒན་མ་ཡར་ལངས་ནས་ལྟ་དུས་བུ་ཆུང་ཡུལ་དེ་ནས་མེད་པས། མགྱོགས་པོར་གྲོད་པུ་བུ་ག་ཅན་ནང་དུ་ཆུ་གང་བཅུས་ནས་ཁུར་ཏེ་ལག་ལ་རིང་འཛིན་ཞགས་ཐག་བཟུང་ནས་རྒྱུག ཡུན་རིང་བོར་རྒྱུག་དུས་ད་གཟོད་བུ་ཆུང་དང་བ་ཁྲ་རིལ་ཆུང་དཀར་གཉིས་ཀ་མཐོང་། མོ་ཁོང་ཁྲོའི་ཡ་མཆེ་ཡར་ལ་ཟུག་ཏུ་བཅུག་པ་དང་མ་མཆེ་མར་ལ་ཟུག་ཏུ་བཅུག་ནས་རྒྱབ་ཀྱི་ཆུ་འཐུང་རྗེས་སུ་འཛིན་དགོས་བསམ་སྟེ་གྲོད་པུ་བླངས་ནས་ལྟ་དུས། གྲོད་པུའི་ནང་དུ་ཆུ་ཁམ་གང་ཡང་མེད་པས་རྒྱུག་མི་ཐུབ་པར་གྱུར། སྐབས་དེར། བ་ཁྲ་རིལ་ཆུང་དཀར་གྱིས་བུ་ཆུང་ལ་ཁྱོད་ཀྱིས་མགྱོགས་པོར་ང་བཤས་ཤིང་ཁྲག་ནང་དུ་ཤིག་སྲོ་མ་བླུག་ནས། ཤིག་ནག་སྒོ་ཁའི་ནོར་ནག་ཏུ་གྱུར། སྲོ་མ་སྒོ་ཁའི་གཡང་དཀར་དུ་གྱུར། མཁལ་མ་བུ་དང་བུ་མོར་གྱུར། གྲུ་གུ་སྟག་ཁྱི་གཟིག་ཁྱིར་གྱུར། རུས་བཞི་ལྕགས་མཁར་ཁང་བར་གྱུར་ཞེས་སྨོན་ལམ་ཐོབ་དང་དེ་ལྟར་འགྱུར་སྲིད་པས། དེ་ནས་མགྱོགས་པོར་སྟག་ཁྱི་གཟིག་ཁྱི་མངགས་ནས་འདྲེ་མོ་ཟ་རུ་ཆུག་ཅེས་ཟེར།

       བུ་ཆུང་གིས་རང་འདྲེ་མོའི་ལག་ཏུ་ཤོར་ཡང་དེ་ལྟར་བྱེད་མི་འོས། ཁྱེད་རང་བྲོས་དང་འདྲེ་མོ་ངས་འདུལ་ཐབས་བྱེད་ཟེར་བ་ལ། བ་ཁྲ་རིལ་ཆུང་དཀར་གྱིས་ཁྱོད་ལ་འདུལ་བའི་ནུས་པ་མེད་སྟབས་དགོ་བ་དང་འབྲོང་གི་སྲོག་ཤོར་བ་རེད། ད་ལྟ་མགྱོགས་པོར་ངས་བཤད་པ་ལྟར་སྒྲུབས་ཟེར་ནས་རང་མགོ་བྲག་རྡོ་ལ་བརྒྱབ་སྟེ་རང་མེད་བྱས།

       བུ་ཆུང་གིས་མིག་ཆུ་བཞུར་ཞོར་དུ་བ་ཁྲ་རིལ་ཆུང་དཀར་གྱིས་བཤད་པ་ལྟར་དུ་བ་ཁྲ་རིལ་ཆུང་དཀར་གྱི་ཁྲག་གི་ནང་དུ་ཤིག་དང་སྲོ་མོ་བསྲེས་ནས་ཤིག་ནག་སྒོ་ཁའི་ནོར་ནག་ཏུ་གྱུར་ཟེར་བས། ཁོའི་མིག་མདུན་དུ་ནོར་ནག་མང་བོས་བཀང་། སྲོ་མ་གཡང་དཀར་ལུག་ཏུ་གྱུར་ཟེར་བ་ལ་ལུག་ཏུ་གྱུར། མཁལ་མ་བུ་དང་བུ་མོར་གྱུར་ཟེར་བར་བུ་དང་བུ་མོར་གྱུར། དེ་ལྟར་ཚང་མ་བཤད་ཚར་རྗེས་རེ་རེ་བཞིན་སྨོན་ལམ་བཏབ་པ་ལྟར་དུ་གྱུར། དེ་ནས་མགྱོགས་པོར་སྟག་ཁྱི་གཟིག་ཁྱི་བཏང་ནས་འཕག་འགུལ་མ་ཐུབ་པའི་འདྲེ་མོ་ཟ་རུ་བཅུག་པས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏོ། །


མཉམ་སྤྱོད།