མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

འབྲུག་ཁུར་ནོར་བུ་རྒྱལ་མཚན།

2022-11-16 22:23:10   |   242

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


         གནའ་སྔ་མོ་ཞིག་ལ། ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད། ཁོང་ཚང་གི་རུ་འདབས་ན་ཨ་མ་རྒན་མོ་མ་བུ་གཉིས་ཡོད་པར་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་ཅི་ཡང་མེད་པར་རྒྱལ་བོ་ཚང་ལ་གཡོག་བྱས་ནས་འཚོ་བ་རོལ་བཞིན་ཡོད། བུ་ཆུང་དེས་ཆུང་དུས་ནས་གོ་ཚོད་ལ་ལམ་ཐག་ཤིན་ཏུ་རིང་བའི་ས་ཆ་ཞིག་ན་བླ་མ་ཆེན་པོ་ཞིག་བཞུགས་ཡོད་པའི་སྐུ་མདུན་ལ་སོང་ནས་རང་གི་རྒྱུ་མཚན་ཡོད་ཚད་ཞུས་པ་ན། བླ་མ་རིན་པོ་ཆེ་དེས་རང་ལ་ཅི་མཁོ་དེ་ཡོད་པའི་ཁུག་མ་ཞིག་གནང་ངེས་ཡིན་ཟེར་བ་ཐོས་མྱོང་བས། དུས་རྒྱུན་དུ་རང་ལ་ཟས་གོས་མེད་ཚུལ་ཞུ་རུ་འགྲོ་དགོས་བསམ།

        ཉིན་ཞིག རྒྱལ་བོ་ཚང་གིས་གཡོག་མོའི་བུ་དེ་བླ་མའི་སྐུ་མདུན་དུ་འགྲོ་འདོད་པ་ཤེས་ནས་བུ་ཆུང་ཡོད་པའི་སར་སོང་སྟེ་ཁྱོད་བླ་མ་ཡོད་སར་འགྲོ་ན་ངེད་ཚང་གི་བུ་མོ་ལྐུགས་འདུག་པ་དེ་ལ་ཅི་བྱས་ན་དགའ་ཟེར་ནས་དྲིས་ནས་ཤོག་ཅེས་ཟེར།

        གཡོག་མོའི་བུ་ཆུང་ལམ་ལ་ཆས་ནས་ཐག་རིང་བོར་སོང་བ་ལ་དགོན་པ་ཆེན་པོ་ཞིག་བཞེངས་ཀྱིན་ཡོད་པ་གཏན་ནས་བཞེངས་མ་ཐུབ་པར་བསྡད་འདུག་པ་ལ་ཐུག ལག་ཤེས་པ་ཞིག་གིས་བུ་ཆུང་ལ་ཁྱོད་གང་ལ་འགྲོ་རྒྱུ་ཡིན་ཞེས་འདྲི་དུས་བུ་ཆུང་གིས་ང་བླ་མ་ལ་འདི་འདྲའི་དབུལ་ཕོངས་ཡིན་དོན་ཅི་ཡིན་པ་དང་ཇི་ལྟར་བྱས་ན་དབུལ་ཕོངས་ནས་ཐར་ཐུབ་པ་ཞུ་རུ་འགྲོ་རྒྱུ་ཡིན་ཞེས་བཤད། ལག་ཤེས་པ་དེ་དགའ་སྤྲོ་ཚད་མེད་སྐྱེས་ནས། དེ་ན་བཟང་བོ་འདུག ང་ཚོའི་དགོན་པ་ཡར་བཞེངས་ན་མར་ལ་ལོག་འགྲོ་བས། དེའི་རྒྱུ་མཚན་ཁྱེད་ཀྱིས་བླ་མ་དེར་དྲིས་ནས་འོངས་རྒྱུར་བཀའ་དྲིན་མི་ཆུང་བ་ཞུ་ཟེར་ནས་ཡང་ཡང་བཤད་པར་བུ་ཆུང་འཐད་པ་བྱུང་ནས་སེམས་སུ་དམ་པོར་བཟུང་ནས་སོང་།

        ཁོས་ཉིན་ལ་མཚན་མཐུད་དེ་སོང་བའི་མཐར་མཚོ་ཆེན་པོ་ཞིག་གིས་འགྲོ་ལམ་བཀག་ནས་འགྲོ་མི་ཐུབ་པ་དང་མཚོ་དེའི་ཁ་ནས་འབྲུག་ཅིག་འཕུར་མ་ཐུབ་པར་འདུག་ཡོད་པ་མཐོང་། བུ་ཆུང་དང་འཕུར་རྒྱུ་མེད་པའི་འབྲུག་གཉིས་ཀྱིས་རང་རང་གི་སྡུག་བསྔལ་ཕན་ཚུན་ལ་མང་བོར་གླེང་བ་ན། འབྲུག་ན་རེ“ང་དགུང་སྔོན་པོ་གནམ་ལ་འཕུར་རྒྱུ་མེད་པ་ལས། ཁྱོད་རྒྱ་མཚོའི་ཕར་ལ་སྐྱེལ་རྒྱུའི་ཐབས་བཀོད་ང་ཡོད”ཅེས་བུ་ཆུང་ལ་བཤད། བུ་ཆུང་གིས་གཏམ་དེ་ཐོས་མ་ཐག་ཏུ་དགའ་སྤྲོ་རབ་ཏུ་སྐྱེས་ནས“ཁྱོད་ཀྱིས་ང་མཚོའི་ཕར་ཕུད་ཐབས་ཡོད་ན། ཁྱོད་འཕུར་མི་ཐུབ་པའི་རྒྱུ་མཚན་ག་འདྲ་ཡིན་པ་དེ་ངས་བླ་མ་ལ་ཞུས་ན་ཆོག”ཅེས་བཤད་པར་འབྲུག་ཆུང་གིས་བུ་ཆུང་རྒྱ་མཚོའི་ཕར་ཕུད་ཐབས་བྱས་པ་དང་། བུ་ཆུང་གིས་ཀྱང་བླ་མ་ཡོད་སར་ཐོན་དུས་འབྲུག་ཆུང་འཕུར་མི་ཐུབ་པའི་རྒྱུ་མཚན་ག་འདྲ་ཡིན་པ་དེ་བླ་མ་ལ་ཞུ་རྒྱུ་བྱས།

        དེར་བུ་ཆུང་གིས་ཉིན་དཀར་གྱི་ཟས་དང་མཚན་མོའི་གཉིད་བཅག་ནས་བླ་མ་རི་ཁྲོད་པའི་སྐུ་མདུན་ལ་སླེབས་པར་བླ་མའི་ཚིག་གཅིག་ཀྱང་མི་གསུངས་པར་བུ་ཆུང་བྲག་ཁུང་གི་སྒོ་ཁ་ནས་ཉིན་དགུ་དང་ཞག་དགུ་ལ་བསྒུགས་རྗེས། བླ་མ་དེས་བུ་ཆུང་འདིས་རང་ལ་སེམས་གཏིང་ནས་དད་པ་བྱེད་བཞིན་འདུག་པས། རང་གིས་ཁོ་ལ་ཆོས་མི་གསུངས་པའི་རྒྱུ་མཚན་མེད་དགོངས་ནས་བུ་ཆུང་ལ“ང་ནི་དབེན་ས་བ་ཞིག་ཡིན་པས། བདག་ལ་ཁྱོད་ཀྱི་ཚིག་མང་བོར་ཉན་ནས་འདུག་ཁོམ་མེད་སྟབས། ཁྱོད་ཀྱིས་ཚིག་གསུམ་ཁོ་ན་ལས་བཤད་མི་ཆོག”ཅེས་གསུངས།

        བུ་ཆུང་གིས་བསམ་བློ་ཞིག་བཏང་བ་ལ། རང་གི་ལས་དོན་དེ་ཕར་ཞོག རང་དཀའ་ངལ་ལ་ཐུག་ཡོད་པའི་སྐབས་སུ་གཞན་པས་རང་ལ་རོགས་སྐྱོར་གནང་བས། ཐོག་མར་གཞན་པའི་སྐད་སྐུར་བ་དེ་ཞུ་དགོས་བསམ་ནས། “བླ་མ་རིན་པོ་ཆེ་ལགས། ང་ཡུལ་ནས་འོང་བའི་ལམ་སྐེད་ནས་རྒྱལ་བོ་ཚང་ལ་ཟས་སློང་དུ་སོང་བ་ལ་ཁོ་ཚང་གི་སྲས་མོའི་ངག་ཆད་སོང་བས་ཕོ་བྲང་གི་ཕྱོགས་ཚང་མ་ཟང་ཟིང་དུ་གྱུར་ནས་བདེ་འཇགས་འོང་གིན་མེད་པས། རྒྱལ་བོའི་བུ་མོ་དེའི་ངག་ཕྱིར་ལ་འོང་ཐབས་སུ་ཅིས་དགའ་བ་དང་གཅིག ཡང་ལམ་སྐེད་ནས་དགོན་པ་ཞིག་བཞེངས་འདུག་པ་མཐོང་མོད། འོན་ཀྱང་རྒྱུ་རྐྱེན་ག་འདྲ་ཡོད་པ་མི་ཤེས་ལ། དགོན་པའི་ཚོགས་ཁང་སོགས་ཡར་ལ་བཞེངས་ན་མར་ལ་ལོག་འགྲོ་བས། དགོན་པ་བཞེངས་མཁན་གྱི་ལག་ཤེས་པས་ང་ལ་དེ་ཇི་ལྟར་བྱས་ན་བཞེངས་ཐུབ་པ་དང་གཉིས། དེ་ནས་གནས་འདི་དང་ཐག་མི་རིང་བའི་མཚོ་ཁ་ནས་འབྲུག་ཅིག་འཕུར་མ་ཐུབ་པར་ཡོད་པས། འབྲུག་ཆུང་གིས་རོགས་བྱས་ནས་ང་མཚོ་དེའི་ཕར་བསྐྱལ་བ་ཡིན་སྟབས། འབྲུག་དེ་ཇི་ལྟར་བྱས་ན་འཕུར་ཐུབ་པ་དང་གསུམ་བཅས་སོ་ཟེར་ནས་གཞན་དོན་དེ་ལྟར་ཞུ་ཐུབ་སོང་མོད། འོན་ཀྱང་རང་དོན་དུ་དཀའ་ལས་ལ་མ་འཛེམ་པར་ས་ཐག་འདི་འདྲ་རིང་བོར་འོངས་པ་ལ་ཚིག་གཅིག་ཀྱང་ཞུ་མ་ཐུབ། ཡིན་ནའང་གཞན་དོན་འགྲུབ་སོང་བ་དེས་ཁོ་རང་དགའ་སྤྲོ་སྐྱེས་ཏེ་བླ་མའི་ཅི་གསུང་ལ་ཉན་ནས་བསྡད།

         བླ་མས་འདང་ཅུང་ཙམ་བརྒྱབ་ནས། རྒྱལ་བོ་ཚང་གི་སྲས་མོའི་ངག་ཆད་ཡོད་པ་དེར་འབྲུག་ཁུར་ནོར་བུ་རྒྱལ་མཚན་ཞེས་པའི་བུ་ཆུང་དེའི་ཆུང་མར་བྱིན་ན་ངག་ཕྱིར་ཐོན་འོངས་དང་གཅིག དགོན་པ་དེའི་མདུན་ཕྱོགས་ནས་ཕ་བོང་ཆེན་པོ་ཞིག་ཡོད་པའི་འོག་ན་དགོན་པ་སྔ་དར་སྐབས་ཀྱི་གདུགས་གཅིག་དང་རྒྱལ་མཚན་ཞིག་ཡོད་པས། ཕ་བོང་བསློག་ནས་གདུགས་དགོན་པས་བྱས་ཚེ་དགོན་པ་དེ་ཆགས་ཐུབ་པ་དང་གཉིས། འབྲུག་དེར་རིན་ཐང་བྲལ་བའི་ནོར་བུ་གཉིས་ཡོད་པའི་གཅིག་ཁྱོད་ཀྱིས་ཁྱེར་སོང་ན་འབྲུག་དེ་འཕུར་ཐུབ་པ་དང་གསུམ་མོ།

        བླ་མས་ཚིག་གསུམ་པོའི་ལན་གསུང་རྗེས་ཡང་སྒོམ་བརྒྱབ་པར་བུ་ཆུང་ཕྱིར་མི་འོངས་ཐབས་མེད་བྱུང་། ཐོག་མར་ཁོ་འབྲུག་ཆུང་དེར་འཕྲད་པར། འབྲུག་ཆུང་གིས་བླ་མས་ཅི་གསུང་བ་ཡིན་ཞེས་དྲིས། བུ་ཆུང་གིས་བླ་མའི་གསུང་ལྟར་དུ་ཆད་ལྷག་མེད་པར་བཤད་པས། འབྲུག་ཆུང་གིས་ཁ་གདངས་ནས་རང་གི་ཁ་ནང་ན་ཡོད་པའི་ནོར་བུ་གཅིག་བུ་ཆུང་ལ་བྱིན་མ་ཐག་འབྲུག་འཕུར་ཐུབ་པར་གྱུར།

        དེ་རྗེས་དགོན་པ་ཡོད་སར་ཐོན་པས། ལག་རྩལ་པས་བླ་མས་ཅི་གསུང་བ་ཡིན་ཞེས་འདྲི་དུས་བུ་ཆུང་གིས་ཀྱང་སྔོན་ལྟར་ཆད་ལྷག་མེད་པར་བཤད་པ་ལ། ལག་རྩལ་པ་དེས་མི་མངགས་ནས་དགོན་པ་དེའི་མདུན་ཕྱོགས་ཀྱི་ཕ་བོང་བསློག་ཏུ་བཅུག་པ་དང་། གདུགས་དང་རྒྱལ་མཚན་ཞིག་ཁྱེར་འོངས་ནས་བུ་ཆུང་ལ་འབུལ་བར་བུ་ཆུང་གིས་གདུགས་དགོན་པ་རང་གི་བྱས་ན་ལེགས་ཞེས་གསུངས་ཡོད་པས། ཁྱེད་ཚོས་བྱོས་ཟེར་ནས་རྒྱལ་མཚན་བཟུང་སྟེ་ལམ་ལ་ཆས།

         ཉིན་མང་བོར་སོང་བ་ལ་ཕྱིར་རྒྱལ་བོ་ཚང་ལ་ཐོན། རྒྱལ་བོ་ཚང་གིས་སྟོན་མོ་ཆེན་པོ་བསྒྲིགས་ཏེ་བུ་ཆུང་སྣེ་ལེན་བྱས་པ་དང་། བླ་མས་ཅི་འདྲ་གསུང་བ་དང་ག་འདྲ་བརྗོད་པ་ཡིན་ཞེས་དྲིས་པ་ལ། བླ་མས་ཁྱེད་ཚང་གི་སྲས་མོ་འབྲུག་ཁུར་ནོར་བུ་རྒྱལ་མཚན་ཞེས་པའི་བུ་ཆུང་ཞིག་ཡོད་པ་ལ་བཙུན་མོར་བྱིན་ན་ནད་སངས་དྲག་ཏུ་གྱུར་འགྲོ་ཞེས་གསུངས་པ་ཡིན་ཟེར།

       རྒྱལ་བོ་ཚང་གིས་སྲས་མོའི་ནད་དྲག་པའི་ཆེད་དུ་ཕྱོགས་བཞིར་བརྡ་བརྒྱབ་ནས་འབྲུག་ཁུར་ནོར་བུ་རྒྱལ་མཚན་ཞེས་པའི་སྐྱེས་བུ་ཞིག་ཨེ་ཡོད་ལ་བལྟས་ཀྱང་། ས་དེ་ན་འབྲུག་ཁུར་ནོར་བུ་རྒྱལ་མཚན་ཟེར་བ་ཞིག་གཏན་ནས་མ་རྙེད།

       དེ་ནས་རྒྱལ་བོ་ཁོང་ཁྲོ་ཆེན་པོ་ལངས་ནས་སྤྲང་ཕྲུག་འདིས་རྒྱལ་བོ་ལ་མགོ་སྐོར་བཏང་བ་ཡིན་པས་ཆད་པ་དྲག་པོ་གཅོད་དགོས་ཞེས་རྗོད་སྐབས། རྒྱལ་བོ་དེའི་བློན་ཆེན་གྱིས་རྒྱལ་བོ་ལ་རྒྱལ་བོ་རིན་པོ་ཆེ་ལགས། གཡོག་མོའི་བུ་འདི་ལ་ཆད་པ་མ་བཅད་པའི་སྔོན་ལ་ཚིག་འགའ་འདྲི་རྒྱུ་ཡོད་པས། ཚིག་དེ་དག་དྲིས་རྗེས་ཆད་པ་བཅད་ན་ཨེ་ཆོག་ལགས་ཞེས་ཞུ་བ་བྱས། རྒྱལ་བོ་འཐད་པ་བྱུང་བར་བློན་ཆེན་གྱིས་བུ་ཆུང་ལ། ཕར་འགྲོ་དུས་ཇི་ལྟར་སོང་བ་ཡིན། ཕྱིར་འོང་དུས་ཇི་ལྟར་འོངས་པ་ཡིན་ཞེས་དྲིས་པ་ལ། བུ་ཆུང་གིས་ང་ཕར་ལ་འགྲོ་དུས་འབྲུག་ཅིག་གི་ཁུར་ནས་སོང་བ་ཡིན་ཞེས་ལན་བཏབ། དེ་ན་རྒྱལ་མཚན་དེ་ལག་ཏུ་ཇི་ལྟར་འོངས་པ་ཡིན་འདྲི་དུས་དགོན་པས་བྱིན་ཚུལ་བཤད། འོ་ན་ཁྱོད་ལ་ནོར་བུ་ཞིག་ཡོད་དམ་ཞེས་དྲིས་དུས་ནོར་བུ་ཡོད་ཚུལ་ཞིབ་མོར་བཤད་རྗེས། རྒྱལ་བློན་རྣམས་ཀྱིས་ཕྱོགས་ཡོངས་ནས་ཞིབ་འཇུག་བྱས་མཐར་བླ་མས་བཤད་པའི་བུ་ཆུང་འབྲུག་ཁུར་ནོར་བུ་རྒྱལ་མཚན་ནི་བུ་ཆུང་གཡོག་མོའི་བུ་དེ་སྟོན་གྱིན་ཡོད་པ་ཤེས་ནས། རྒྱལ་བོ་ཚང་གི་མག་པར་འདེམས་པ་ལ་རྒྱལ་བོའི་སྲས་མོའི་ངག་ཀྱང་ཕྱིར་འོང་བས་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏོ། །


མཉམ་སྤྱོད།