མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས21ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྐུན་མ་ནག་རིལ།

2022-11-16 22:22:38   |   219

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


          གནའ་དང་པོར་རྒད་པོ་དབུལ་བོ་ཞིག་ལ་བུ་གསུམ་ཡོད་པ་དེ་དག་འཕྲོ་རིམ་འཕྲོར་ལོ་བཅོ་ལྔ་ཉི་ཤུར་སོན་པ་ན། ཉིན་ཞིག་ལ་ཨ་ཕས“ད་ཁྱོད་ཚོ་ནར་སོན་པས་ས་གཞན་དུ་ལག་རྩལ་བསླབ་ཏུ་སོང་ན་ལེགས”ཞེས་བཤད་པས། བུ་གསུམ་པོས་ཀྱང་བདེན་པར་སྙམ་སྟེ་སོང་ནས་གསུམ་ཚིགས་ཤིག་ལ་ཐོན་ཚེ། བུ་ཆེ་བས། “དེ་རིང་ནས་བཟུང་འུ་གསུམ་པོ་ལམ་འདི་གསུམ་པོའི་ནང་དུ་རང་རང་སར་ལག་རྩལ་བསླབ་ཏུ་འགྲོ། ལོ་གསུམ་རྗེས་ཀྱི་ཉིན་འདིར་ཚང་མ་ས་འདིར་ཐུག་པར་བྱེད”ཅེས་བཤད་པས། ཆུང་བ་གཉིས་ཀྱང་འཐད་པ་བྱུང་ཞིང་། འགྲོ་ཁར་དྲན་རྟེན་དུ་རང་རང་གི་ལམ་མགོ་ནས་སྡོང་བོ་རེ་བཙུགས་ཏེ་སོང་།

         ལོ་གསུམ་གྱི་རྗེས་སུ། བུ་ཆེ་བ་དང་འབྲིང་བ་གཉིས་ཕྱིར་ཡོང་ནས་ས་དེ་རུ་ངོ་ཐུག བུ་ཆུང་བ་མ་ཐོན་པས་སོང་སྟེ་སྡོང་བོ་ལ་ལྟ་དུས་སྡོང་བོ་བསྐམས་ནས་ཁྲུ་གང་ཡང་སྐྱེས་མེད་ཕྱིར། ཁོ་གཉིས་ཀྱི་སེམས་སུ“ཡ། ནུ་བོ་ལ་དགྲ་ཞིག་བྱུང་བ་ཁོ་ཐག་རེད”སྙམ་ནས་ནུ་བོ་འགྲོ་སའི་ལམ་ལ་ཞུགས་ནས་འཚོལ་དུ་སོང་། ཁོ་གཉིས་འགྲོ་ཞོར་དུ་རྩད་གཅོད་བྱས་པ་ན་བུ་ཆུང་བའི་རྐུ་རྐྱང་རྐྱང་བྱས་ནས་མིང་ལ་རྐུན་མ་ནག་རིལ་ཐོགས་འདུག་པ་ཤེས་ཤིང་། ཁོ་གཉིས་སོང་སོང་མཐར། བུ་ཆུང་བ་རྙེད་དེ་གསུམ་པོ་ཡུལ་ལ་ལོག་པ་ན། ཨ་ཕས། “ཡ། བུ་ཆེ་བ་ཁྱོད་ཀྱིས་ལོ་གསུམ་གྱི་ནང་དུ་ལག་རྩལ་ཅི་ཞིག་སྦྱངས་པ་ཡིན”ཞེས་དྲིས་པར། བུ་ཆེ་བས“ངས་ཤིང་བཟོ་བསླབས་པ་ཡིན”ཞེས་ཟེར། ཨ་ཕས“དེ་ཧ་ཅང་བཟང་། རང་ལ་ཁང་བ་བཟོ་ཆོག་པར་མ་ཟད། ད་དུང་གཞན་ལའང་ཁང་བ་བཟོས་ནས་རྒྱུ་ནོར་མང་བོ་བཙལ་ཆོག་པ་རེད”ཅེས་བསྟོད་པ་ཡང་ཡང་བྱས་མཐར། བུ་འབྲིང་བ་ལ་དྲིས་པས་བུ་འབྲིང་བ་ན་རེ“ང་སོང་ནས་ལྷ་བཟོ་སྦྱངས་པ་ཡིན”ཞེས་ཟེར། ཨ་ཕ་ལྷག་ཏུ་དགའ་ནས“དེ་ཧ་ཅང་བཟང་། རྗེས་ཕྱོགས་འུ་ཚང་ཕྱུག་ཐོག་ཏུ་རྒྱག་པའི་གཞི་མ་རེད”ཅེས་ཟེར་ཞིང་སྨ་ར་ཡང་ཡང་བྱུག་བཞིན་བུ་ཆུང་བ་ལ“ཁྱོད་ཀྱིས་ཅི་ཞིག་སྦྱངས་པ་ཡིན”ཞེས་དྲིས་པ་ན། བུ་ཆུང་བས་ཐེ་ཚོམ་མེད་པའི་སྒོ་ནས“ང་སོང་ནས་རྐུ་བྱེད་རྒྱུ་སྦྱངས་པ་ཡིན”ཟེར་བར། ཨ་ཕ་ཁོང་ཁྲོ་ལངས་ཏེ“འུ་ཚང་ལ་རྒྱུ་ཅི་ཡང་མེད་པའི་ཁར་ཁྱོད་ཀྱིས་རྐུ་བྱས་ནས་གྱོད་ལ་གཏུག་རྒྱུ་རེད”ཅེས་སྡིགས་མོ་བྱེད་ཞོར་དུ་བུ་ཆུང་བ་དེ་རྒྱལ་བོའི་མདུན་དུ་ཁྲིད་ནས་ན་རེ། “ངའི་བུ་འདི་ལག་རྩལ་བསླབ་ཏུ་སོང་ནས་རྐུ་བྱེད་རྒྱུ་སྦྱངས་པ་རེད། ད་ངས་ཁྱེད་ལ་འབུལ་བ་ཡིན”ཞེས་ཟེར་ནས་རྒྱལ་བོ་ལ་སྤྲད།

        དེ་ནས་རྒྱལ་བོས་བུ་དེ་ལ། “ཁྱོད་རྐུ་བྱས་ནས་མིང་གྲགས་ཆེ་བ་ཞིག་ཡིན་ནམ”ཞེས་དྲིས། བུ་དེ་ཁོང་དགོད་ཅིག་བྱས་ནས་ན་རེ། “རྒྱལ་བོ་ལགས། མིང་གྲགས་ཆེ་མིན་བཤད་དགོས་པ་ཞིག་མ་རེད། རྐུན་མ་ནག་རིལ་ཟེར་བའི་མིང་དེ་ཁྱོད་ཀྱིས་མ་ཐོས་སམ”ཞེས་ཟེར་བས། རྒྱལ་བོ་ཧ་ཅང་དགའ་ཞིང་སེམས་སུ་ངས་འདི་ལ་ཚོད་ལྟ་ཞིག་བྱེད་དགོས་སྙམ་སྟེ། “ཡ། ཁྱོད་དེ་འདྲའི་ངར་བ་ཞིག་ཡིན་ན་ཁྱོད་ཀྱིས་དོ་དགོང་ངའི་ཆིབས་རྟ་རྐུས། གལ་ཏེ་བརྐུ་མ་ཐུབ་ཚེ་ཁྱོད་ལ་སྲོག་གི་ཆད་པ་ཡོད། བརྐུ་ཐུབ་ཚེ་རྗེས་སུ་ཁྱོད་ཀྱི་རྐུ་ཇི་ལྟར་བྱས་ཀྱང་ཁྲིམས་མི་གཅོད”ཅེས་བཤད་ཅིང་ཡི་གེར་བྲིས།

        ཉིན་དེའི་དགོང་མོར་རྒྱལ་བོས་སྒོའི་གཡས་གཡོན་དུ་སྟག་ཁྱི་གཟིག་ཁྱི་གཉིས་བཏགས། རྟ་ཐོག་ཏུ་མི་གཉིས་ཞོན་དུ་བཅུག་པར་མ་ཟད་མཁར་ཐོག་ཏུ་མི་བདུན་དང་ཐང་དུ་མི་བདུན། ད་དུང་གྲྭ་བ་བདུན་ཞུས་ཡོང་ནས། ཚ་ཐབ་ཐོག་ཏུ་བཞུགས་སུ་བཅུག་རྗེས་སེམས་བདེ་མོའི་ངང་དགུ་ཐོག་གི་རྩེར་སོང་ནས་གཉིད་དུ་ཡུར། སྲུང་མི་ཚང་མས་ནམ་གང་བོར་བློ་རིག་བསྒྲིམས་ནས་བལྟས་བསྡད་པས། ནམ་ལངས་ལ་ཉེ་དུས་ཚང་མ་གཏི་མུག་གི་དབང་དུ་གྱུར། རྐུན་མ་ནག་རིལ་གྱིས་གོ་སྐབས་དེ་དང་བསྟུན་ནས་སྟག་ཁྱི་གཟིག་ཁྱི་གཉིས་ཀྱི་མགོར་བ་མ་བསྐོན། རྟ་ཐོག་གི་མི་གཉིས་གྱང་ཁར་བསྐྱོན། ཁང་ཐོག་གི་མི་བདུན་པོ་ཐང་ལ་བཞག ཐང་གི་མི་བདུན་པོ་ཁང་ཐོག་ཏུ་བཞག ལུག་རའི་ནང་གི་ལུག་གཉིས་བཤས་ཏེ་བཙོ་ལུད་ཚང་མ་གྲྭ་བ་བདུན་པའི་མདུན་དུ་བླུགས་རྗེས་ཆིབས་རྟ་ཁྲིད་དེ་སྒོའི་ཕྱི་ལ་སོང་ནས་ཁ་ཕྱིར་འཁོར་ཏེ་འུར་བརྒྱབ་པ་ན། རྒྱལ་བོ་དང་དྲུང་མི་ཡོད་ཚད་སད་དེ་རྟ་ཐོག་གི་མི་གཉིས་པོ་ད་དུང་རྟ་ཐོག་ཏུ་ཞོན་ཡོད་པར་སྙམ་ནས་ཡོབ་རྡུང་བྱས། ཁང་ཐོག་གི་མི་བདུན་པོ་ད་དུང་ཁང་ཐོག་ཏུ་ཡོད་བསམ་ནས་གོག་སྟེ་སོང་། ཐང་གི་མི་བདུན་པོ་ཁང་ཐོག་ཏུ་ཡོད་པ་མ་ཤེས་པར་བརྒྱུགས་ནས་སོང་བས་ཚང་མ་སར་ལྷུང་ནས་འགུལ་རྒྱུ་མེད་པར་གྱུར། གྲྭ་བ་བདུན་པོས་བཙོ་ལུད་དེ་མཐོང་ནས་གཅིག་གིས་ཁྱོད་རྙིང་བ་རེད་ཟེར། ཡང་གཅིག་གིས་ཁྱོད་རྙིང་བ་རེད་ཅེས་རྩོད་པ་དང་རྡུང་རེས་བྱས་ནས་བསྡད། སྟག་ཁྱི་གཟིག་ཁྱི་གཉིས་ཀྱིས་བ་མའི་ངོ་ལྡག་ནས་བསྡད་པས། རྐུན་པ་ནག་རིལ་གྱིས་ཆིབས་རྟ་ཁྲིད་ནས་ཤོར་སོང་བ་རེད།

         དེ་ནས་རྒྱལ་བོས་རྐུན་མ་ནག་རིལ་ལ་ཁས་བླངས་ཤིང“ད་ནས་བཟུང་ཁྱོད་ཀྱི་རྐུ་ཇི་ལྟར་བྱས་ཀྱང་ཁྲིམས་ལ་མི་སྦྱོར། ཡིན་ནའང་ཁྱོད་ཀྱིས་ང་ལ་རོགས་ཤིག་བྱེད་རྒྱུ་ཡོད། རྒྱལ་ཁབ་ག་གེ་མོ་ཞིག་གི་རྒྱལ་བོར་གཞན་ལ་མེད་པའི་ཡིད་བཞིན་ནོར་བུ་ཞིག་ཡོད། འུ་གཉིས་ཀ་དེ་བརྐུ་རུ་སོང་ན་ཅི་འདྲ་རེད”ཅེས་དྲིས་པས། རྐུན་མ་ནག་རིལ་ལ་འདང་རྒྱག་སྤུ་ཙམ་ཡང་མེད་པར་ཁས་བླངས་ཏེ། རྒྱལ་བོ་ལ་སློག་རྒན་ཞིག་དང་ལྷམ་རྒན་ཞིག་གོན་དུ་བཅུག རང་གི་བཀོད་བདེ་ཞིག་གོན་རྗེས་ལམ་དུ་ཆས།

         ཉིན་དེའི་དགོང་མོར། ཁོང་གཉིས་རྐང་འཇབ་ལག་འཇབ་བྱས་ནས་མཛོད་ཁང་ནང་དུ་འཛུལ་ནས་ཡིད་བཞིན་ནོར་བུ་དེ་འཚོལ་སྐབས་རྐུན་མ་ནག་རིལ་གྱིས་དེར་ཆང་ཡོད་པ་མཐོང་ནས“ཨ་ཁུ་རྒྱལ་བོ་ལགས། འུ་གཉིས་ཀྱིས་ཆང་ཅུང་ཙམ་ཞིག་འཐུང་ནས་བསྡད་ན་ཅི་འདྲ་རེད”ཅེས་ཟེར། རྒྱལ་བོ་སྐྲག་སྟེ་འཐུང་དུ་མ་བཅུག་ནའང་རྐུན་མ་ནག་རིལ་གྱིས་བཙན་པོ་བྱས་ནས་འཐུང་སྟེ་བཟི་ཞིང་། སྐད་གསེང་མཐོན་པོས་གླུ་བླངས་པ་ན་ཕོ་བྲང་གི་མི་ཚང་མས་ཐོས་ནས“རྐུན་མ”ཟེར་བཞིན་འུར་བརྒྱབ་སྟེ་བརྒྱུགས་ཡོང་། རྐུན་མ་ནག་རིལ་མྱུར་དུ་གྱང་ཁ་ནས་ལྡིང་སྟེ་བྲོས་ཤིང་། རྒྱལ་བོ་འབྲོ་མ་ཐུབ་པར་ཚང་མས་བཟུང་ནས་སྒྱེ་ནང་དུ་བཅུག་སྟེ་རྡུང་གྲབས་བྱེད་སྐབས། རྐུན་མ་ནག་རིལ་གྱིས“གཡུལ་ཁ་ནང་གི་གྲོ་ཤོག་མེར་ཤོར་ཐལ”ཞེས་འུར་བརྒྱབ། ཚང་མས་དེ་ཐོས་འཕྲལ་དབྱུག་པ་རྣམས་ཕར་ལ་གཡུགས་ནས་མེ་གསོད་དུ་བརྒྱུགས། སྐབས་དེར་རྐུན་མ་ནག་རིལ་ཕྱིར་མཛོད་ཁང་དུ་ཡོང་ནས་རྒྱལ་བོ་སྒྱེ་ནང་ནས་ཕྱིར་བླངས་རྗེས་དེའི་ནང་དུ་ཁོ་ཚང་གི་ཨ་ཡེ་རྒན་མོ་ཞིག་བཅུག་ཅིང་། ཁོ་གཉིས་ཀྱིས་ཡིད་བཞིན་ནོར་བུ་ཁྱེར་ནས་རང་གི་ཡུལ་དུ་བྲོས།

       དེ་ནས་རྒྱལ་བོ་ཚང་གི་མི་ཚང་མས་མེ་བསད་ཚར་རྗེས་ཕྱིར་ཡོང་སྟེ་སྒྱེ་ལ་རྡུང་བཞིན། “ཁྱོད་ཀྱི་རོགས་པས་རྐུ་བྱས་ནས་མི་ཚད་ད་དུང་ངེད་ཚང་གི་གྲོ་ཤོག་ཚང་མ་མེར་བཏང་ནས་ཚར་སོང”ཞེས་ཟེར་བས། རྒན་མོས་སྒྱེ་ནང་ནས་འུར་བརྒྱབ་སྟེ“མ་རྡུང་ཡ་ང་ཡིན”ཞེས་ཟེར་བ་ལ། ཁོ་ཚོས་མ་ཤེས་པར“ཁྱོད་ཡིན་པའི་རྐྱེན་གྱིས་ད་རྡུང་བ་ཡིན”ཞེས་ཟེར་བཞིན་མུ་མཐུད་དུ་བརྡུངས། མཐར་སྒྱེ་འགུལ་རྒྱུ་མེད་པར་གྱུར། དེ་ནས་སྒྱེ་ཁ་ཕྱེ་ནས་ལྟ་དུས་ཨ་མ་རྒན་མོ་ཤི་སོང་བ་རེད།

       དེ་ལྟར་རྒྱལ་བོ་དང་རྐུན་མ་ནག་རིལ་གཉིས་ཀྱིས་ཡིད་བཞིན་ནོར་བུ་ཁྱེར་ནས་བདེ་འཇགས་ངང་ཕྱིར་ཡུལ་དུ་ཐོན་པས། རྒྱལ་བོས“ཁྱོད་འདྲ་བའི་བུ་ངར་བ་ས་སྟེང་འདི་ན་མེད་པ་རེད། ཁྱོད་ངའི་བློན་པོ་བྱོས་ཟེར་ནས་རྐུན་མ་ནག་རིལ་དེ་རྒྱལ་བོའི་བློན་པོ་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་དོ། །


མཉམ་སྤྱོད།