དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྒྱུ་འབྲས་མེད་པའི་སྤྱང་ཀི།

2022-11-16 22:22:06   |   875

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


         སྔོན་ས་ཆ་ཞིག་ན་སྡེ་བ་ཞིག་ཡོད། ཉིན་ཞིག་ལ་ས་དེའི་ཟོག་རྫི་འགས་རྙི་བཙུགས་ནས་སྤྱང་ཀི་ཞིག་བཟུང་སྟེ། རྐང་ལག་བཞི་བོ་སྐེ་རགས་ཀྱིས་དམ་པོ་ཞིག་བསྡམས་རྗེས། ཟོག་རྫི་ཁ་ཤས་ཀྱིས། “སྤྱང་ལྤགས་ཀྱི་རིན་གོང་ཤིན་ཏུ་མཐོ་བ་རེད། ང་ཚོས་འདི་རྐྱ་བཤུས་བརྒྱབ་སྟེ་ནང་དུ་ས་བརྫངས་ན་ལྤགས་པ་ཇེ་ཆེར་འགྲོ་ངེས་རེད”ཅེས་ཟེར། ཡང་ལ་ལས། “དེ་ལྟར་མི་ལེགས། ཐང་ལྤགས་བྱས་ནས་བཤུས་ཏེ་མཐའ་བཞི་ལ་ཕུར་བ་བརྡབ་ནས་འཐེན་ན་ཇེ་ཆེར་འགྲོ་ངེས་ཡིན”ཞེས་ཁ་རྩོད་བྱེད་པའི་དུས་དེར། བླ་རྒན་ཞིག་གྲོང་ཆོག་ལ་སོང་ནས་ཤ་མར་དང་རྩམ་པ། སྒོར་མོ་སོགས་མང་བོ་ཁུར་ནས་ས་དེར་སླེབས་ཏེ། “ཨ་རོག་ཟོག་རྫི་ཚོ། ཁྱོད་ཚོས་ཅི་ཞིག་ལ་རྩོད་པ་རྒྱག་བཞིན་ཡོད”ཅེས་དྲིས་པས། ཟོག་རྫི་ཚོས“ང་ཚོས་སྤྱང་ལྤགས་བཤུ་ཚུལ་ལ་རྩོད་པ་བྱེད་བཞིན་ཡོད”ཅེས་ལན་བཏབ་པར།  བླ་རྒན་གྱིས་སེམས་ནས་སྙིང་རྗེ་ཞིག་སྐྱེས་ཏེ་ན་རེ། “བྱིས་པ་ཚོ། དེ་ལྟར་བྱས་ན་སྤྱང་ཀི་འདི་ལ་སྙིང་རེ་རྗེ། ཁྱོད་ཚོས་སྤྱང་ཀི་དེ་ཚེ་ཐར་ལ་ཐོངས་དང་། ངས་ཁྱོད་ཚོ་ལ་ཤ་དང་མར། རྩམ་པ། སྒོར་མོ་སོགས་སྟེར”ཞེས་བཤད་པར། ཟོག་རྫི་ཚོ་དགའ་སྟེ་མྱུར་དུ་སྤྱང་ཀི་བཏང་ནས་ཨ་ཁུའི་ལག་གི་དངོས་པོ་ཚང་མ་ཁྱེར་ནས་བུད་སོང་།

         དེ་ནས་ཨ་ཁུ་དང་སྤྱང་ཀི་གཉིས་མཉམ་དུ་རེ་ཞིག་སོང་ཚེ། སྤྱང་ཀིས་གློ་བུར་དུ། “ཨ་ཁུ་ལགས། དེ་རིང་ཁྱོད་ཀྱིས་ང་ཟོག་རྫིའི་ལག་ནས་སྐྱབས་པར་བཀའ་དྲིན་ཆེ། འོན་ཀྱང་ད་ལྟ་ངའི་ཕོ་བ་ལྟོགས་ནས་བཟོད་ཐབས་མེད་པས། ངས་ཁྱོད་ཀྱི་ཤ་ཟ་དགོས”ཞེས་ཟེར། དེ་ནས་བླ་རྒན་ཡ་མཚན་ཏེ། “ཨ་རོག ཁྱོད་ཀྱིས་ཅི་ཟེར། ངས་རང་གི་འབུལ་བ་ཡོད་ཚད་ཟོག་རྫི་ཚོར་བྱིན་ཏེ་ཁྱོད་ཀྱི་སྲོག་བསྐྱབས་ན་ད་རུང་ང་ཟ་དགོས་པ་ཡིན་ནམ། འདི་དྲིན་ཆེན་ལ་དྲིན་ལོག་བྱས་པ་མ་ཡིན་ནམ། ཁྱོད་འདི་ལ་རྒྱུ་འབྲས་ཡོད་པ་ཞིག་མ་རེད”ཅེས་བཤད། སྤྱང་ཀིས“ལས་རྒྱུ་འབྲས་ཟེར་བ་རྣ་ཐོས་ཡོད་ཀྱང་མཐོང་མ་མྱོང་བས་མེད་པ་རེད”ཅེས་ཟེར། དེ་ནས་བླ་རྒན་གྱིས་ཡོད་ཚུལ་བཤད་པ་དང་སྤྱང་ཀིས་མེད་ཚུལ་བཤད་ནས་རྩོད་པ་ཡུན་རིང་བོར་བྱས་ཀྱང་ཐག་གཅོད་བྱེད་མ་ཐུབ་པས། བླ་རྒན་ན་རེ། “འུ་གཉིས་ཀྱིས་འདི་ནས་རྩོད་པ་ཡུན་རིང་བོར་བྱས་ཀྱང་ཐག་གིས་གཅོད་མི་ཐུབ། གཞན་ཞིག་ལ་འདྲི་རུ་འགྲོ། གལ་ཏེ་ཁྱོད་བདེན་ན་ཁྱོད་ཀྱིས་ང་ཟོས་ཆོག གལ་ཏེ་ང་བདེན་ཚེ་ཟོས་མི་ཆོག”ཅེས་བཤད་པར་སྤྱང་ཀིའང་ཡིད་འཐད་བྱུང་བ་དང་གཉིས་ཀས་དམ་བཅས་ནས་ཤན་འབྱེད་མཁན་ཞིག་འཚོལ་དུ་སོང་། ཡུད་ཙམ་ཞིག་ནས་མ་མོ་གཅེར་བུ་ཞིག་ལ་ཐུག བླ་རྒན་གྱིས“མ་མོ། ལས་རྒྱུ་འབྲས་ཟེར་བ་ཨེ་ཡོད”ཅེས་དྲིས་པས། མ་མོས“ལས་རྒྱུ་འབྲས་ཟེར་བ་མེད”ཅེས་ལན་བཏབ། བླ་རྒན་གྱིས“ཅི་ཞིག་ལ་མེད་པ་རེད”ཅེས་དྲིས་པས། མ་མོས“ང་ཆུང་དུས་མིས་ངའི་རྗེས་ནས་ལུ་གུ་བླངས། རྒྱབ་ནས་བལ་བྲེགས་ཏེ་ཁྱིམ་ཚང་གི་ཁ་གསོ་སྤྱད་བྱས། ད་ལྟ་ལོ་ལོན་ནས་ཡོང་སྒོ་མེད་དུས་མར་རྒན་མ་འདི་ཟོག་རྗེས་ལ་མི་ཆོད། བཤས་ན་ཤ་ཡང་སྒྱིད་པ་ཡིན་ཟེར་ནས་ངའི་རྒྱབ་ཀྱི་བལ་བྲེགས་ནས་ཤར་ལ་བརྒྱབ། ད་ལྟ་ངའི་དབྱར་ལ་ཚ་བས་མི་བཟོད། དགུན་ལ་གྲང་ངར་གྱིས་མི་བཟོད། དགོང་མོ་སྤྱང་ཀི་ལ་སྐྲག་ནས་མི་བཟོད། འདི་ལ་བལྟས་ན་ལས་རྒྱུ་འབྲས་ཟེར་བ་མེད་པ་མིན་ནམ”ཞེས་ཟེར། དེ་ནས་སྤྱང་ཀི་དགའ་སྟེ་བཤད་རྒྱུར“ཨ་ཁུ་ལགས། ད་ངས་ཁྱོད་ཟོས་ན་ཆོག་གམ”ཞེས་བཤད་པས། ཨ་ཁུས“མི་ཆོག ད་རུང་གཞན་ཞིག་ལ་འདྲི་དགོས”ཞེས་ཟེར་ནས་ལམ་ལ་ཆས། དེ་ནས་ཐང་སྟོང་ཞིག་ཏུ་རྟ་རྒན་ཞིག་ལ་ཐུག་པས། ཨ་ཁུས་སྔར་བཞིན“ཨ་རོག་རྟ་རྒན། ལས་རྒྱུ་འབྲས་ཨེ་ཡོད”ཅེས་དྲིས་པར། རྟ་རྒན་གྱིས“ལས་རྒྱུ་འབྲས་མེད”ཅེས་བཤད། བླ་རྒན་གྱིས“ཅི་ཞིག་ལ་མེད་པ་ཡིན”ཞེས་དྲིས་པས། རྟ་རྒན་གྱིས“ང་དང་ཐོག་ན་སོ་ཆུང་དུས་བདག་པོ་ཟོག་རྫིར་འགྲོ་ན་ཞོན་རྟ་བྱས། ཇག་ལ་འགྲོ་ན་ཇག་རྟ་བྱས། ཚོང་ལ་འགྲོ་ན་ཚོང་རྟ་བྱས། ད་སྐབས་བཀོལ་སྤྱོད་བྱེད་ས་མི་འགྲོ་དུས། ད་རྟ་རྒན་འདི་བཙོང་ན་རིན་གོང་མེད། གསོས་ན་རྩྭ་ཡང་མི་ཆོད་པས་ཤར་ལ་རྒྱོབ་ཅིག་ཟེར་ནས་ས་སྟོང་འདིར་བདའ་བ་ཡིན། ད་ལྟ་ང་དབྱར་ཁར་ཚ་བས་མནར། དགུན་ཁ་བཙག་གིས་མནར། དཔྱིད་ཀར་ལྟོགས་སྐོམ་གྱིས་མནར་བ་ཡིན། འདི་ལ་བལྟས་ན་ལས་རྒྱུ་འབྲས་མེད་པ་མིན་ནམ”ཞེས་ཟེར་བས། སྤྱང་ཀི་དགའ་སྟེ“ཡ། ད་ངས་ཁྱོད་ཟོས་ན་ཆོག་གམ”ཞེས་བཤད་པ་ལ། བླ་རྒན་ཡིད་མ་ཆེས་པར“མི་ཆོག ད་རུང་གཞན་ཞིག་ལ་འདྲི་རུ་འགྲོ་དགོས”ཞེས་མུ་མཐུད་དུ་སོང་ནས། མཚེར་ཤུལ་ཞིག་ཏུ་ཁྱི་རྒན་ལོ་ལོན་ཞིག་དང་འཕྲད་པ་ལ།  “ཨ་རོག་ཁྱི་རྒན། ཁྱོད་ཀྱིས་བལྟས་ན་ལས་རྒྱུ་འབྲས་ཨེ་ཡོད”ཅེས་དྲིས་པར། ཁྱི་རྒན་གྱིས“ལས་རྒྱུ་འབྲས་ཟེར་བ་མེད”ཅེས་ཟེར། བླ་རྒན་གྱིས“ཅི་ཞིག་ལ་མེད་པ་རེད”ཅེས་དྲིས་པར། ཁྱི་རྒན་གྱིས་དབུགས་རིང་ཞིག་འབྱིན་བཞིན། “ངས་ཆུང་དུས་ཁྱིམ་ཚང་འདི་ལ་ཉིན་དཀར་རྐུན་མ་བཀག མཚན་མོ་སྒོ་ཟོག་སྲུང་། ད་སྐབས་ལོ་ལོན་ནས་བཀོལ་མི་ཆོད་དུས་ང་གཅིག་པུ་མཚེར་ཤུལ་དུ་བསྐྱུར་བ་རེད། འདིར་བལྟས་ན་ལས་རྒྱུ་འབྲས་མེད་པ་མིན་ནམ”ཞེས་ལན་བཏབ་པས། སྤྱང་ཀིས་ཡང་བླ་རྒན་ལ“ཧ་ཧ། ད་ངས་ཁྱོད་ཟོས་ན་ཆོག་པ་རེད”ཅེས་ཟེར་ཞོར་ཨ་ཁུ་ཟ་རྩིས་བྱེད་དུས། བླ་རྒན་གྱིས“ད་ཐེངས་གསུམ་ལ་དྲིས་པ་ལས་ཁྱོད་རྒྱལ་མོད། འོན་ཀྱང་ད་དུང་ཡིད་མི་ཆེས་པ་ཡིན། ད་དུང་གཞན་ཞིག་ལ་དྲིས་ནས་དེས་ཀྱང་རྒྱུ་འབྲས་ཟེར་བ་ཞིག་མེད་ཟེར་ན། ཁྱོད་ཀྱིས་ང་ཟོས་ན་ཆོག”ཅེས་བཤད་དེ། ཁོ་གཉིས་མུ་མཐུད་དུ་སོང་ནས། སྡེ་བ་ཞིག་གི་ནང་དུ་སླེབས་ཚེ། མི་ཞིག་གིས་ཞིང་ནང་དུ་ཆུ་གཏོང་བ་མཐོང་སྟེ་དེར་སོང་ནས། “ཨ་རོག ཞིང་བ་རྒད་པོ་ལགས། ཁྱོད་ཀྱིས་བལྟས་ན་ལས་རྒྱུ་འབྲས་ཨེ་ཡོད”ཅེས་དྲིས་པས། ཞིང་བ་ཡ་མཚན་ནས་བཤད་རྒྱུར། “ཁྱོད་གཉིས་ཀྱིས་དེ་དྲིས་ནས་ཅི་ཞིག་བྱེད”ཅེས་ཟེར་བ་ལ། བླ་རྒན་གྱིས་མྱུར་མོར་ཁོ་གཉིས་ཀྱི་གནས་ཚུལ་དེ་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད། ཞིང་བས་དོན་དེར་ཡུད་ཙམ་ལ་བསམ་བློ་བཏང་རྗེས་ན་རེ། “ཁྱོད་གཉིས་ནི་དངོས་གནས་གླེན་པ་གཉིས་རེད། ལས་རྒྱུ་འབྲས་ཡོད་མེད་ལ་ལྟ་ན་དེ་ལྟར་འདྲི་དགོས་པ་མ་རེད”ཅེས་བཤད་པར། བླ་རྒན་གྱིས་རྟབ་རྟབ་པོར“འོ་ན་ཇི་ལྟར་འདྲི་དགོས་པ་རེད”ཅེས་དྲིས་པས། ཞིང་བས་སྤྱང་ཀི་ལ“ཁྱོད་དང་ཐོག་ཟོག་རྫི་ཚོས་ཅི་ཞིག་གིས་བཀྱིགས་པ་ཡིན”ཞེས་པ་ན། སྤྱང་ཀིས“ང་ཟོག་རྫི་ཚོས་ཁོ་ཚོའི་སྐེ་རགས་ཀྱིས་བཀྱིགས་པ་ཡིན”ཞེས་བཤད། ཞིང་བས“འོ་དེ་ངའི་རྣར་མི་འགྲོ། སྐེ་རགས་ཤིག་གིས་སྤྱང་ཀི་བཀྱིག་ཐུབ་བམ”ཞེས་ཟེར་བ་ལ། སྤྱང་ཀི་བྲེལ་བ་ལངས་ནས་ན་རེ། “ཞིང་བ་ལགས། ངོ་མ་ཡིན། ཁྱོད་དངོས་གནས་ཡིད་མི་ཆེས་ན་ཁྱོད་ཀྱི་སྐེ་རགས་ཀྱིས་ང་བཀྱིགས་ནས་ཚོད་ལྟ་བྱས་ཆོག”ཅེས་ཟེར་བས་ཞིང་བས་སྐེ་རགས་བླངས་ནས་བླ་རྒན་ལ་སྤྱང་ཀི་འཁྱིག་ཏུ་བཅུག བླ་རྒན་གྱིས་སྤྱང་ཀི་ལྷོད་པོ་བྱས་ནས་བཀྱིགས་རྗེས་ཞིང་བས་སྤྱང་ཀི་ལ“ཟོག་རྫི་ཚོས་བཀྱིགས་པ་དེ་འདྲ་ཡིན་ནམ”ཞེས་དྲིས་པ་ལ། སྤྱང་ཀི་ན་རེ། “བཀྱིག་ཐབས་དེ་འདྲ་ཡིན་ཡང་། བསྡམས་པ་འདི་འདྲའི་ལྷོད་པོ་ཞིག་མ་རེད”ཅེས་ལན་བཏབ། ཡང་ཞིང་བས་བླ་རྒན་ལ་ཡང་བསྐྱར་དམ་པོ་ཞིག་འཁྱིག་ཏུ་བཅུག་རྗེས། སྤྱང་ཀི་ལ“ད་ཐེངས་ཟོག་རྫི་ཚོས་བཀྱིགས་པ་དང་འདྲ་བ་ཞིག་ཨེ་རེད”ཅེས་དྲིས་པས། སྤྱང་ཀིས་ངོ་གཉེར་ནས“ཨ། ད་ཐེངས་ཟོག་རྫི་ཚོས་བཀྱིགས་པ་ལས་ཀྱང་དམ་པོ་རེད”ཅེས་ཟེར། དེ་ནས་ཞིང་བས་ཧབ་ཆ་ཞིག་བརྒྱབ་ནས་ན་རེ། “ཁྱོད་གཉིས་ཀྱིས་ལས་རྒྱུ་འབྲས་ཡོད་མེད་མི་ཤེས་ན། བླ་རྒན་ཁྱོད་རང་ཡུལ་དུ་སོང་། ང་ཡང་རང་ཡུལ་དུ་འགྲོ་རྒྱུ་ཡིན། སྤྱང་ཀི་ཁོ་འདིར་ཞོག་དང་ལས་རྒྱུ་འབྲས་ཡོད་མེད་ཤེས་ངེས་རེད”ཅེས་བཤད་དེ་རང་རང་སར་སོང་ངོ་། ། 


སྐབས་སྔོན་མ། བུ་ཆུང་དང་སྦལ་བའི་གཏམ་རྒྱུད།
སྐབས་རྗེས་མ། རྐུན་མ་ནག་རིལ།
མཉམ་སྤྱོད།