མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བུ་ཆུང་དང་སྦལ་བའི་གཏམ་རྒྱུད།

2022-11-16 22:21:21   |   214

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


         གནའ་སྔ་མོའི་དུས་སུ་ཁྱིམ་ཚང་དབུལ་བོ་ཞིག་ཏུ་ཕ་བུ་གཉིས་ཡོད། བུ་དེའི་ཨ་མ་སྔ་མོ་ནས་ཤི་བས་ཕ་བུ་གཉིས་ཀྱིས་དཀའ་སྡུག་གི་འཚོ་བ་རོལ་ནས་ལོ་མང་བོར་འགོར། བུ་དེ་ནར་སོན་ཏེ་ལོ་བཅུ་དྲུག་ལ་ལོན་པའི་ཉིན་ཞིག་ལ། ཨ་ཕ་འདུག་མ་བཟོད་པར་བུ་ལ་བཤད་རྒྱུར། “ད་ཁྱོད་ཡང་ལོ་ན་ཆུང་རྒྱུ་མེད། ཕོ་ལོ་བཅོ་ལྔ་བུད་ན་བློ་ཕ་ལ་མི་འདྲི། མོ་ལོ་ཉི་ཤུ་ལོན་ན་གྲོ་མ་ལ་མི་སློང་ཟེར་བའི་དཔེ་ལྟར། ཁྱོད་ཡང་ཕྱི་རུ་སོང་ནས་ཡོང་སྒོ་འདྲ་ཨེ་ལོན་ལྟོས་ན་བཟང”ཞེས་བཤད་པས། བུས“ང་ད་གློ་བུར་དུ་གང་དུ་འགྲོ་དགོས”ཞེས་ཕྱིར་དྲིས་པར། ཨ་ཕས“ཁྱོད་དེ་རིང་ཆུ་ཁར་སོང་དང་ཡོང་སྒོ་ཞིག་ཡོད”ཅེས་བཤད་པ་ན། བུས་ཀྱང་ཨ་ཕའི་བཤད་པ་ལྟར་ཆུ་ཁ་དེད་ནས་སོང་། ལམ་བར་དུ་སྦལ་བ་ཞིག་གི་རྐང་བའི་ཐོག་ཏུ་སྐྱ་མི་ཞིག་སྤོས་ནས་རྐང་བ་བཅད་ཡོད་པ་མཐོང་བས་བུ་ཆུང་གིས་སེམས་སྟེང་ནས་སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་ནས་སྦལ་བ་ལག་ཏུ་བླངས་ནས་སེམས་སུ་ཨ་ཕའི་དེ་རིང་ཆུ་ཁར་སོང་དང་ཡོང་སྒོ་ཞིག་ཡོད་ཟེར་བ་དེ་འདི་ཡིན་རྒྱུ་རེད་སྙམ་སྟེ། སྦལ་བ་བཟུང་ནས་ཕྱིར་ཡུལ་དུ་ཡོང་ནས་སྦལ་བ་ལ་རྒྱུན་དུ་འོ་མ་ལ་སོགས་བླུགས་ནས་གསོས་ཏེ་ཅང་མ་འགོར་བར་སྦལ་བའི་རྐང་བ་སླར་སོས་པ་མ་ཟད་སྦལ་བ་དེ་ཉིན་རེ་བཞིན་ཇེ་ཆེར་སོང་།

       ཉིན་ཞིག་ལ། ཨ་ཕས་ཀྱང་བུ་ལ“ད་ང་ཡང་འདི་ལྟར་བསྡད་ནི་མ་རེད།  ཁྱོད་ལ་མ་གཡར་ཞིག་བླངས་ནས་འུ་གཉིས་ལ་ཇ་བསྐོལ་ནི་ཞིག་ཡོད་ན་ལེགས། དེ་ལྟར་བྱས་ན་ཁྱོད་འཐད་པ་ཡིན་ནམ”ཞེས་དྲིས། བུས“ང་མི་འཐད་རྒྱུ་མེད་མོད། མ་གཡར་དེའི་ང་ལ་གཅེས་རྒྱུ་ཡིན་ནམ”ཞེས་པས། ཨ་ཕས“མ་གཅེས་རུང་ཁྱོད་དྭ་ཕྲུག་ཁོ་ན་ཞིག་མ་རེད། ཨ་མ་མེད་རུང་ཨ་ཕ་ཞིག་ཡོད་ཀི ངས་ཁྱོད་མནར་གི་འཇུག་ནི་མ་རེད”ཅེས་བཤད་དེ་མ་གཡར་ཞིག་བླངས་པ་རེད།

       དེ་ནས་ཉིན་བཅུ་ཙམ་མ་སོང་བར་མ་གཡར་གྱིས་གཡོ་སེམས་དྲན་ཏེ་རྒད་པོ་ལ་བཤད་རྒྱུར། “ཁྱོད་ཀྱི་བུ་འདི་འུ་གཉིས་ལ་དགོས་ནི་ཞིག་མ་རེད། ལྷག་པར་དུ་ཁོས་སྦལ་བ་གསོས་ནས་ནར་སོན་ན་འུ་གཉིས་གསོད་རྒྱུ་རེད”ཅེས་སྡིག་གཏམ་བཤད་པས། རྒད་པོས“དེ་འདྲ་ཞིག་ཡིན་ནི་མ་རེད། འདི་དྭ་ཕྲུག་ཞིག་ཡིན་པས་འུ་གཉིས་ཀྱི་མ་གསོས་ན་སུས་གསོ་རྒྱུ”ཞེས་བཤད་པ་ན། མ་གཡར་ཁོང་ཁྲོ་ལངས་ཏེ“ཁྱོད་ཀྱི་བུ་དེ་མྱུར་དུ་སྒོ་ཕྱིར་མི་ཕུད་ན་ང་མི་འདུག་འགྲོ་རྒྱུ་ཡིན”ཞེས་ངུ་ངག་བཏོན་པས། རྒད་པོ་ལའང་ཐབས་ཟད་དེ་སོང་ནས་གནས་ཚུལ་དེ་བུ་ལ་བཤད། བུས“དེ་འདྲ་ཡིན་ན་ང་སྒོར་སོང་ན་ཆོག”ཅེས་བཤད་དེ། སྦལ་བ་དང་ཁོ་གཉིས་ཁང་བ་གཞན་ཞིག་གི་ནང་དུ་བསྡད་དེ་ཉི་མ་འཁྱོལ་ཐབས་བྱས།

       ཉིན་ཞིག་ལ་སྦལ་བས་ཁ་གྲགས་ཏེ་བུ་ལ་བཤད་རྒྱུར། “ད་ཁྱོད་ལ་ཟ་རྒྱུ་གོན་རྒྱུ་ཡང་མེད་ཀི ཁྱོད་ཀྱི་ཕ་ངོ་མ་ཡིན་ནའང་མ་གཡར་གྱིས་ཁ་རྒྱུག་སྟེ། ཁྱོད་ཀྱིས་ཕོ་བ་ཡང་མི་བརྒྱགས་པས་ང་གསོ་བྱེད་ཅིག་ག་ལ་ཡོད། དེའི་ཕྱིར་ཁྱོད་ཀྱིས་མི་གཅིག་ལའང་མ་བཤད་དང་ཉིན་གསུམ་གྱི་རྗེས་སུ་ང་རང་གི་ཡུལ་དུ་འགྲོ་རྒྱུ”ཞེས་བཤད་པས། བུ་དེ་སྐྱོ་གདུང་གིས་མནར་ཡོད་པའི་དུས་དེར་མ་གཡར་བུ་དང་སྦལ་བ་གཉིས་བསྡད་ཡོད་པའི་ཁང་བའི་ནང་དུ་ཐོན། སྒོའི་ནང་དུ་འཛུལ་མ་ཐག་སྦལ་བ་དགའ་སྟེ་ཁ་གཅིག་གདངས་ནས་མ་གཡར་སྐྲག་སྟེ་ཕྱིར་བྲོས་སོང་། ཡུལ་དུ་སླེབས་ནས་རྒད་པོ་བཤད་རྒྱུར“ངས་ཁྱོད་ལ་བུ་དེ་འུ་གཉིས་ལ་དགོས་ནི་ཞིག་མ་རེད་ཟེར་ན། ཁྱོད་ཀྱི་ཁ་མི་ཉན། སྦལ་བ་ཞིག་གསོས་ནས་དེ་འདྲའི་ཆེན་པོ་ཞིག་ཏུ་གྱུར་སོང་། སྦལ་བ་དེའི་མི་ཞིག་ཡིན་རྒྱུ་ན་གསོས་ན་གོ་ཆོད་ཟེར་མོད། སྲོག་ཆགས་ཤིག་གསོས་ཏེ་ཅི་བྱེད། ཁྱོད་ད་མྱུར་དུ་སོང་ནས་བུ་དང་སྦལ་བ་གཉིས་ས་ཐག་རིང་དུ་ཁ་བསྐོར་དགོས”ཞེས་བཤད། རྒད་པོ་ཡང་སོང་སྟེ་བུ་ལ“ཁྱོད་རང་གི་སྦལ་བ་དེ་ཁྱེར་ནས་གང་དུ་འགྲོ་རྒྱུ་ན་སོང་། ངའི་ཐག་ཉེ་སར་འདུག་མི་དགོས། རྗེས་སུ་སྦལ་བ་འདིས་ཁྱོད་ལ་གནོད་པ་བྱེད་རྒྱུར་ཕར་ཞོག ངེད་བཟའ་བ་གཉིས་ལའང་གནོད་པ་གཏོང་རྒྱུ་རེད”ཅེས་བཙན་གཏམ་འགའ་བཤད་རྗེས་ཕྱིར་ཡུལ་དུ་ལོག་སོང་། དེ་ནས་བུའི་ཡིད་སྐྱོ་ནས་མིག་ཆུ་བཞུར་བའི་དུས་དེར་སྦལ་བས་སྙིང་རྗེ་ནས་ན་རེ། “ད་ཁྱོད་སེམས་མ་ཤོར། ང་ཡང་ཁྱོད་ལྟ་བུའི་ཕ་མ་མེད་པ་ཞིག་ཡིན། ང་སྦལ་བ་ཟེར་བ་འདི་སྲོག་ཆགས་ཧ་ཅང་འཇིགས་པོ་ཞིག་ཡིན་ཕྱིར་མི་ཚང་མས་མིག་ལ་མི་མཛེས་པ་རེད། ད་ལྟ་ངའི་རྐང་བའང་ཁྱོད་ཀྱིས་སོས་པར་བཅུག སང་ཉིན་ང་ཡང་འགྲོ་རྒྱུ་ཡིན། ཁྱོད་ཀྱིས་ང་ལ་བཤད་ནའང་མི་ཕན་བཀག་ཀྱང་མི་ཐུབ། ང་ནི་སྟོད་ལྷ་ཡུལ་ཁམས་ཀྱི་ལྷ་ཕྲུག་ཅིག་ཡིན། མི་ཡུལ་ཁམས་ལ་ལྟད་མོར་ལྟ་བར་ཡོང་སྟེ་སྟབས་མ་ལེགས་པར་རྐང་བ་བཅག་མོད། འོན་ཀྱང་སེམས་བཟང་གཞུང་དྲང་ཅན་གྱི་བུ་ཁྱོད་ལ་ཐུག་ནས་ད་ལྟ་རྐང་བ་སླར་ཡང་སོས་ཏེ་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པའི་སྐལ་བ་ལྡན་པར་གྱུར་སོང་། ཡིན་ཡང་ཁྱོད་ཀྱི་འཇལ་དཀའ་བའི་དྲིན་ལན་བདག་གིས་ནམ་ཡང་བརྗེད་ག་ལ་སྲིད། དེ་ཕྱིར་ད་ཐེངས་ངས་ཁྱོད་ལ་སྤོས་གསུམ་སྟེར། འདི་གསུམ་རྒྱུན་དུ་ཁྱོད་ཀྱིས་ཞྭ་ཡི་བར་དུ་བཞག་སྟེ་བདག་གཉེར་ལེགས་པོ་བྱོས་དང་རྗེས་སུ་ཁྱོད་ལ་དཀའ་ངལ་འདྲ་ཡོད་དུས་ཁྱོད་ཀྱིས་སྤོས་གཅིག་སྒྲོན་དང་ང་ཁྱོད་སྐྱོབ་ཏུ་ཡོང་། ང་སོང་རྗེས་ཁྱོད་ཡང་འདི་རུ་མ་འདུག་ས་ཕྱོགས་གཞན་དུ་འཁྱོམས”ཞེས་ཕན་ཚུན་ལ་སེམས་གཏམ་མང་བོ་བརྗོད་པ་དང་། ཕྱི་ཉིན་ནམ་ལངས་མ་ཐག་ཏུ་སྦལ་བ་སྤྲིན་ཕུང་དཀར་པོ་ཞིག་གི་ནང་ནས་མཁའ་དབྱིངས་སུ་འཕུར་སོང་ངོ་། །

        དེ་ནས་བུའང་ཕ་མ་གཉིས་ལ་མ་བཤད་པར་གང་འདོད་དུ་འཁྱམས་ནས་སོང་། ལམ་བར་དུ་ལམ་འགྲོ་བ་ཞིག་ལ་ཐུག མི་དེ་ཡིས“ཨ་རོག་བུ་ཕྲུག ཁྱོད་གང་དུ་འགྲོ་བ་ཡིན”ཞེས་དྲིས་པས། བུས་རང་གི་གནས་ཚུལ་རྣམས་མགོ་ནས་མཇུག་བར་དུ་དྲང་མོར་བཤད་པས། མི་དེའི་སེམས་ལ་དེ་འདྲ་ཡིན་ཚེ་བུ་འདི་དྭ་ཕྲུག་ཅིག་ཡིན་པ་འདྲ་ཞེས་བསམ་བཞིན་ཡིད་ལ་གཡོ་སྒྱུ་དྲན་ཏེ་བུ་ཆུང་ལ་ཁ་ཡག་ངོ་དགའ་བཤད་བཞིན་ཁོ་གཉིས་མཉམ་དུ་ལམ་ལ་ཞུགས། ལམ་བར་དུ་ཁོས་བུ་ཆུང་གི་དངོས་རྫས་ཚང་མ་འཕྲོགས་ནས་བུ་ཆུང་ལ་གཅར་རྡུང་དྲག་པོ་ཞིག་བྱས་ཏེ་བུད་སོང་།

        དེ་ནས་བུ་གཅིག་པུ་སྔར་བཞིན་འཁྱམས་ནས་སོང་། རི་མགོ་ཞིག་ལ་སླེབས་ཚེ་ལམ་འགྲོ་བ་ཞིག་དང་འཕྲད། མི་དེས་བུ་ལ་རྒྱུ་མཚན་དྲིས་པས། བུས་ཁོ་དྭ་ཕྲུག་ཡིན་ཚུལ། སྦལ་བ་གཅིག་གསོས་ཚུལ་སོགས་ཞིབ་མོར་བཤད་པ་ན། མི་དེས“འོ། དེ་འདྲ་ཞིག་ཡིན་ན་འདི་རེད”ཅེས་ཟེར་ནས་བུ་དོང་ཞིག་གི་ནང་དུ་འཕངས། ཉིན་ཞིག་ལ་དོང་ནང་དུ་འུར་སྒྲ་ཞིག་དང་བཅས་བཤད་རྒྱུར“ཨ་རོག ཁྱོད་སུ་ཞིག་ཡིན། འདིའི་ནང་དུ་ཅིའི་དོན་དུ་ཡོང་བ་ཡིན”ཞེས་དྲིས་པར། བུས“ང་ནི་འཇིག་རྟེན་མི་ཡུལ་གྱི་མི་ཞིག་ཡིན། ང་ལ་ཕ་མ་གཅིག་ཀྱང་མེད་པར་འཁྱམས་ནས་འགྲོ་སྐབས་ལམ་འགྲོ་བ་ཞིག་གིས་ང་ལ་རྐང་བརྫིས་བརྒྱབ་སྟེ་དོང་འདིའི་ནང་དུ་འཕངས་པ་རེད”ཅེས་རྒྱུ་མཚན་རྣམས་གསལ་བོར་བཤད་པས། དེས“འོ། ང་ནི་ལྷ་སའི་སྡེ་བརྒྱད་ཀྱིས་ལོ་གཅིག་ལ་དམ་ལ་བཏགས་ཡོད་པའི་འབྲུག་ཅིག་ཡིན། སང་ཉིན་ཉི་མ་ལོང་སོང་བས་ང་ཕྱིར་ནམ་མཁར་འགྲོ་རྒྱུ་ཡིན། ཁྱོད་མར་ལ་ལྡིང་རྒྱུ་ཡིན་ནམ་ཁ་འབུད་རྒྱུ་ཡིན། ཅི་བྱེད་ཁྱོད་ཀྱི་མྱུར་དུ་ཐག་ཆོད”ཅེས་ཟེར་བས། བུ་དེའི་མིག་ཆུ་བཞུར་བཞིན“ངས་ཀྱང་ཅི་བྱེད་དགོས་མི་ཤེས། ང་འདི་ནི་ཅི་འདྲའི་མི་ལས་ངན་ཞིག་རེད་ཨང་། ཚེ་ཐོག་འདི་ན་ང་ལ་ཨ་མ་ཞིག་མེད་མོད། ཨ་ཕས་ཀྱང་ང་འདི་ལྟར་སྒོར་འཕུད་པ་རེད”ཅེས་སྡུག་སྨྲེ་ཡང་ཡང་བཏོན་པས། འབྲུག་གིས་བུ་ཆུང་དེར་སྙིང་རྗེ་ནས།  “ཡ། བུ་ཆུང་ཁྱོད་ཡིད་མ་སྐྱོ་དང་ང་ལ་ཐབས་བཀོད་ཡོད། ད་ཁྱོད་ཀྱིས་མྱུར་དུ་ངའི་ཁ་འགྲམ་དུ་ཡོད་པའི་ལྦུ་བ་དེ་ཁྱོད་ཀྱི་སྟོད་གོས་ཀྱི་ཁུག་མ་དང་ཕུ་ཐུང་ནང་དུ་བརྫངས་ཏེ་སང་ཉིན་ནམ་ལངས་མ་ཐག་ཏུ་ང་ནམ་མཁར་འཕུར་རྒྱུ་ཡིན། དེ་དུས་ཁྱོད་ངའི་རྔ་མ་འཇུས་ནས་དོང་ཁར་བུད་དེ་ངས་རྔ་མ་གཡུག་མ་ཐག་ཏུ་ཁྱོད་ཐང་ལ་ལྡིང་དགོས། དེ་ནས་ཁྱོད་ཀྱང་གང་དུ་འགྲོ་རྒྱུ་ན་སོང་། ལྟོགས་སྐོམ་བྱུང་ཚེ་ཁུག་མའི་ནང་དུ་བཅུག་ཡོད་པའི་ལྦུ་བ་དེ་ཟོ། དེ་ཡིས་ལོ་གཅིག་ལ་འདང་བ་ཡིན། གཞན་ལ་མ་སྟེར”ཞེས་བཤད་དེ་ཕྱི་ཉིན་ནམ་ལངས་མ་ཐག་ཏུ་འབྲུག་དེ་འུར་སྒྲ་ཞིག་དང་བཅས་གནམ་ལ་འཕུར། བུ་ཡང་འབྲུག་གི་བཤད་པ་ལྟར་རྔ་མར་འཇུས་ནས་དོང་ཁར་བུད་ནས་མུ་མཐུད་དུ་འཁྱམས་ནས་སོང་། ལྟོགས་སྐོམ་བྱུང་ཚེ་ལྦུ་བ་ཟོས་སོ། །

       ཉིན་ཞིག་ལ་ལམ་དུ་མི་ཞིག་ལ་ཐུག མི་དེས། “ཡ་བུ་ཆུང་ཁྱོད་གང་དུ་འགྲོ་བ་ཡིན”ཞེས་དྲིས། “ང་གར་འགྲོ་ངེས་པ་མེད”ཅེས་ལྦུ་བ་ཟ་ཞོར་དུ་ཁོའི་གནས་ཚུལ་རྣམས་མགོ་ནས་མཇུག་བར་དུ་གསལ་བོར་བཤད། མི་དེ་ལ་ལྦུ་བ་ཅུང་ཙམ་ཡང་མ་བྱིན་པར་རང་གཅིག་པུ་ཟོས་ནས་སོང་། མི་དེ་ལྟོགས་ནས་འདུག་མ་བཟོད་པར་བུ་ལ“ཁྱོད་ཀྱིས་ཟ་བཞིན་ཡོད་པ་དེ་ང་ལའང་ཅུང་ཙམ་ཟ་རུ་བཅུག་ན་ཅི་འདྲ་རེད”ཅེས་པ་ན། བུས“འདི་མི་གཞན་ལ་སྟེར་མི་ཆོག”ཅེས་བཤད་པས་མི་དེ་ཚིག་པ་ཟོས་ནས་བུའི་ལག་ཏུ་ཡོད་པའི་ལྦུ་བ་ཚང་མ་འཕྲོགས་ནས་ཟོས། ཡང་སོང་སོང་མཐར་ལམ་བར་དུ་ཝ་མོ་ཤི་རོ་ཞིག་ལ་ཐུག བུས་སེམས་སུ“འདི་ཧ་ཅང་ཡག་པོ་འདུག་པས་ཚོང་ར་ཞིག་ཏུ་ཁྱེར་སོང་ནས་བཙོང་སྟེ་ཉིན་འགར་རང་གི་ཕོ་བ་ཕུད་བྱེད་ཅིག་བྱས་ན་ལེགས”སྙམ་སྟེ་ཝ་མོ་ཁུར་ནས་ཚོང་རར་སོང་། ཁོས་བཙོང་བཞིན་པའི་སྒང་ལ་ཁྲལ་ལེན་པ་ཞིག་ཐོན་ཏེ་འདྲི་རྒྱུར། “ཁྱོད་ཀྱི་ཝ་འདི་གང་ནས་ཁྱེར་ཡོང་བ་ཡིན”ཞེས་པར། བུས“ངས་འདི་ལམ་བར་དུ་རྙེད་པ་ཡིན”ཞེས་པ་ན། ཁྲལ་ལེན་པས“འདི་ལ་ཁྲལ་སྤྲད་ཡོད་དམ”ཞེས་དྲིས་པར།  བུས“ད་དུང་མ་སྤྲད”ཅེས་བཤད་པས། ཁྲལ་ལེན་པ་ཁོང་ཁྲོ་ལངས་ཏེ“དེ་ལྟར་ཡིན་ན་བཙོང་མི་ཚོག”ཅེས་བཤད་བཞིན་བུ་ལ་འགྲམ་ལྕག་ཅིག་གཞུས་ནས་ལག་གི་རོ་བླངས་ནས་ཁྱེར་སོང་། དེ་ནས་བུ་ལའང་བྱེད་ཐབས་བྲལ་ཏེ་འཁྱམས་ནས་སོང་སྟེ་རྒྱལ་བོའི་ཕོ་བྲང་ཆེན་པོ་ཞིག་མཐོང་བྱུང་། སྒོ་ཁར་སོང་ནས་ཟས་བསླངས་པ་ཡུད་ཙམ་དུ་ནང་ནས་བུ་མོ་མཛེས་མ་ཞིག་སྒོར་ཡོང་ནས་འདྲི་རྒྱུར། “ཨ་རོག ཁྱོད་ས་ཆ་གང་ཞིག་གི་ཡིན། གང་དུ་འགྲོ་བ་ཡིན”ཞེས་ཟེར། དེ་ནས་བུས་ཁོ་ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཅིག་ཡིན་ཚུལ། ལམ་བར་དུ་མི་ཚང་མས་ཁོ་ལ་བརྙས་བཅོས་བྱས་ཚུལ། ད་ཡུལ་ཞིག་ཏུ་འགྲོ་ས་མེད་ཚུལ་སོགས་མགོ་ནས་མཇུག་བར་དུ་བཤད་པས། བུ་མོ་དེས་སེམས་གཏིང་ནས་སྙིང་རྗེ་ཞིག་སྐྱེས་ཏེ“འོ། སྙིང་རེ་རྗེ། མྱུར་དུ་ནང་ལ་ཤོག”ཟེར་ནས་ཕོ་བྲང་དུ་ཁྲིད་ཡོང་སྟེ་གནས་ཚུལ་རྣམས་རྒྱལ་བོ་ལ་ཞུས་པས། རྒྱལ་བོ་ཡང་དགའ་སྟེ་བུ་དེ་དགུ་ཐོག་གི་རྩེར་ཁྲིད་སོང་ནས་གཙང་སྦྲ་བྱེད་དུ་བཅུག དེ་ནས་བུ་ཆུང་དེ་ཡང་དགའ་སྟེ་རྒྱུན་དུ་ནངས་སྔ་ལངས་དང་དགུང་ཕྱི་ཉལ་བྱས་ནས་ཕོ་བྲང་གི་ཕྱི་ནང་དུ་གཙང་སྦྲ་ཡག་པོ་བྱས་པར་མ་ཟད། ད་དུང་ཆུང་ལ་བྱམས་སྐྱོང་ཆེ་ལ་གུས་བཀུར་བཅས་ཡ་རབས་ཚུལ་ལྡན་གྱི་སྤྱོད་པ་དེ་དག་ལ་རྒྱལ་བོ་ཡིད་སྨོན་སྐྱེས་ཏེ། ཁོས་སེམས་སུ། “བུ་ཆུང་འདི་ནི་སྐྱེས་བུ་གཞུང་དྲང་ཞིག་ཡིན་པས། ངས་འདི་ལ་རྒྱལ་བོ་ཞིག་གི་ས་དང་བཙུན་མོ་ཞིག་གི་ཆུ་བྱིན་ཏེ་སྲས་མོ་གཉིས་ཀྱི་གཅིག་གི་མག་པ་བྱེད་དུ་བཅུག་ན་ལེགས”སྙམ་སྟེ་སོང་ནས་བཙུན་མོ་ལ་གནས་ཚུལ་དེ་བཤད་པས་བཙུན་མོ་ཡང་འཐད་པ་བྱུང་ནས་དེ་ལྟར་བྱེད་རྒྱུར་ཐག་བཅད། ཉིན་ཞིག་ལ་བློན་པོ་ཞིག་ཕོ་བྲང་དུ་ཡོང་ནས་རྒྱལ་བོ་ལ་བཤད་རྒྱུར། “རྒྱལ་བོ་ཁྱེད་ལ་ཅི་བྱུང་བ་ཡིན། བུ་འདི་ལྡོམ་པོ་ཤ་སྟག་ཅིག་རེད། བུ་ལྡོམ་པོ་ཞིག་སྲས་མོར་མག་པ་བླངས་ན་རྒྱལ་བོ་ཁྱེད་འཐད་པ་ཡིན་ནའང་བློན་པོ་ང་འཐད་པ་མིན། ངས་བལྟས་ན་འདི་ཕོ་བྲང་ནང་ནས་འདུག་ཏུ་མ་བཅུག་ན་ལེགས”ཞེས་གཏམ་ངན་མང་བོ་བཤད་པས། རྒྱལ་བོའི་སེམས་ལའང་ཐེ་ཚོམ་ཞིག་སྐྱེས་ནས་བསྡད། ཉིན་མང་བོ་འགོར་བ་ན། རྒྱལ་བོས་སེམས་སུ་ཅི་བཤད་རུང་བུ་ཆུང་འདི་ནི་སྐྱེས་བུ་ཡ་རབས་ཤིག་རེད། འདི་ངའི་མཆོད་ཁང་གི་གཉེར་བར་བཞག་ནས་ལྷ་ཐམས་ཅད་ལ་མཆོད་ཕྱག་བྱེད་དུ་བཅུག་སྟེ་བུ་འདི་བསྐྱེད་སྲིང་ལེགས་པོ་བྱས་ན་བཟང་སྙམ་སྟེ་དེ་ལྟར་བྱེད་དུ་བཅུག དེ་ནས་ཉིན་ཞིག་ལ་བློན་པོ་དེ་ཡང་ཐོན་ནས་རྒྱལ་བོ་ལ། “ཁྱེད་ཀྱི་བུ་ལྡོམ་པོ་ཞིག་མཆོད་ཁང་ནང་དུ་འགྲོ་རུ་བཅུག་ནས་ཅི་བྱེད”ཅེས་མི་བཟང་ཚུལ་བཅོ་བརྒྱད་བཤད་དེ་བུ་མར་ལ་གཡུགས། དེ་ནས་བུའི་སེམས་སུ“ང་ལ་ཅི་ཞིག་བྱུང་བ་རེད། རྒྱལ་བོ་དང་བཙུན་མོ་གཉིས་ཀྱི་ང་ཡར་ལ་འཐེན་ན་བློན་པོ་འདི་ཡོང་ནས་ང་མར་ལ་གཡུགས་བྱུང་བ་ཅི་ཡིན་ནམ”ཞེས་བསམ་སྟེ་ལག་པས་མགོ་ཞྭ་མོའི་བར་དུ་ཡོད་པའི་སྤོས་དེ་ལག་པས་རེག་ནས་དེ་མ་ཐག་ཏུ་ཡིད་ལ་སྦལ་བའི་བཤད་པའི་ཚིག་དེ་དྲན་བྱུང་། མྱུར་དུ་སྤོས་གཅིག་བླངས་ཏེ་མེ་སྒྲོན་པ་ཙམ་གྱི་ནམ་མཁའ་ནས་སྤྲིན་དཀར་པོ་ཞིག་ལངས་ཏེ་ནང་དུ་སྦལ་བ་ཆེན་པོ་ཞིག་རྒྱལ་བོའི་ཕོ་བྲང་གི་སྒོ་ཆེན་གྱི་སྟེང་དུ་བབས་ནས་སྐད་མཐོན་པོས་བཤད་རྒྱུར། “ང་འབོད་ནོ་སུ་ཡིན”ཞེས་ཟེར། བུ་ཆུང་མྱུར་དུ་གམ་ལ་སོང་ནས“ཁྱོད་ཀྱི་ང་ངོ་མི་ཤེས་སམ། ཁྱོད་འབོད་ནོ་ང་ཡིན”ཞེས་བཤད་པས། “ཡ། ཁྱོད་ངོ་ལོས་ཤེས། ངས་སྔ་མོ་ནས་ཁྱོད་འདི་ན་བསྡད་ཡོད་པ་ཤེས་ཡོད། སྔོན་མ་ལམ་བར་དུ་ཁྱོད་ཀྱི་ལག་གི་ལྦུ་བ་མི་ཞིག་གི་ཨེ་འཕྲོག མི་དེ་ད་ལྟ་ཁྱོད་ཀྱིས་ཤེས་སམ”ཞེས་དྲིས་པར་བུ་ཆུང་ཡ་མཚན་ཏེ་མྱུར་དུ“མི་ཤེས། མི་ཤེས”ཞེས་ལན་བཏབ། སྦལ་བས“མི་ཤེས་ན་ངས་ཁྱོད་ལ་བཤད། མི་དེ་ནི་རྒྱུན་དུ་ཁྱོད་ལ་མནར་བཞིན་ཡོད་པའི་རྒྱལ་བོ་འདི་ཚང་གི་བློན་པོ་དེ་རེད”ཅེས་བཤད་རྗེས། ཡང་སྐད་མཐོན་པོས“ང་ནི་སྟོད་ལྷ་ཡུལ་ཁམས་ཀྱི་ལྷ་ཕྲུག་ཡིན་ཟེར་ནའང་ཆོག ཀླུ་ཡུལ་ཁམས་ཀྱི་ཀླུ་ཕྲུག་ཡིན་ཟེར་ནའང་ཆོག ངའི་མིང་ལ་དྲང་སྲོང་རིག་པའི་ཡེ་ཤེས་ཟེར”ཞེས་བཤད་མ་ཐག་ཏུ་རྒྱལ་བོ་སྐྲག་སྟེ་མྱུར་དུ་ཡར་ལ་བཞེངས་ནས“ཁྱེད་དྲང་སྲོང་རིག་པའི་ཡེ་ཤེས་ལྷ་ཞིག་གི་རྣམ་སྤྲུལ་ཡིན་པ་ང་ཡི་ཐོས་མྱོང་མོད། མཐོང་མ་མྱོང་། དེ་རིང་དངོས་སུ་མཐོང་བ་འདི་ལས་ཅན་རེད”ཅེས་ཟེར་བཞིན་གུས་ཕྱག་འཚལ། དེ་ནས་སྦལ་བས“ཕྱག་མ་འཚལ། བུ་འདིའི་ལག་གི་སྤོས་མེད་ན་ང་འདི་རུ་ཡོང་འདོད་ཀྱང་ཡོང་ཐབས་མེད། ཁྱོད་ཚོས་མཐོང་འདོད་ཀྱང་མཐོང་ཐུབ་ནི་མ་རེད། ད་དུང་ལྷག་འཕྲོའི་སྤོས་གཉིས་ཡོད་པ་འདི་རྒྱལ་བོ་ཁྱོད་ཀྱི་མཆོད་ཁང་དུ་བཞག་ནས་མཆོད་ཕྱག་བྱས་ན། རྗེས་སུ་ཁྱོད་ཚོ་དཀའ་ངལ་ལ་འཕྲད་ཚེ་སྤོས་གཅིག་སྒྲོན་ཚེ་ང་སླེབས་ཐུབ་མོད། འོན་ཀྱང་ད་ལྟ་བུ་འདི་ལ་རྒྱལ་བོ་ཞིག་གི་ས་དང་བཙུན་མོ་ཞིག་གི་ཆུ་སྟེར་དགོས་པར་མ་ཟད། བུ་འདི་རང་གི་བུ་ལྟར་གཅེས་དགོས། བུ་ཆུང་འདི་ལ་ཨ་ཕ་ཡོད་ལ་ཨ་མ་མེད། བུ་འདིས་ངའི་སྲོག་བསྐྱབས་པ་ཡིན། ང་ལ་འདི་ཕ་མ་ཞིག་གི་བསམ་པ་ཡོད”ཅེས་བཤད་བཞིན་སྦལ་བ་འགྲོ་ལ་ཁུལ་དང་འདུག་ལ་ཁུལ་བྱས་ཏེ་གློ་བུར་དུ་ས་ཆ་ཡོངས་སུ་རླུང་འཚུབ་གཡུགས་ནས་ཆར་བ་དྲག་པོ་བབས་པ་སོགས་རྫུ་འཕྲུལ་མང་བོ་བསྟན། རྒྱལ་བོ་སྐྲག་ནས་དེ་མ་ཐག་ཏུ་བུ་ལ་རྒྱལ་བོ་ཞིག་གི་ས་དང་བཙུན་མོ་ཞིག་བྱིན་ཏེ་རྒྱལ་བོའང་བུ་དེའི་ནང་བློན་བྱས་ནས་ཁོ་ཚོའི་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་པ་དང་སྦལ་བའང་ཕྱིར་ནམ་མཁར་འཕུར་སོང་ངོ་། །


མཉམ་སྤྱོད།