དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གཡོག་མོའི་བུ་རྒྱལ་བོར་བསྡད་པ།

2022-11-16 22:20:43   |   700

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


       གནའ་སྔ་མོར། ས་ཆ་ཞིག་ཏུ་རྒན་མོ་དབུལ་བོ་ཞིག་ཡོད། རྒན་མོ་ལ་བུ་ཞིག་ཡོད་པ་དེས་རྒྱུན་དུ་ཨ་ཁུ་རྒྱལ་བོ་ཚང་གི་ནོར་ལུག་འཚོས་ནས་འཚོ་བ་རོལ་གྱིན་ཡོད།

        ཉིན་ཞིག་ལ། ཁོས་དུས་རྒྱུན་དང་འདྲ་བར་ནོར་ལུག་དེད་ནས་རི་མགོར་སོང་། ཉིན་གུང་དུས་སུ་ཝ་མོ་ཞིག་གིས་མེ་ཏོག་ཁྱད་པར་ཅན་ཞིག་ཁུར་ནས་འགྲོ་བ་མཐོང་བར་ཡ་མཚན་ནས་མགྱོགས་མྱུར་གྱིས་དེའི་རྗེས་སུ་བསྙེགས། ཡུན་རིང་བོར་བདའ་བས་ཝ་མོས་ཡ་མཚན་ཅན་སྐྱུར་ནས་བྲོས་པ་དང་། བུ་ཆུང་གིས་མེ་ཏོག་འཁྱེར་ནས་རང་ཡུལ་དུ་ལོག  

        ཨ་མ་ཡ་མཚན་ཞིང་ཧ་ལས་པའི་ངང་ནས་རང་གི་བུ་ལ། “འདི་འུ་ཚང་འདྲ་བའི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་འཇོག་འོས་པའི་རྒྱུ་རྫས་ཤིག་མ་རེད། མྱུར་དུ་སོང་ནས་ཨ་ཁུ་རྒྱལ་བོ་ལ་ཕུལ”ཞེས་ཟེར་བས། གཞུང་དྲང་ཞིང་རྒྱུད་པ་བཟང་བའི་བུ་ཆུང་གིས་ཨ་མ་བཤད་པ་ལྟར་མེ་ཏོག་དེ་རྒྱལ་བོ་ལ་ཕུལ། ཨ་ཁུ་རྒྱལ་བོས་གཟེངས་བསྟོད་དང་བྱ་དགའ་སྟོན་མོ་སོགས་རྒྱ་ཆེན་པོ་བྱས་ཤིང་། དེ་གའི་མི་ཐམས་ཅད་ཀྱི་གླེང་གཞིར་གྱུར་པས། བློན་པོ་སྐོར་ཞིག་ཕྲག་དོག་སྐྱེས་ནས་བུ་ཆུང་ལ་གནོད་སྐྱེལ་བར་གྲོས་བསྡུར་མང་བོ་བྱས་མཐར་རྒྱལ་བོར་ཡར་ཞུ་བྱས་དོན། “རྒྱལ་བོ་ཆེན་པོ་ལགས། འདི་འདྲའི་རིན་པོ་ཆེ་མཆོག་ཏུ་གྱུར་པ་ཞིག་རྒྱལ་བོ་མཆོག་གི་ལག་ཏུ་ཡོང་བ་དངོས་གནས་བསོད་ནམས་ཆེ་བའི་རྟགས་རེད། ད་རིན་པོ་ཆེ་མེ་ཏོག་འདི་ལྟར་བཞག་ན་མི་མཛེས་པས། དབུལ་བོའི་བུ་མངགས་ནས་སྲིན་པོའི་ཡུལ་གྱི་མེ་ཏོག་རྩ་བ་གཅིག་ལ་རྩེ་མོ་བརྒྱད་ཅེས་པ་དེ་ཁྱེར་ཡོང་ན་ཤིན་ཏུ་ལེགས་ཚུལ”ཡང་ནས་ཡང་དུ་བཤད་པས། ཧམ་སེམས་ཆེ་བའི་རྒྱལ་བོས་རྨ་བྱའི་འབྲུག་སྒྲ་ཐོས་པ་བཞིན་དགའ་ནས་རྒན་མོའི་བུ་མྱུར་དུ་སྲིན་པོའི་ཡུལ་དུ་འགྲོ་དགོས་པའི་བཀའ་ཕབ།

       རྒན་མོ་མ་བུ་གཉིས་སེམས་ཁུར་གྱིས་མནར་ཡང་རྒྱལ་བོའི་བཀའ་ལྡོག་མི་ནུས་པས། ཨ་མས་ཁོ་ཚང་གི་ཕྱེ་ཡོད་ཚད་ཀྱིས་གོ་རེ་གཅིག་གི་བུ་ཆུང་ལ་ལམ་གྲོ་གྲ་སྒྲིག་བྱས་པ་དང་། ཁྱིམ་ཚང་དབུལ་བོ་ཡིན་པས་ཕྱེ་ཡོད་ཚད་ཕྱིར་བཏོན་ཡང་གོ་རེ་གཅིག་ལས་ཁྱེར་རྒྱུ་མ་བྱུང་། མ་བུ་གཉིས་སོ་སོར་གྱེས་པའི་སྐབས་སུ་སྔགས་པ་ཞིག་ཁོ་ཚང་གི་སྒོ་ཁར་ཟས་སློང་དུ་སླེབས་པས། བུ་ཆུང་གིས་སེམས་སུ་གལ་ཏེ་སྔགས་པ་འདིར་བྱིན་ཚེ་རང་ཉིད་ལ་གོ་རེ་གཅིག་མ་གཏོགས་མེད་པ་དང་མ་བྱིན་ན་ཡང་དངོས་གནས་སྙིང་རེ་རྗེ་བསམ་ནས། གོ་རེ་དེའི་ཕྱེད་ཀ་སྔགས་པ་ལ་བྱིན་པ་དང་ཕྱེད་ཀ་རང་གི་ལམ་གྲོ་ལ་བཟུང་། དེ་ནས་སྔགས་པས་ཕྲེང་བ་ཞིག་སྟེར་ཞོར་དུ་བུ་ཆུང་ལ། “གལ་ཏེ་ཁྱོད་ལམ་བར་དུ་བགེགས་རེ་འཕྲད་ཚེ་ཕྲེང་བ་འདིར་བལྟས་ནས་གསོལ་བ་ཐོབས་དང་བསམ་དོན་འགྲུབ་འོངས”ཞེས་གསུང་རྗེས་སོ་སོར་གྱེས་སོ། །

      བུ་ཆུང་དེ་སོང་སོང་མཐར་མཚོ་ཆེན་པོ་ཞིག་གི་འགྲམ་དུ་སླེབས་ཤིང་། མཚོ་དེའི་ཕ་རོལ་ཏུ་འགྲོ་བའི་ཐབས་བྲལ་བར་གྱུར་པའི་ཚེ་ན། སྔར་སྔགས་པས་བཤད་པའི་སྐད་ཆ་ཡིད་ལ་དྲན་ཏེ། མྱུར་དུ་ཕྲེང་བ་བཟུང་ནས་བློ་སེམས་རྩེ་གཅིག་གིས་གསོལ་བ་བཏབ་པས། སྔགས་པ་དངོས་སུ་བུ་ཆུང་གི་མདུན་སར་ཐོན་ནས་གཟན་སྣེ་གཡུག་པ་ཙམ་གྱིས་བུ་ཆུང་རྒྱ་མཚོའི་ཕ་རོལ་ཏུ་སྐྱེལ། དེ་ནས་མུ་མཐུད་དུ་སོང་སོང་མཐར་འཇིགས་སུ་རུང་བའི་སྲིན་པོའི་ཡུལ་དུ་ཐོན། ཁོ་རང་སྲིན་པོའི་ཁང་བའི་ནང་དུ་སོང་བ་ན་མིའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག་པར་མ་ཟད།  ཁང་བར་བལྟས་ན་ཕལ་ཆེར་མི་རབས་དུ་མའི་སྔོན་གྱི་ཁང་སྟོང་ཞིག་དང་འདྲ་བར་སྣང་། ཡུད་ཙམ་ཞིག་ནས་གློ་བུར་དུ་འུར་སྒྲ་དང་བཅས་རླུང་ནག་འཚུབ་མ་ཞིག་ཁང་བའི་ནང་དུ་ཐོན་པ་ལ། བུ་ཆུང་སྐྲག་སྟེ་མྱུར་དུ་སྒོའི་རྒྱབ་ཏུ་སྦས་པ་དང་། རླུང་འཚུབ་དང་འགྲོགས་ནས་སྲིན་པོ་མང་བོ་ཞིག་ཐོན་བྱུང་། དེ་དག་ཁྲོད་ཀྱི་ཆེས་འཇིགས་སུ་རུང་བ་དེས་རས་ཐུམ་ཞིག་བླངས་ནས་ཁ་ཕྱེས་པ་ན་ནང་དུ་རུས་པ་མང་བོ་ཡོད་པ་དང་། དེའི་སྟེང་དུ་ས་རྫས་དཀར་པོ་ཞིག་གཏོར་རྗེས་རལ་གྲི་རུས་པའི་ཐོག་ཏུ་ཕྱར་མ་ཐག་རུས་པ་དེ་བུད་མེད་མཛེས་མ་མཆོག་ཏུ་མངའ་བ་ཞིག་ཏུ་གྱུར་སོང་། དེ་ནས་བུ་མོས་ཤ་ཟ་བ་དང་སྲིན་པོ་རྣམས་ཀྱིས་མི་ཤ་སོགས་ཟ་བའི་སྐབས་སུ་སྲིན་པོ་གཅིག་གིས“ཅི་ཞིག་རེད། དེ་རིང་འུ་ཚང་ལ་མི་ཡི་དྲི་མ་ཞིག་འདུག”ཅེས་ཟེར། བུ་མོས“ཁྱོད་ཀྱིས་བརྗེད་སོང་ངམ། ང་མི་མིན་ནམ། ཁྱོད་ཚོས་ཟ་བཞིན་པ་དེ་ནི་མི་ཤ་མ་ཡིན་ནམ”ཞེས་བཤད་པར་ཚང་མས་བདེན་པར་སྙམ་སྟེ་ཁ་ཡ་མ་བྱས་པར་ཟས་སྣ་ཚོགས་ཡིད་ཚིམ་པ་ཞིག་ཟོས་རྗེས་བུ་མོ་མཛེས་མ་དེ་སྔར་བཞིན་རས་ཐུམ་ནང་དུ་བཅུག་རྗེས་ཕྱིར་མངོན་མེད་དུ་གྱུར་སོང་།

       དེ་ནས་བུ་ཆུང་གིས་ཀྱང་རུས་ཐུམ་དེ་བླངས་ནས་སྲིན་པོས་སྒྲུབ་པ་བཞིན་བྱས་པ་ན་བུ་མོ་དེ་སྔར་བཞིན་མངོན་པ་དང་། བུ་མོས་བུ་ཆུང་མཐོང་བ་ན་ཡ་མཚན་ཞིང་ཡོང་དོན་གསལ་བོར་དྲིས་པས། བུ་ཆུང་གིས་རང་ཉིད་སྲིན་པོའི་ཡུལ་ལ་ཡོང་དོན་གསལ་བོར་བཤད་པ་དང་། བུ་མོས་བུ་ཆུང་དེ་མེ་ཏོག་ཡོད་སར་ཁྲིད་ནས་མེ་ཏོག་བླངས་རྗེས། བུ་ཆུང་གིས་བུ་མོ་སྔར་བཞིན་རུས་ཐུམ་ནང་དུ་བཅུག་སྟེ་སྲིན་པོའི་ས་རྫས་དང་རལ་གྲི་སོགས་བཟུང་ནས་བྲོས། དེ་ལྟར་སྔོན་གྱི་མཚོ་ཁར་ཐོན་ཏེ་ཕྱིར་བལྟས་པ་ན་སྲིན་པོ་རྣམས་ཀྱིས་རྗེས་བསྙེགས་ནས་ཡོང་གིན་ཡོད་པས། བུ་ཆུང་གིས་ཀྱང་ཕྲེང་བ་བླངས་ཏེ་གསོལ་བ་འགའ་བཏབ་པར་སྔགས་པ་ས་དེར་གློ་བུར་དུ་སྣང་བྱུང་། སྔགས་པས་སྔར་བཞིན་གཟན་སྣེའི་བརྒྱབ་སྟེ་བུ་ཆུང་མཚོའི་ཕ་རོལ་ཏུ་སྐྱེལ་ཞིང་། སྲིན་པོ་རྣམས་ལ་གཟན་སྣེའི་བརྒྱབ་སྟེ་ཕྱིར་སྲིན་པོའི་ཡུལ་ལ་གཡུགས། དེ་ལྟར་བུ་ཆུང་སྲོག་ཉེན་ལས་ཐར་ཏེ་བུ་མོ་མཛེས་མ་དེ་རང་གི་ཆུང་མར་བླངས་ནས། མེ་ཏོག་རྩ་བ་གཅིག་ལ་རྩེ་མོ་བརྒྱད་ཟེར་བ་དེ་ཁྱེར་ཡོང་ནས་རྒྱལ་བོ་ཕུལ་བས། རྒྱལ་བོ་སྔར་ལས་དགྱེས་པ་དང་བློན་པོ་རྣམས་སྔར་ལས་ཕྲག་དོག་སྐྱེས་ཏེ་ཡང་བསྐྱར་གྲོས་བསྡུར་བྱས་ནས་རྒྱལ་བོར་ཞུ་དོན། “རྒྱལ་བོ་ཆེན་པོ་ལགས། སྔར་གྱི་དོན་ཐམས་ཅད་འགྲུབ་པ་ཧ་ཅང་ལེགས། ཡིན་ཡང་ད་དུང་ཧ་ཅང་མཁོ་བ་ཞིག་ཡོད་པ་ནི་མེ་ཏོག་འདི་གཉིས་འཇོག་སའི་ལྷ་ཁང་ཞིག་ངེས་པར་བཞེངས་དགོས་འདུག གཡོག་མོའི་བུ་དེར་བཀའ་ཕབ་ན་དེ་ཉིད་ལ་མི་འགྲུབ་པ་གཅིག་ཀྱང་མེད་པས། ཁོ་ལ་བཀའ་ཕབ་སྟེ་ལྷ་ཁང་མཆོག་ཏུ་གྱུར་པ་ཞིག་གི་མཐའ་རུ་སྐྱེད་ཚལ་དང་མཚེའུ། དེ་ལ་ཉ་རིགས་དང་བྱ་རིགས་སྣ་ཚོགས་ཀྱི་གསུང་སྙན་སྒྲོག་བཞིན་རང་རང་གནས་སུ་ཅི་འདོད་ཀྱི་དཔལ་ལ་རོལ་བ་ཞིག་ལས་སུ་བཅུག་ན་ལེགས”ཞེས་སྐུལ་བ་ལ། རྒྱལ་བོས་ཀྱང་བདེན་པར་བསམས་ནས་གཡོག་མོའི་བུ་ལ“ཉིན་གཅིག་གི་ནང་དུ་ལྷ་ཁང་དང་སྐྱེད་ཚལ་སོགས་ཁོས་བཤད་པ་ཇི་བཞིན་མ་འགྲུབ་ན་སྲོག་གི་ཆད་པ་གཅོད་རྒྱུ་ཡིན”ཞེས་བཀའ་བབས། དེ་ནས་བུ་ཆུང་གིས་ཀྱང་བློན་པོ་དེ་ཚོའི་གཡོ་སྒྱུ་ཡིན་པ་ཤེས་ནས་སེམས་སྐྱོ་ཞིང་ཡིད་ཕམ་བཞིན་ཡུལ་དུ་ཡོང་ནས་དོན་དེའི་མགོ་རྔ་མ་ཆུང་མར་རྒྱས་པར་བཤད་པ་ལ། ཆུང་མ་ཁོང་དགོད་ཅིག་བྱས་ཏེ་ན་རེ། “དེ་ལས་སླ་བོ་རེད། ཁྱོད་སེམས་སྡུག་དགོས་དོན་མེད། དོ་དགོང་ཁྱོད་རང་ཉིད་སྐྱིད་པོར་གཉིད་དང་། རྒྱལ་བོས་བཤད་པའི་དོན་དག་དེ་བདག་གིས་སང་ཉིན་ནམ་ལངས་དུས་འགྲུབ་ཏུ་འཇུག”ཅེས་བཤད་ཀྱང་། བུ་ཆུང་ཡིད་མ་ཆེས་པར་སེམས་ཁུར་གྱིས་གཏན་ནས་གཉིད་མ་ཁུག སྔ་མོ་མལ་ལས་ལངས་ཏེ་སྒོར་བུད་པ་ན། དངོས་གནས་རྒྱལ་བོའི་བཤད་པ་ནང་བཞིན་འགྲུབ་འདུག་པས། སེམས་སྤྲོ་བས་ཁེངས་བཞིན་རྒྱལ་བོའི་གམ་དུ་སོང་ནས་དོན་རྣམས་གྲུབ་པའི་གཏམ་བཟང་ཡར་ཞུ་བྱས། རྒྱལ་བོ་ཡིད་མ་ཆེས་པར་མྱུར་དུ་སོང་ནས་གཟིགས་རྗེས་ཐུགས་ཤིན་ཏུ་དགྱེས་ཏེ་བསྟོད་པ་དང་བྱ་དགའ་མི་ཉུང་བ་གནང་ཞོར་དུ་སེམས་སུ་བུ་ཆུང་འདིས་དོན་མི་འགྲུབ་པ་གཅིག་ཀྱང་མེད། འདིས་རྗེས་སུ་ངའི་རྒྱལ་ས་ཡང་འཕྲོག་པར་གོར་མ་ཆག ཁ་དཔེ་ལ་མེ་ཆུང་དུས་བསད་ན་སླ་ཟེར་བ་ལྟར་བུ་ཆུང་འདི་ད་ལྟ་མྱུར་དུ་མེད་པར་བཏང་ན་ལེགས་བསམས་ནས། དེར་ངོ་བསྟོད་བྱེད་བཞིན“ཁྱོད་ཀྱིས་མི་འགྲུབ་པའི་བྱ་བ་གཅིག་ཀྱང་མེད་པས་སང་ཉིན་ཁྱོད་ཚེ་ཕྱི་མའི་ཡུལ་དུ་བདག་གི་ཕ་རྒན་གྱི་ལག་ཏུ་མཛོད་ཁང་གི་ལྡེ་མིག་ལེན་དུ་འགྲོ་དགོས། ཁྱེར་ཡོང་ཚེ་སྔར་ལྟར་བྱ་དགའ་ཡོད། མ་ནུས་ན་ཁྱོད་ལ་སྲོག་གི་ཆད་པ་ཡོད”ཅེས་བཀའ་ཕབ་བོ། །

       བུ་ཆུང་གིས་ཀྱང་རྒྱལ་བོའི་དམིགས་འདུན་རྟོགས་ཏེ་ད་ནས་རང་ཉིད་མི་ཚེ་མཇུག་རྫོགས་སོང་སྙམ་བཞིན་ཡུལ་དུ་ཡོང་ནས་སེམས་སྡུག་བྱས། ཆུང་མས་སེམས་ཁུར་བྱེད་དོན་དྲིས་པ་ལ། བུ་ཆུང་གིས་དོན་རྣམས་གསལ་བོར་བཤད་པས། “དོན་དེ་ལས་སླ་མོ་ཞིག་ག་ན་ཡོད། དོ་དགོང་གཉིད་སྐྱིད་པོ་ལོག་དང་སང་ཉིན་ངས་ཁྱོད་ཚེ་ཕྱི་མར་འགྲོ་རུ་འཇུག”ཅེས་འཆར་གཞི་རྣམས་བུ་ཆུང་ལ་གསལ་བོར་བཤད་པས་བུ་ཆུང་གིས་ཀྱང་ཆུང་མས་བཤད་པ་དེ་བློ་བཀོད་བཟང་བོ་རེད་བསམས་ནས་གཉིད་ཀྱི་ཞིང་ཁམས་སུ་བཞུད།

       ཕྱི་ཉིན་ཁོ་གཉིས་རྒྱལ་བོའི་ཁབ་ཏུ་སོང་སྟེ་རྒྱལ་བློན་ཐམས་ཅད་ལ་བརྡ་བརྒྱབ་སྟེ་གཟིགས་པར་ཕེབས། དེ་ནས་ཆུང་མས་ཕོ་བྲང་གི་ར་བའི་ནང་དུ་ཤིང་ཆ་མང་བོ་སྤུངས་རྗེས་ཐོག་ཏུ་རས་དཀར་ཞིག་བཏིང་ནས་དེ་ཡི་སྟེང་དུ་ཁྱོ་ག་ཙོག་པུར་འདུག་ཏུ་བཅུག་རྗེས་བློན་པོ་འགའ་བོས་ནས་ཤིང་ཆ་ལ་མེ་སྒྲོན་དུ་བཅུག མེ་འབར་མ་ཐག་ཆུང་མས་མེ་ནང་གི་ཁྱོ་གའི་ཐོག་ཏུ་ས་རྫས་དཀར་པོ་དེ་གཏོར་ཞིང་རལ་གྲི་དེའི་ཐོག་གཡུག་པ་ཙམ་གྱིས་བུ་དེ་རུས་པ་སྤར་མོ་གང་དུ་གྱུར། དེ་ནས་རྒྱལ་བློན་ཐམས་ཅད་སེམས་གཏིང་ནས་དགའ་སྟེ་ཡིད་བདེ་བའི་ངང་ཕྱིར་རང་རང་སར་ལོག་གོ །

       ཆུང་མས་རུས་པ་རས་ཐུམ་གྱིས་བཏུམས་ནས་ཡུལ་དུ་སོང་བ་དང་། ཕྱི་དྲོ་ཁོ་སོས་པར་བྱས་རྗེས་བུ་ཆུང་དེ་རྒྱལ་བོའི་གམ་དུ་སོང་བ་ན། རྒྱལ་བློན་ཐམས་ཅད་ཀྱིས་མཐོང་བས་ཚང་མ་སྐྲག་སྟེ་ཁ་ཡང་གྲག་མ་ཐུབ་པར་ཧད་ནས་བསྡད།

       དེ་ནས་བུ་ཆུང་གིས་རྒྱལ་བོ་ལ“རྒྱལ་བོ་རིན་པོ་ཆེ་ལགས། ང་ཚེ་ཕྱི་མ་ནས་ཕྱིར་ཐོན་བྱུང་། ཁྱོད་ཀྱི་ཕ་རྒན་གྱིས་མཛོད་ཁང་གི་ལྡེ་མིག་སྔོན་གྱི་ཉལ་ཁྲི་འོག་ཏུ་བཞག་ཡོད། ཚེ་ཕྱི་མར་ལྡེ་མིག་ཁྱེར་ནས་འགྲོ་ས་ཞིག་ཡོད་མི་སྲིད།    ལོ་འདི་འདྲ་མང་བོ་ཞིག་འགོར་ཡང་ཁྱོད་ཅིའི་ཕྱིར་ང་ལ་བལྟ་རུ་མ་ཡོང་བ་ཡིན། རྒྱལ་བོར་བསྡད་རྗེས་ཕ་རྒན་བརྗེད་སོང་བ་ཡིན་ནམ། ཞེས་སྐད་ཀྱང་བསྐུར་བ་རེད”ཅེས་ཞུས་པར། རྒྱལ་བོ་ངོ་ཚ་དང་དྲན་གདུང་གིས་མ་བཟོད་པར“སྤྲང་ཕྲུག་འདི་ལྟ་བུ་ཞིག་ཕྱི་མར་སོང་ནས་ཕྱིར་ཡོང་ཐུབ་ན་ང་རྒྱལ་བོ་ཞིག་སྨོས་ཅི་དགོས”ཞེས་བསམ་སྟེ་ས་དེའི་འབངས་མི་རྣམས་ལ་བརྡ་བརྒྱབ་སྟེ་སྔར་བུ་ཆུང་དེས་སྒྲུབ་པ་ནང་བཞིན་ཤིང་ཆ་བརྩིགས་པའི་དཀྱིལ་དུ་ཁོ་བཞུགས་ཏེ་བློན་པོ་རྣམས་ལ་མེ་སྒྲོན་ཏུ་བཅུག་ཅིང་། ཁོའི་ཆུང་མས་གང་ཡིན་གྱིས་རྫས་གཏོར་ཞིང་རལ་གྲི་གཡུགས་ནས་གསོན་སྲེག་བྱས། དེའི་རྗེས་སུ་བློན་པོ་རྣམས་ཀྱང་རེ་རེ་བཞིན་གསོན་སྲེག་བྱས་ནས་ཕྱི་མའི་ཡུལ་དུ་ལྟད་མོ་ལ་ཕེབས་སོང་། དེ་ནས་བཟུང་གཡོག་མོའི་བུ་ས་དེའི་རྒྱལ་བོར་བསྡད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་དོ། །


སྐབས་སྔོན་མ། བླུན་པོ་སྟག་གསོད།
སྐབས་རྗེས་མ། བུ་ཆུང་དང་སྦལ་བའི་གཏམ་རྒྱུད།
མཉམ་སྤྱོད།