མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བླུན་པོ་སྟག་གསོད།

2022-11-16 22:18:02   |   232

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


       སྔར་གྲོང་སྡེ་ཞིག་ན། རྒན་མོ་ཞིག་ལ་བུ་ཆེ་ཆུང་གཉིས་ཡོད། གཅེན་པོ་ནི་བློ་རིག་ལྡན་པ་དང་། གཅུང་བོ་ནི་བླུན་པོ་ཞིག་ཡིན།

       ཉིན་ཞིག་གཅུང་བོས་གླང་རྒན་ཁྲིད་ནས་ཆ་མ་འཐུ་རུ་སོང་བ་དང་། ལམ་ཁར་ཆུ་ཞིག་ལ་ལྷམ་མ་ཕུད་པར་བརྒལ་ཏེ་ཕྱིར་ཡུལ་དུ་ལོག་པར། ཁོའི་ཨ་མས“ཕྱིན་ཆད་ཆུར་རྒལ་དུས་ལྷམ་ཕུད་དེ་བརྒལ་དགོས”ཞེས་བསླབ་བྱ་བཏང་།

       ཕྱི་ཉིན་ཡང་གཅུང་བོ་ཆ་མ་འཐུ་རུ་སོང་སྟེ་ཕྱིར་ལམ་ཆུར་རྒལ་སྐབས། ཁོས་གླང་རྒན་ལ། “འུ་གཉིས་ཀར་ཁ་སང་ཨ་མས། ལྷམ་ཕུད་དེ་ཆུར་བརྒལ་དགོས་ཞེས་བཤད་པ་མ་ཡིན་ནམ། ཁྱོད་ཀྱིས་ལྷམ་ཕུད”ཅེས་བཤད། གླང་རྒན་སྔར་བཞིན་བསྡད་པ་ལ། ཁོས“ཡ། ཁྱོད་ཀྱིས་ལྷམ་མི་ཕུད་ན། ངས་ཁྱོད་ལ་ཕུད་རོགས་བྱེད་མ་གཏོགས། འུ་གཉིས་ལ་ཨ་མས་གཤེ་གཤེ་གཏོང་ངེས་རེད”ཅེས་བཤད་དེ། གླང་རྒན་རྨིག་པ་བཞི་ལ་སྟ་རེ་བརྒྱབ་ནས་གཏུབ་པ་དང་། གླང་རྒན་འགྲོ་མ་ནུས་པར་ཁལ་དང་བཅས་པ་འགྱེལ། ཁོས་ཡང་ནས་ཡང་དུ“ཡ་གླང་རྒན། ཁྱོད་འགྲོ་རྒྱུ་མིན་ནམ། ཁྱོད་མི་འགྲོ་ན་ང་འགྲོ་རྒྱུ་ཡིན”ཞེས་བཤད་དེ་འགྲོ་རྩིས་བྱས། དེ་ནས་ཡང་ཕྱིར་རྒྱུག་ཡོང་ནས“ཡ་གླང་རྒན། ཁྱོད་མ་སོང་ན། འུ་གཉིས་ལ་ཨ་མས་གཤེ་གཤེ་གཏོང་ངེས་རེད། ཁྱོད་ཀྱིས་དེ་འདྲ་མ་བྱེད”ཅེས་ཟེར་ནས་གླང་རྒན་ཡང་ནས་ཡང་དུ་ཡར་བསླངས་མོད། འོན་ཀྱང་། གླང་རྒན་གཏན་ནས་ཡར་ལངས་མ་ཐུབ་པར་ལོག་སོང་། ཁོས་གླང་རྒན་ལ་ཕྱག་འཚལ་ནས། ཞུ་བ་མང་བོ་ཕུལ་ཏེ་ཡུན་རིང་འགོར་ཡང་གླང་རྒན་ཡར་ལངས་མ་ཐུབ་པར་བརྟེན། གླང་རྒན་གྱི་རྒྱབ་ཀྱི་ཆ་མ་ཁལ་གཅིག་པོ་ཁོ་རང་ཉིད་ཀྱིས་རྒྱབ་ཏུ་འཁུར་ཏེ་ཕྱིར་ཡུལ་ལ་ལོག

       དེ་ནས་ཁོ་ཕྱིར་ཁྱིམ་དུ་ཐོན་པ་དང་ཁོའི་ཨ་མས“ཁྱོད་ཀྱི་གླང་རྒན་གང་ན་ཡོད”ཅེས་དྲིས་པར། ཁོས“ཨ་མ། གླང་རྒན་དང་ངེད་གཉིས་འགྲོགས་ནས་ཆུ་ཁར་ཐོན་ཚེ། ངས་ལྷམ་ཕུད་དེ་ཆུར་བརྒལ་རྩིས་བྱས་ཀྱང་། གླང་རྒན་གྱི་ལྷམ་གཏན་ནས་མ་ཕུད་པས། ངས་ཁོ་ལ་འུ་གཉིས་ཡུལ་ནས་ཡོང་ཁར། ཨ་མས་ལྷམ་ཕུད་དེ་ཆུ་བརྒལ་དགོས་ཞེས་བཤད་པ་མ་ཡིན་ནམ་ཞེས་ཡང་ཡང་བཤད་ཀྱང་ཁོས་ལྷམ་མ་ཕུད་སྟབས། ངས་ཁོའི་ལྷམ་ལ་སྟ་རེ་བརྒྱབ་སྟེ་ཕུད་རོགས་བྱས་པ་ཡིན་མོད། ད་འུ་གཉིས་མྱུར་མོར་ཡུལ་ལ་འགྲོ། ཨ་མས་གཤེ་གཤེ་གཏོང་རེད་ཅེས་བཤད་ཀྱང་། ཁོ་ཁོང་ཁྲོ་ལངས་ཏེ་ཡུལ་དུ་ལོག་འདོད་མ་བྱུང”ཞེས་བཤད་པར། ཁོའི་ཨ་མས“ཨ་བླུན་ཕྲུག ཁྱོད་ཀྱི་ལྷམ་ཕུད་དགོས་པ་ལས། གླང་རྒན་ལ་ལྷམ་ཞིག་གང་ན་ཡོད། ཁྱོད་ཀྱིས་གླང་རྒན་གྱི་རྨིག་པ་གཏུབ་ནས་ཅི་བྱེད། ད་གླང་རྒན་ཤི་སོང་། སོང་སྟེ་གླང་རྒན་བཤས་ཏེ་ཤ་ཀོ་ཁྱེར་ནས་ཤོག”ཅེས་གཤེ་གཤེ་དྲག་པོ་བཏང་སྟེ་ཁོ་ཕྱིར་མངགས།

       དེ་ནས་ཁོ་གླང་རོ་ལེན་དུ་སྔར་གྱི་ཆུ་ཁ་དེར་སོང་བ་ན། གླང་རྒན་གྱི་རོ་ཐོག་ཏུ་སྟག་ཅིག་ཐོན་ནས་ཟ་བཞིན་པ་མཐོང་། ཁོས“ཨ་ཕོ་སྟག་ཕར་སོང་། ཨ་ཕོ་སྟག་ཕར་སོང”ཞེས་ཟེར་བཞིན་གླང་རོའི་འགྲམ་དུ་སོང་བ་དང་། སྟག་གིས་ཀྱང་ངར་སྒྲ་སྒྲོག་བཞིན་མཆོང་བྱུང་། ཁོས་ཤུགས་གང་ཡོད་ཀྱིས་སྟག་ལ་སྟ་རེ་གཡུགས་ཏེ་བསད།

        དེ་ནས་སྟག་རོ་རྒྱབ་ལ་ཁུར་བ་དང་གླང་རོ་མཆན་ལ་བཅུག་སྟེ་ཕྱིར་ཡུལ་དུ་ལོག་པར། ཡུལ་མི་ཀུན་ཧ་ལས་ཏེ“ཁྱོད་ཀྱིས་སྟག་འདི་ཇི་ལྟར་བསད་པ་ཡིན”ཞེས་དྲིས་པ་ལ། ཁོས“ངས་སྟག་འདི་ལྟར་བསད་པ་ཡིན། ངས་ཨ་ཕོ་སྟག་ཕར་སོང་ཟེར་སྐབས། ཁྱོད་ཀྱིས་མཆེ་བ་གཙིགས་ཏེ་ངར་སྒྲ་སྒྲོག་ཅིག”ཅེས་བཤད། དེར་མི་དེས་ཀྱང་སྟག་ལྟར་ངར་སྒྲ་སྒྲོག་ཁུལ་གྱིས་ཚུར་ཡོང་བ་དང་། ཁོས་ཀྱང“ཨ་ཕོ་སྟག་ཕར་སོང་། ཨ་ཕོ་སྟག་ཕར་སོང”ཟེར་བཞིན་སྟ་རེ་བརྒྱབ་སྟེ་བསད། མཐའ་འཁོར་གྱི་མི་རྣམས་ཧ་ལས་ཤིང་ཧོན་ཐོར་ནས་བྲོས། ཁོས“ཨ་རོག ད་ཡར་ལོངས་ཤིག ངས་སྟག་དེ་འདི་ལྟར་བསད་པ་ཡིན”ཞེས་བཤད་ཀྱང་མི་དེ་ནི་མགོ་ཕྱེད་ཀར་བཏང་སྟེ་ཤི་ཚར་འདུག སྔོན་ཆད་ཡུལ་དེར་སྟག་གི་གནོད་འཚེ་ཆེ་བ་ལ། དེ་ནས་བཟུང་རྒྱུན་ཆད་པས། ཡུལ་མི་ཐམས་ཅད་ཀྱིས་ཁོ་ལ“བླུན་པོ་སྟག་གསོད”ཅེས་གྲགས།

        དེ་ནས་ཉིན་ཞིག ཁོའི་ཕུ་བོས་བླུན་པོ་སྟག་གསོད་ལ། “དེ་རིང་ཁྱོད་ཀྱིས་ཅི་ཡང་བྱེད་མི་དགོས། ཨ་མ་དང་ངེད་གཉིས་ཆ་མ་འཐུ་བར་འགྲོ”ཞེས་བཤད་དེ་ཆ་མ་འཐུ་བར་སོང་བ་རེད། ཡུན་མ་རིང་བར་ཐབ་ཀའི་ཐོག་ནས། ཇ་དེམ་ནང་ནས་ཇ་ཁོལ་ནས་ལྷོག་ལྷོག་ལྷོག་གདུས་པར། ཁོས“ཨ་ཇ་དེམ་ད་སྡོད། འུ་གཉིས་ལ་ཕུ་བོས། དེ་རིང་ཅི་ཡང་བྱེད་མི་དགོས་ཞེས་བཤད་པ་མི་དྲན་ནམ”ཞེས་བཤད་ཀྱང་ཇ་སྔར་བཞིན་གདུས་མཐར། ཁོས་ཇ་དེམ་ལ་སྟ་རེ་བརྒྱབ་ནས་སིལ་བུར་བཅག་པ་རེད། ཅུང་ཙམ་ནས་ཁང་སྒོ་ལ་རླུང་གཡུགས་ཏེ་ཁྲོག་ཁྲོག་ཁྲོག་ཅེས་སྒྲ་གྲགས་པ་དང་། ཁོས་སྔར་བཞིན“ཨ་སྒོ་ད་སྡོད། དེ་རིང་འུ་གཉིས་ལ་ཕུ་བོས། ཅི་ཡང་བྱེད་མི་དགོས་ཟེར་བ་མ་ཡིན་ནམ”ཞེས་ཡང་ནས་ཡང་དུ་བཤད་ཀྱང་རླུང་གཡུགས་མཚམས་མ་བཞག་པར། སྒོ་སྔར་བཞིན་ཁྲོག་སྒྲ་གྲག་པས། མཐར་སྟ་རེ་བརྒྱབ་སྟེ་སྒོ་བཅག་ནས་བསྡད།

       ཕྱི་དྲོ་གཅེན་པོ་དང་ཨ་མ་གཉིས་ཆ་མ་འཐུ་བར་སོང་སྟེ་ཡུལ་ལ་སླེབས་སྐབས། ནུ་བོ་བླུན་པོ་སྟག་གསོད་ཀྱིས་སྒོ་དང་ཇ་དེམ་གཉིས་ཀ་བཅག་ཡོད་པས། རྒྱུ་མཚན་དྲིས་པ་ན། “ཁྱོད་ཀྱིས་ང་ལ་དེ་རིང་ཅི་ཡང་བྱེད་མི་དགོས་ཞེས་བཤད་པ་ལྟར། ང་གཅིག་པུར་ངལ་གསོས་ཏེ་སྡོད་སྐབས། ཇ་དེམ་རང་སར་མ་བསྡད་པར་གླུ་བླངས་པ་དང་སྒོ་སྡོད་མ་ཚུགས་པར་ཁྲེལ་དགོད་བྱས་སྟབས། ངས་ཁོ་གཉིས་ཕུ་བོའི་གསུང་དང་འགལ་འདུག་པ་ཤེས་ཏེ་བསད་པ་ཡིན”ཞེས་བཤད། ཨ་མ་དང་ཕུ་བོ་གཉིས་ཀས། “ཨ་བླུན་ཕྲུག ཕྱིན་ཆད་དེ་འདྲ་བྱེད་མི་ཆོག ཅི་ཞིག་བྱེད་ནའང་བྱེད་དུ་ཆུག”ཅེས་ཁ་ཏ་བསླབ་བྱ་མང་བོ་བཏང་བ་རེད།

       དེ་ནས་ཡང་ཉིན་ཞིག ཁོ་གཅིག་པུར་ཡུལ་ནས་སྡོད་སྐབས། རྐུན་མ་ཞིག་གིས་ལྐོག་ལྟ་བྱེད་བཞིན་པ་མཐོང་། ཁོས་རྐུན་མ་དེ་ལ“་ཁྱོད་ཅི་ཞིག་དགོས་ཀྱང་ཁྱེར་ཆོག དེ་རིང་ང་ལ་ཕུ་བོས་ཁྱིམ་ནས་དོན་ཅི་ཞིག་བྱུང་ཡང་ཁ་ཡ་གཏན་ནས་བྱས་མི་ཆོག་ཅེས་བཤད་ཡོད”ཅེས་ཟེར་ནས་མགོ་རུམ་ལ་བཅུག་སྟེ་ཉལ། ཕྱི་དྲོ་ཁོའི་ཨ་མ་དང་ཕུ་བོ་གཉིས་སླེབས་སྐབས། ཁྱིམ་གྱི་དངོས་པོ་རྩ་ཆེན་ཚང་མ་རྐུན་མ་ཁྱེར་ཟིན། ཁོ་ལ་རྒྱུ་མཚན་དྲིས་པ་ན། དེ་རིང་ང་ལ་ཁྱིམ་ནས་དོན་དག་ཅི་ཞིག་བྱུང་ཡང་ཁ་ཡ་གཏན་ནས་བྱས་མི་ཆོག་ཅེས་བཤད་པ་མ་ཡིན་ནམ། ཁྱིམ་གྱི་དངོས་པོ་ལ་ངས་བདག་བྱེད་དགོས་ཟེར་བ་མེད་ཅེས་བཤད། དེར་ཕུ་བོ་དང་ཨ་མ་གཉིས་ལའང་བྱེད་ཐབས་མ་བྱུང་།

       ཕྱི་ཉིན་ཕུ་བོས་ནུ་བོ་བླུན་པོ་སྟག་གསོད་ལ། དེ་རིང་ཁྱོད་གཞན་ལ་འགྲོ་མི་དགོས། ཨ་མ་དང་ཁྱོད་གཉིས་ཀ་ཡུལ་ནས་སྡོད། རྐུན་མ་ལ་དོགས་ཟོན་བྱོས། གལ་སྲིད་རྐུན་མ་ཅི་ཞིག་མཐོང་ན། སྙིང་རྗེ་བསམ་མི་དགོས་པར་སོད་ཅིག་ཅེས་བཤད། ནུ་བོ་བླུན་པོ་སྟག་གསོད་ཀྱིས་ཀྱང“ལགས་སོ། །ལགས་སོ། །ངས་ཕུ་བོའི་བཀའ་བཞིན་བསྒྲུབ་ངེས་ཡིན”ཞེས་བཤད་དེ་མ་བུ་གཉིས་ཡུལ་ནས་བསྡད། ཕུ་བོ་རི་མགོར་ཆ་མ་འཐུ་བར་སོང་བ་རེད། ནུ་བོ་བླུན་པོ་སྟག་གསོད་ཀྱིས་བློ་རིག་སྒྲིམ་ནས་ཉིན་གང་བོར་རྐུན་མར་སྒུག་ཀྱང་ཅི་ཡང་མ་མཐོང་། ཕྱི་དྲོ་ཙམ་ལ། ཁོའི་ཨ་མའི་སྟེང་ན་ཤིག་ཅིག་འགྲོ་བཞིན་པ་མཐོང་སྟེ། ཁོས་རྐང་འཇབ་ལག་འཇབ་ངང་ཤུགས་གང་ཡོད་བཏོན་ནས་སྟ་རེ་བསྣུན་པ་དང་ཁོའི་ཨ་མ་བསད། ཁོས“ཨ་མ”ཞེས་ཐེངས་དུ་མར་བོས་ཀྱང་ཡར་ལངས་རྒྱུ་མ་བྱུང་། ས་སྲོས་མཚམས་སུ། ཕུ་བོ་ཡུལ་དུ་ལོག་ཚེ། ཁོས་ཨ་མ་བསད་ཡོད་པ་མཐོང་། ཁོས་མྱུར་མོ་ནུ་བོ་བོས་ཏེ་རྒྱུ་མཚན་དྲིས་པ་ན། ནུ་བོ་བླུན་པོ་སྟག་གསོད་ཀྱིས“ཁྱོད་ཀྱིས་བཤད་པ་ལྟར་ངས་དེ་རིང་ཉིན་གང་བོར་རྐུན་མར་སྒུག་ཀྱང་མ་ཡོང་། ཕྱི་ཡོལ་ཙམ་ལ། ཨ་མའི་སྟེང་དུ་ཤིག་འགྲོ་བ་མཐོང་བས། ཁྱོད་ཀྱི་དེ་རིང་ཅི་ཞིག་མཐོང་ན་སོད་ཅིག་ཅེས་བཀའ་སྩལ་པ་ལྟར་ཤིག་ལ་སྟ་རེ་བརྒྱབ་ནས་བསད་པ་ཡིན་མོད། འོན་ཀྱང་། ཨ་མ་ཁོང་ཁྲོ་ལངས་ཏེ་ད་བར་དུ་ཡར་ལངས་མ་བྱུང”ཞེས་ཟེར། ཕུ་བོས“ཨ་བླུན་ཕྲུག ཁྱོད་ཀྱིས་ཤིག་ལ་སྟ་རེ་བརྒྱབ་ནས་འུ་གཉིས་ཀྱི་ཨ་མ་བསད་པ་རེད”ཅེས་སྡང་སྡིགས་མང་བོ་བྱས། མཐར་སང་ཉིན་ཁྱོད་དགོན་པའི་ནང་དུ་ཨ་མའི་དགེ་ཐོག་ལ་གྲྭ་བ་འགའ་ཞིག་གདན་འདྲེན་དུ་སོང་། ངས་ཡུལ་ནས་དགེ་རྩར་གྲ་སྒྲིག་བྱེད་ཅེས་བཤད།

       ཕྱི་ཉིན་ནམ་གསལ་མ་ཐག ནུ་བོ་བླུན་པོ་སྟག་གསོད་དགོན་པའི་ནང་དུ་གྲྭ་བ་གདན་འདྲེན་དུ་སོང་སྟེ། འདུ་ཁང་ནང་གི་འབག་སྐུ་རེ་རེ་བཞིན་ཕྱག་ལ་འཇུས་ཏེ། “ཁྱོད་ངའི་ཨ་མའི་དགེ་ཐོག་ལ་ཤོག ཁྱོད་ངའི་ཨ་མའི་དགེ་ཐོག་ལ་ཤོག”ཅེས་ཟེར་བཞིན་མགོ་ནས་མཇུག་བར་རེ་རེ་བཞིན་ཕྱག་འཇུ་བྱེད་སྐབས། འབག་སྐུ་ཞིག་གི་ཕྱག་ཆག་ནས་ཁོའི་ལག་ལ་ལྷུང་བྱུང་།

       ཁོས་ཕྱག་ཆག་འཕྲོ་དེ་ཁྱེར་ནས་ཕྱིར་ལམ་ལ་ཆས། ལམ་བར་དུ་ཆར་བ་ཆེན་པོ་ཞིག་བབས་པས། ཁོས་ཕྱག་ཆག་འཕྲོ་དེ་ཕྱི་ནས་བཞག་སྟེ་རང་ཉིད་བྲག་ཁུང་དུ་ཆར་གཡོལ་བྱས། ཆར་བ་ཆད་རྗེས་ཕྱག་ལག་ཁྱེར་རྩིས་བྱེད་སྐབས་ཤུལ་དུ་ས་དམར་ཙམ་ལས་ཅི་ཡང་མི་འདུག་པས། ཁོ་གཅིག་པུར་ཡུལ་ལ་ལོག་པ་ན། ཕུ་བོས“ཁྱོད་ཀྱིས་གྲྭ་བ་གདན་འདྲེན་ཞུས་ཡོད་དམ”ཞེས་དྲིས་པར། ཁོས“ངས་གྲྭ་བ་ཐམས་ཅད་ལ་ཨ་མའི་དགེ་ཐོག་ལ་ཤོག་ཅེས་བཤད་མོད། འོན་ཀྱང་། གྲྭ་བ་གཅིག་མ་གཏོགས་ཡོང་མཁན་མ་བྱུང་། གྲྭ་བ་ཁྱེར་ནས་ཡོང་སྐབས། ཆར་བ་ཆེན་པོ་ཞིག་བབས་པས། ངས་བྲག་ཕུག་ཏུ་ཆར་གཡོལ་བྱས་ཏེ་ཕྱིར་སླེབས་དུས། གྲྭ་བ་དེས་ཀྱང་སྐྱག་པ་ཞིག་བཏང་སྟེ་ཕྱིར་དགོན་པར་བྲོས་སོང”ཞེས་བཤད། ཕུ་བོ་ཞིབ་ཏུ་བསམ་བློ་བཏང་རྗེས། “ཨ་བླུན་ཕྲུག དེ་གྲྭ་བ་གང་ནས་ཡིན། འབག་སྐུ་རེད”ཅེས་གཤེ་གཤེ་བཏང་བ་དང་། དེ་ནས་ཕུ་བོ་དགོན་པའི་ནང་དུ་གྲྭ་བ་གདན་འདྲེན་དུ་སོང་སྟེ་ཨ་མ་ལ་དགེ་རྩ་རྒྱ་ཆེན་པོ་བསྒྲུབས་པ་རེད།

       དེ་ནས་ལོ་ཤས་འདས་ཀྱང་ནུ་བོ་བླུན་པོ་སྟག་གསོད་ཀྱིས་ཉིན་རེ་ལས་ཉིན་རེར་བླུན་རྟགས་མང་བོ་བསྟན་པ་དང་། ཉིན་ཞིག་ཕུ་བོའི་ཆུང་མས། མེ་རྟགས་ཆུང་དུས་མ་བསད་ན། ཆེ་དུས་རི་བོ་བསྲེག་ཚུལ་ཡོད། ཅེས་པ་ལྟར། ཁྱོད་ཀྱི་ནུ་བོ་བླུན་པོ་སྟག་གསོད་འདི་མེད་པར་མ་བཏང་ན། ནམ་ཞིག་འུ་གཉིས་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་འབྱུང་རྒྱུ་རེད་ཅེས་བཤད། ཁྱོ་ཤུག་གཉིས་ཀྱིས་ཕན་ཚུན་གྱིས་རྣ་ལ་ཤུབ་ཤུབ་མང་བོ་ཞིག་བཤད་དེ། ནུ་བོ་བླུན་པོ་སྟག་གསོད་གསོད་པའི་ཐབས་ཤེས་ལེགས་པོ་ཞིག་གི་གྲ་སྒྲིག་བྱས་ཤིང་། དེའི་ཕྱི་ཉིན་ཕུ་བོས་ནུ་བོ་བླུན་པོ་སྟག་གསོད་ལ། དེ་རིང་ཕྱི་དྲོ་རི་འདིའི་ཕར་རྒྱབ་ན། རྡོ་ཕ་བོང་དམར་ནག་ཅིག་ཡོད། ཁྱོད་དེར་འཇུས་ཏེ་མ་ཤོར་བ་བྱས། སྒྲ་ཅི་འདྲ་གྲགས་ཀྱང་མ་གཏོང་དང་ང་སླེབས་ངེས་ཡིན་ཞེས་བཤད།

      ཕྱི་ཉིན་དེར་ཁོས་རྡོ་ཕ་བོང་ཞིག་གི་ཐོག་ལ་མེ་བུས་ཏེ་དམར་ནག་ཏུ་བཏང་སྟེ་བཞག་པ་ལ་ཕྱི་དྲོ་ནུ་བོ་དེར་ཐོན། ནུ་བོ་བླུན་པོ་སྟག་གསོད་ཀྱིས“ཤ་ཚུགས་ནས་རུས་པར་ཐུག་ཀྱང་ཕུ་བོ་མ་ཐོན་པར་གཏོང་རྒྱུ་མིན”ཞེས་བཤད་ནས། མཐར་རང་ཉིད་རྡོ་ཕ་བོང་དེའི་སྟེང་དུ་ཐལ་དུ་གྱུར་པ་རེད།


མཉམ་སྤྱོད།