དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྒྱལ་བོ་མུ་ཏིག་སྐྱུག་པ།

2022-11-16 22:17:16   |   767

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


       གནའ་སྔ་མོ་ཞིག་ལ། ས་ཆ་ཞིག་ན་རྒྱལ་བོ་ཆེན་པོ་ཞིག་ཡོད་པར། མི་གཤིས་ཧ་ཅང་བཟང་ལ་རི་མོ་དང་མཛེས་རྩལ་ལ་མཁས་པ། ཁ་མང་བོ་མི་གྲག་པ། ལྷག་པར་དུ་གད་མོ་མི་དགོད་པ། གལ་ཏེ་དོན་རྐྱེན་ཞིག་བྱུང་ནས་བགད་པས་ན། མུ་ཏིག་མང་བོ་བསྐྱུགས་པས་ཁོང་གི་མིང་ལ་རྒྱལ་བོ་མུ་ཏིག་སྐྱུག་པ་ཞེས་བཏགས།

       ཉིན་ཞིག་ལ་ཁོང་གི་གྲོགས་མཆོག་རྒྱལ་བོ་ཀླུ་བཙན་ཞེས་པ་དེས་ང་ལའང་མུ་ཏིག་ཅིག་སྐྱུག་རོགས་ཞེས་གདན་འདྲེན་ཞུས། རྒྱལ་བོས་གྲོགས་པོའི་བར་གྱི་མཛའ་བརྩེ་བསམ་ནས་རྒྱལ་བོ་ཀླུ་བཙན་ཚང་ལ་ཕེབས་རྒྱུ་ཐག་བཅད། རྒྱལ་བོ་ཀླུ་བཙན་ཚང་ལ་ཕེབས་རྒྱུ་ཐག་བཅད་པ་ནས་བཟུང་། རྒྱལ་བོའི་བཙུན་མོ་ཉིན་ལ་མཚན་མཐུད་དེ་ངུས་བསྡད་དེ་ཟས་ཀྱང་མ་ཟོས། རྒྱལ་བོས་སྐད་སྙན་ལ་ཚིག་མཛེས་པ་བརྒྱ་བཤད་སྟོང་བཤད་བྱས་ཀྱང་བཙུན་མོས་ཁྱོད་སོང་རྗེས་སུ་ངས་ཁྱོད་དྲན་ནས་འདུག་བཟོད་མེད་སྟབས། མོ་གཅིག་པོ་འདུག་པ་ལས་ཤི་ན་བཟང་ཟེར་ནས་འགྲོ་རུ་མི་འཇུག་གྲབས་བྱས།

       རྒྱལ་བོའི་སེམས་སུ་མ་སོང་ན་ག་ལ་འགྲིག་རྒྱལ་བོའི་གསུང་གཅིག་ཟེར་བས་ངས་རང་གི་ཚིག་ལ་མ་རྩིས་ན་རྗེས་སོར་ངའི་འབངས་མིས་ཀྱང་ང་མི་བརྩི་མི་བཀུར། འགྲོ་རྒྱུ་བྱས་ན་བཙུན་མོ་སྙིང་མ་རྗེ། ངའི་དོན་དུ་སྡུག་བསྔལ་གྱིས་ཟས་མི་ཟ་བར་མ་ཟད་ཚེ་འདི་ནས་ཀྱང་འདུག་འདོད་མེད་པ་འདི་ནི་ང་རང་ལ་མཁོ་བའི་བརྩེ་དུང་ཟེར་བ་དེ་མ་ཡིན་ནམ་བསམ་སྟེ་འགྲོ་ན་འགྲོ་མི་ཐུབ། འདུག་ན་འདུག་མི་ཐུབ་པར་གྱུར་པའི་སྐབས་དེར། ཁོང་གི་ཅོག་ཙེའི་ཐོག་གི་མེ་ལོང་ནང་དུ་རང་གི་གཟུགས་བརྙན་ཤར་འོངས་པ་མཐོང་ནས་བཙུན་མོ་ལགས། ང་སོང་རྗེས་སུ་ངའི་གཟུགས་བརྙན་དེ་མེ་ལོང་ནང་དུ་ད་ལྟ་ཤར་བ་ལྟར་དུ་བསྡད་ན་ཅི་མ་རུང་ཟེར་བར།

      བཙུན་མོས་རྒྱལ་བོ་ལགས། ཁྱེད་ཀྱིས་རི་མོ་འབྲི་ཤེས་པ་མ་ཡིན་ནམ། མེ་ལོང་ནང་དུ་ཤར་ཡོད་པའི་གཟུགས་དབྱིབས་ལ་བལྟས་ནས་རང་གི་པར་ཞིག་བྲིས་ཏེ་ངའི་སྔས་མགོར་སྦྱར་ན། ངས་ནམ་ཡང་ཁྱེད་མཐོང་ཐུབ་པས་ཁྱེད་དེ་འདྲ་ཞིག་མི་དྲན་ཞེས་བཤད།

      རྒྱལ་བོས་ངས་གཟུགས་རིས་དེ་འདྲ་འབྲི་མི་ཤེས་ཞེས་བཤད་ཀྱང་བཙུན་མོས་ཁ་མ་ཉན་པར་མེ་ལོང་ནང་དུ་བལྟས་ནས་རང་གི་གཟུགས་རིས་ཤིག་བྲིས་ཏེ་བཙུན་མོའི་སྔས་མགོར་སྦྱར། བཙུན་མོས་གཟུགས་རིས་ལ་བལྟས་ནས་དུས་ཐུང་ངུའི་ནང་དུ་ཕྱིར་ལོག་ན། ངས་ཁྱེད་ཀྱི་གཟུགས་རིས་འདིར་བལྟས་བསྡད་ན་ཆོག་མོད། འོན་ཀྱང་དུས་ཡུན་རིང་ན་གཟུགས་རིས་ཀྱིས་ཞལ་བརྡ་གནང་མི་ཤེས་པས་ཁྱེད་དྲན་ཐག་ཆོད་ཡིན་ཟེར།

       དེ་ནས་རྒྱལ་བོ་ཆེན་པོ་དེས་མགྱོགས་པོར་ཕྱིར་སླེབས་རྒྱུ་བྱས་ཏེ་འཁོར་གཡོག་རྣམས་ཁྲིད་དེ་ལམ་ལ་ཆས། ཁོང་རྣམས་ཡུལ་ལྗོངས་ཤིན་ཏུ་མཛེས་པའི་མཚོ་ཆེན་ཞིག་གི་ཁར་སླེབས་ནས་ངལ་གསོ་བྱས་བསྡད་པར། ཁོང་རྣམས་བསྡད་ཡོད་པའི་ས་དང་ཐག་མི་རིང་བའི་མཚོ་ཁ་ན་ཆུ་བྱ་ངུར་བ་གཉིས་ཀྱིས་གཅིག་གིས་གཅིག་ལ་སྒྲོ་ལས་བྱེད་ཀྱིན་འདུག་པ་དང་གཅིག་གིས་གཅིག་གི་ཁ་ནང་དུ་ཉ་ཕྲུག་འཇོག་གིན་འདུག་པ་རྒྱལ་བོས་མཐོང་སྟེ་སེམས་ལ་འདབ་ཆགས་བྱ་ཡིན་ཡང་ཕན་ཚུན་ལ་འདི་འདྲའི་བརྩེ་དུང་ཟབ་མོ་ཡོད་པ་རེད་བསམས། ཡིན་ནའང་ཅང་མ་འགོར་བར་བྱ་ངུར་གཅིག་འཕུར་སོང་བ་ལ། ངུར་བ་གཞན་ཞིག་འཕུར་འོངས་པ་དང་སྔོན་གྱི་ངུར་བ་དེ་ལྟར་གཅིག་གིས་གཅིག་ལ་སྒྲོ་ལས་བྱས་པ་དང་ཁ་ནང་ལ་ཟས་འཇོག་རེས་བྱས། རྒྱལ་བོས་དེ་མཐོང་མ་ཐག་ཏུ་ཡང་ལྷག་པར་དུ་ཡ་མཚན་སྐྱེས་ཏེ་འདབ་ཆགས་ཡིན་ཡང་ཕན་ཚུན་ལ་རྐུ་བྱེད་ཤེས་པ་རེད་ཅེས་ཁེར་བཤད་བྱས། ཁོས་བྱ་ངུར་བ་དེའི་སྤྱོད་པ་དང་ཁོ་རང་ཡོང་སྐབས་བཙུན་མོ་ངུ་བཞིན་པའི་སྤྱོད་པ་གཉིས་འབྲེལ་ཏེ་ངའི་བཙུན་མོས་ང་སོང་ཤུལ་ནས་དེ་འདྲ་བྱེད་དམ་མི་བྱེད་ཅེས་རང་གིས་རང་ལ་དྲིས་ཤིང་། ཞེ་མི་བདེ་བར་བཙུན་མོར་ལྐོག་ལྟ་ཞིག་བྱེད་དུ་འགྲོ་དགོས་བསམས་ཏེ་འཁོར་གཡོག་རྣམས་ལ་ཕྱིར་འགྲོ་རྒྱུའི་བཀའ་བབས།

       ཕྱིར་རང་གི་རྒྱལ་སར་འགྲོ་བའི་ལམ་རྐེད་དུ་སྔོན་ཁོ་ཚང་དུ་བསྡད་མྱོང་བའི་ཚོང་བ་ཆེན་པོ་ཞིག་ཡོད་པ་དེར་ཐུག ཁོང་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་བྱས་རྗེས། ཚོང་བ་ཆེན་པོས་རྒྱལ་བོ་ཆེན་པོ་ལགས། ཁྱེད་འདི་ལྟར་བརྗིད་བརྗིད་རྔམ་རྔམ་དུ་གང་ལ་ཕེབས་ནས་ཕྱིར་ལོག་པ་ཡིན་ཞེས་དྲིས་པར། རྒྱལ་བོས་ང་ནི་གྲོགས་པོ་ཞིག་གི་ཁྱིམ་ལ་མུ་ཏིག་སྐྱུག་ཏུ་འགྲོ་རྒྱུ་ཟེར་ནས་དེར་འགྲོ་གྲབས་བྱས་པ་ཡིན་མོད། འོན་ཀྱང་ལམ་རྐེད་དུ་བྱ་ངུར་བ་གཉིས་ཀྱིས་གཅིག་གིས་གཅིག་ལ་སྒྲོ་ལས་བྱེད་བཞིན་འདུག་པ་དང་ཕན་ཚུན་གྱི་ཁ་ནང་དུ་ཟས་འཇོག་པའི་བརྩེ་དུང་ལ་བལྟས་ན་ཕན་ཚུན་བསླུ་མི་སྲིད་པ་འདྲ། ཡིན་ནའང་ངུར་བ་གཅིག་འཕུར་ཤུལ་ནས་ངུར་བ་གཞན་ཞིག་འོངས་པ་ལའང་བརྩེ་དུང་དེ་ལྟ་བུ་ཞིག་བསྟན་པས། མི་ནི་དེ་ལྟར་ཨེ་ཡིན་སྙམ་ནས་ཕྱིར་ཕོ་བྲང་དུ་སོང་སྟེ་ངའི་བཙུན་མོ་ལ་ལྐོག་ལྟ་ཞིག་བྱེད་དགོས་བསམས་པ་ཡིན་ཞེས་དྲང་བཤད་བྱས། ཚོང་བ་ཆེན་པོས་མིའང་དེ་ལྟར་ཡིན་པ་རེད། དེ་ལྟར་མི་བྱེད་པའི་མི་ཧ་ཅང་དཀོན་ཞེས་བཤད།

       རྒྱལ་བོས་ངའི་བཙུན་མོ་ནི་དེ་ལྟར་མིན་པ་འདྲ། ང་ལམ་ལ་ཆས་སྐབས་བྲལ་འདོད་མེད་པར་སེམས་ཁྲལ་བྱས་ནས་ཉིན་འགར་ཟས་ཀྱང་མི་ཟ་ཟེར་བ་སོགས་རྒྱུ་མཚན་ཡོངས་སུ་ཚོང་བ་ལ་བཤད།

       ཚོང་བས་དེ་ནི་ཕྱི་ཚུལ་ཙམ་ཡིན་པ་རེད། ལྷག་པར་དུ་ཕོ་བྲང་ནས་བཞུགས་པའི་ཟས་གོས་ལ་འདང་རྒྱག་དང་དོན་འགྲུབ་མིན་ལ་འདང་རྒྱག་མེད་པའི་མི་རྣམས་ཀྱི་སྤྱོད་པ་དེ་ཕྱི་ཚུལ་ཙམ་ཡིན་པ་རེད་ཟེར། རྒྱལ་བོས་ཡིད་མ་ཆེས་པས། ཚོང་བས་ཡང་རྒྱལ་བོར་རྒྱལ་བོ་ལགས། གལ་ཏེ་བདེན་པར་མི་འདོད་ན་ངས་རྒྱན་འཇོག་ཐུབ་ཅེས་ཟེར།

        རྒྱལ་བོས་རྒྱན་ཇི་ལྟར་འཇོག་རྒྱུ། གལ་ཏེ་ཁྱེད་ཀྱིས་རྒྱན་ལོན་པ་དང་ཡང་ན་ངས་རྒྱན་ལོན་སོང་ན་ཇི་ལྟར་བྱེད་རྒྱུ་ཞེས་དྲིས། ཚོང་བས་ཁྱེད་ཀྱིས་བདེན་པ་རེད་མི་འདོད་ན་ང་དོ་ནུབ་ཁྱེད་ཚང་ལ་སོང་ནས་ཁྱེད་ཀྱི་བཙུན་མོ་དགའ་གྲོགས་སུ་འགུགས། གལ་ཏེ་ངས་དགའ་གྲོགས་སུ་འགུགས་མ་ཐུབ་ན་ངའི་མཛོ་བརྒྱ་ལ་ཁལ་བརྒྱ་བཀལ་ཡོད་པ་དེ་གཅིག་ཀྱང་མི་དགོས་པར་ཁྱེད་ལ་སྟེར། གལ་ཏེ་ངས་དགའ་གྲོགས་སུ་འགུགས་ཐུབ་སོང་ན་ཁྱེད་རང་སྡུག་ཡིན་པ་ལས་ཕྲག་དོག་བྱེད་མི་ཆོག་ཟེར་བ་ལ། རྒྱལ་བོའང་འཐད་པ་བྱུང་སྟེ་ཚོང་བ་སྔོན་ལ་སོང་ནས་རྒྱལ་བོའི་ཕོ་བྲང་དུ་གནས་ཚང་གཡར་ཏེ་ཞག་འདུག་བྱས།

       རྒྱལ་བོས་འཁོར་གཡོག་རྣམས་ཕོ་བྲང་དང་ཐག་མི་རིང་བའི་ས་ནས་བཞག་སྟེ་ནམ་དཀྱིལ་ཐོན་དུས་ཕོ་བྲང་ནང་དུ་ལྐོག་ལྟ་བྱེད་དུ་སོང་། རྒྱལ་བོའི་བཙུན་མོའི་གཟིམ་ཁང་གི་དཀར་ཁུང་ནང་ནས་བལྟས་བསྡད་པར། ཚོང་དཔོན་ཡོང་ནས་བཙུན་མོའི་གཟིམ་ཁང་གི་སྒོ་རྡུང་། ཐོག་མར་བཙུན་མོས་ཁྱེད་ལ་འདུག་ས་ཟ་ས་བཀོད་སྒྲིག་བྱས་ཡོད་པས། ནམ་དཀྱིལ་ལ་ངའི་སྒོ་རྡུང་དོན་ཅི་ཡིན་ཟེར་ནས་སྡིགས་སྨོད་བྱས། ཚོང་དཔོན་གྱིས་འཛུམ་ཤིག་ཤིག་གིས་ཟ་ས་འདུག་སའི་སྐོར་ལ་བཤད་རྒྱུ་ཅི་ཡང་མེད། ན་ནིང་ང་ཁྱེད་ཚང་ནས་འདུག་དུས་སུ་ཁྱེད་ཁ་ཕར་འཁོར་གཞུག་ནས་བལྟས་ན་གཟུགས་སྐྱེས་སྨྱུག་མ་ཚིགས་དྲུག་འདྲ་བར་དྲང་ཤ་ལེར་ཡོད་པ་དང་། ཚུར་འཁོར་སྔོན་ནས་བལྟས་ན་ཚེས་བཅོ་ལྔའི་ཟླ་བ་ཤར་འདྲ་བར་དཀར་ཞིང་གསལ་ལམ་མེར་ཡོད་པ། མིག་ཁྲ་ཆེན་སྨིན་དྲུག་ཁྲ་མོ་བཞིན་གཞན་གྱི་མིག་དབང་འཕྲོག་ནའང་། དེ་དུས་རྒྱལ་བོ་ཆེན་པོ་བཞུགས་འདུག་པས། ཁ་བགད་དེ་ཚིག་གསུམ་བཤད་དབང་མ་བྱིན། ད་རེས་རྒྱལ་བོ་རིན་པོ་ཆེས་ཁྱེད་བཞག་ནས་རྒྱལ་ཁམས་གཞན་ལ་མིང་དུ་མུ་ཏིག་སྐྱུག་ཏུ་སོང་བ་དང་དོན་དུ་དགའ་མ་འཚོལ་དུ་སོང་བས། ཁྱེད་ཀྱི་ཡག་མོ་སྒོ་ལ་བལྟ་བ་དང་གསུང་སྙན་མོར་ཉན་བསམ་པ་ཡིན་ཞེས་བཤད།

       དེ་ནས་བཙུན་མོས་སྐད་ཇེ་འཇམ་ལ་བཏང་ནས་ང་དེ་འདྲའི་མཛེས་མ་ཞིག་གང་ནས་ཡིན། ལྟ་བསམ་ན་ཉིན་དཀར་ལྟོས་དང་ཆོག་པས། ནུབ་མོ་ལྟ་བའི་དགོས་པ་མེད་ཟེར་བ་ལ་རྒྱལ་བོའི་སེམས་སུ་རང་གི་ནག་མོ་ནི་དེ་འདྲའི་མགོ་སྟོང་ཞིག་མིན་པ་འདྲ་བསམས་ནས་སེམས་བདེ་བདེ་བྱས་ཏེ་བལྟས་བསྡད།

       ཚོང་བས་ཡང་ངོ་བསྟོད་ཀྱིས་ང་ཚོང་བ་ས་གང་དང་གང་ལ་མ་སོང་བ་མེད་པ་དང་བུ་མོ་མཛེས་མའང་མང་བོ་མཐོང་ཡང་ཁྱེད་ལྟ་བུ་ཞིག་མཐོང་མ་མྱོང་། ངའི་མིག་ལམ་དུ་དུས་རྒྱུན་ཁྱེད་ཤར་ནས་གཉིད་མི་འོང་བས། ཁྱེད་ཀྱི་རྒྱལ་བོའི་ཚབ་ཏུ་ངས་ཁྱེད་ལ་འདུག་རོགས་བྱེད་བསམ་མོད། ཁྱེད་ཀྱིས་སྒོ་མི་ཕྱེ་ན་ང་སྒོ་ཁ་རུ་བསྡད་དེ་ངེད་གཉིས་ཀྱིས་ཁ་བརྡ་ཅུང་ཙམ་བྱས་ནའང་ངའི་སྐྱིད་ཅིག་ཡིན་པ་རེད་ཅེས་བཤད་མཐར། བཙུན་མོས་སྒོ་ཁར་བསྡད་དེ་ཁ་ཏ་བྱེད་པའི་དཔེ་གང་ན་ཡོད་ཟེར་ནས་སྒོ་ཕྱེས་ཏེ་ཚོང་བ་དེ་མོའི་གཟིམ་ཁང་ནང་ལ་འོངས་སུ་བཅུག རྒྱལ་བོས་མགོ་བོ་གཡུག་གཡུག་བྱས་ཏེ་ངའི་ནག་མོའང་ཁ་ཡག་ཁོག་མི་དྲང་བས་བྱ་ངུར་བ་དང་མཚུངས་པ་རེད་བསམས།

       ཚོང་བ་དེ་སྔོན་ལ་ཉལ་ཁྲིའི་རྩར་བསྡད་དེ་ཁང་བ་དང་ཉལ་ཁྲི་ལ་བསྟོད་པའི་ཚིག་འགའ་བཤད་པ་དང་། དེས་ནས་རུམ་ནས་གསེར་ནག་གི་གདུ་གུ་ཞིག་བླངས་ཤིང་བཙུན་མོའི་ལག་མགོར་བསྐོན་ཏེ་འདི་ལྟ་བུའི་གདུ་གུ་ཁྱེད་ལ་མང་བོ་ཡོད་རུང་། ང་ཁྱེད་ལ་དགའ་བའི་བསམ་པ་མཚོན་ཆེད་དུ་དྲན་རྟེན་ཞིག་འབུལ་བ་ཡིན་པས་མི་དགོ་མི་ཟེར་བར་ལེན་རོགས་ཞུ་ཟེར་བར། བཙུན་མོས་ཀྱང་མི་འདོད་པའི་རྣམ་འགྱུར་ཅི་ཡང་མི་སྟོན་པར་མ་ཟད། སྔས་འབོལ་ཞིག་བླངས་ཏེ་རང་གི་ཟུར་ལ་བཞག ཚོང་བ་དེ་ཉལ་ཁྲིའི་ཐོག་ཏུ་ཉལ་བསྡད་དེ་སྔས་མགོའི་གྱང་ངོར་སྦྱར་ཡོད་པའི་གཟུགས་རིས་ལ་བལྟས་ནས་རྒྱལ་བོའི་གཟུགས་རིས་འདི་སུས་བྲིས་ཏེ་ཁྱིམ་འདི་ལ་སྦྱར་བ་ཡིན་ཞེས་དྲིས་པར། བཙུན་མོས་གཟུགས་རིས་འདི་ནི་ངེད་ཚང་གི་རྒྱལ་བོ་ངོ་ཚ་མེད་པར་འགྲོ་དུས་སུ་མོས་ཁོ་དྲན་འདུག་ན་འདིར་ལྟོས་ཟེར་ནས་ཁོ་རང་གིས་བྲིས་ཏེ་སྦྱར་བ་རེད་ཅེས་ལན་བཏབ་པས། རྒྱལ་བོས་རང་གི་བཙུན་མོའི་བྱ་བ་སྤྱོད་པ་དེ་མཐོང་ནས་སྐྱུག་ལོག་སྟེ་འགྲོ་ཐེངས་གཅིག་གིས་རང་གི་གྲོགས་པོ་ཚང་ལ་སླེབས།

      ཁོང་གྲོགས་པོ་ཚང་ལ་ཐོན་དུས། གྲོགས་པོའི་སེམས་ཤིན་ཏུ་དགའ་ནས་སྟོན་མོ་རྒྱ་ཆེན་བཤམས་ཏེ་ཉིན་མཚན་བདུན་ལ་གླུ་ལེན་གར་རྩེད་བྱས། དེ་ནས་གྲོགས་པོས་རྒྱལ་བོ་བགད་དེ་མུ་ཏིག་སྐྱུག་ཆེད་དུ་རྒད་པོ་རྩེ་བཤད་ལ་མཁས་པ་ཞིག་ཁྲིད་འོངས་ནས་ཀུ་རེ་རྩེ་མོ་དང་དགོད་གཏམ་སོགས་གང་མང་བཤད་དུ་བཅུག་ཀྱང་རྒྱལ་བོའི་སེམས་སུ་སྡུག་ཡོད་པས་དགོད་རྒྱུ་མ་བྱུང་། གྲོགས་པོས་ཡང་བོའུ་འཕེན་མཁན་དང་རྟ་རྒྱུག་མཁན་མང་བོ་ཁྲིད་འོངས་ནས་བོའུ་འཕེན་ལུགས་འདྲ་མིན་སྣ་ཚོགས་དང་རྟ་རྩལ་སྣ་ཚོགས་བསྟན་ཡང་དགོད་རྒྱུ་མ་ཡོང་། ཡང་གཞོན་ནུ་ཕོ་མོ་མཛེས་སྡུག་ཅན་མང་བོ་ཁྲིད་འོངས་ནས་གླུ་བླངས། བྲོ་གར་རྩེད་ཀྱང་དགོད་རྒྱུ་མ་བྱུང་།

      དེ་ནས་གྲོགས་པོས་རྒྱལ་བོ་ལགས། ཁྱེད་འདིར་ཕེབས་ནས་ལོ་ཕྱེད་ཙམ་འགོར་སོང་ལ། ཁྱེད་ལ་ཅི་འདྲའི་དགོད་བྲོ་བའི་གཏམ་དང་དབྱངས། ཚིག་མང་བོ་བཤད་ཀྱང་བགད་ནས་མུ་ཏིག་སྐྱུག་པ་ཕར་ཞོག དུས་རྒྱུན་ཐུགས་མཉེས་ཤིང་ཟས་མི་འདྲེན་པས་འདི་ལྟར་དུས་འགོར་ན་སྐུ་ལུས་ལ་མི་བཟང་སྟབས་ཕྱིར་རང་རྒྱལ་དུ་ཕེབས་རོགས་ཞུ་ཞེས་བཤད།

       རྒྱལ་བོས་རང་གཉིས་གྲོགས་པོ་ཡིན་པས་ཁྱེད་ཀྱིས་ངའི་ལུས་པོའི་བདེ་ཐང་ལ་སེམས་ཁུར་གནང་བ་བཀའ་དྲིན་ཞུ། འོན་ཀྱང་ཁྱེད་ཀྱིས་ང་ཕྱིར་རྒྱལ་སར་ཕེབས་རོགས་ཞུ་བ་དེ་མིན་པ་རེད། ངས་ཁྱེད་ལ་མུ་ཏིག་སྐྱུགས་རྗེས་ང་མྱུར་དུ་འགྲོ་ཞེས་ཟེར།

       གྲོགས་པོས་དེ་ན་དོ་དགོང་ངེད་ཀྱི་བཙུན་མོ་དང་ང་ཚོས་དགོང་ཟས་མཉམ་དུ་འདྲེན་ཞེས་བཤད་དེ་ཕྱིར་ཕེབས། དགོང་མོ་རྒྱལ་བོ་དང་ཁོའི་གྲོགས་པོ་བཟའ་ཟླ་གཉིས་པོས་དགོང་ཟས་མཉམ་དུ་འདྲེན་པར་རྒྱལ་བོའི་གྲོགས་པོས་རང་གི་བཙུན་མོར་ཀུ་རེས་ཀྱིས་ང་ཕྱོགས་གཞན་དུ་སོང་ནས་ཅི་འདྲ་འགོར་ཡང་ངའི་བཙུན་མོས་ང་མི་དྲན་པ་རེད་ཅེས་བཤད།

      བཙུན་མོས་ཁྱེད་ཀྱིས་ངས་ཁྱོད་མི་དྲན་པ་ཇི་ལྟར་ཤེས། མོའི་སེམས་སུ་ཁྱེད་ལས་མི་གཅིག་ཀྱང་མེད་ནའང་ཁྱེད་ཀྱིས་དེ་ལྟར་མི་མཐུན་པའི་ཚིག་བཤད་དོན་ཅི་ཟེར་ནས་ངུས། རྒྱལ་བོའི་གྲོགས་པོས་བཙུན་མོ་ལ་ཀུ་རེ་ཡིན་ཞེས་ཇི་ལྟར་གསལ་བཤད་བྱས་ཀྱང་ངུ་ཁ་མ་ཆོད། རྒྱལ་བོའི་གྲོགས་པོས་རིན་པོ་ཆེ་ཅི་འདྲའི་རྩ་ཆེན་བྱིན་ཡང་ཁ་མ་ཆོད་པས། མཐར་ཐབས་མེད་པར་རྒྱལ་བོས་རང་གི་གཟིམ་ཁང་ནང་དུ་སྐྱེལ།

      དགོང་མོ་དེའི་ནམ་གུང་ལ་རྒྱལ་བོ་མུ་ཏིག་སྐྱུག་པ་དེ་ཆབ་གསང་བྱེད་པར་སྒོར་བུད་པ་ན། རྒྱལ་བོའི་གྲོགས་པོའི་བཙུན་མོ་དང་དེ་གའི་རྟ་རྫི་གཉིས་ཀྱིས་ཁ་ཏ་བྱེད་པ་ཐོས། རྟ་རྫིས་ཁྱོད་དོ་དགོང་འདི་འདྲར་འགོར་དོན་ཅི་ཡིན་ཞེས་དྲིས། བཙུན་མོས་ཁྱོད་ཁོང་ཁྲོ་མ་ལངས་དང་། རྒྱལ་བོས་མུ་ཏིག་སྐྱུག་པ་བོས་ནས་མཉམ་དུ་དགོང་ཟས་དྲངས་པས་འགོར་སོང་བ་ཡིན་ཟེར་ནས་འགྲེལ་བཤད་བྱས། རྟ་རྫིས་ཁྱོད་འོང་མི་ཐུབ་ན་སྔོན་ནས་བརྡ་མི་བརྒྱག་པར་ང་འདི་འདྲའི་དུས་རིང་བོར་སྒུག་གིས་འཇུག་དོན་ཅི། ཁྱོད་ངའི་ཟུར་ལ་ཡོང་མ་བསམ་པ་རེད་ཅེས་རྟ་ལྕག་གིས་འབྲབ་རྩིས་བྱས། བཙུན་མོ་རྒྱལ་བོའི་གམ་གྱི་མི་དེ་དང་མི་འདྲ་བར་པུས་མོ་གཉིས་ས་ལ་བཙུགས་ཤིང་ལག་པ་གཉིས་ཀྱིས་མགོ་སྐྱོར་ནས་དགོངས་དག་ཡང་ཡང་ཞུས།

       རྒྱལ་བོ་མུ་ཏིག་སྐྱུག་པས་དོན་དེ་མཐོང་བ་དང་སྔོན་མ་རང་བཙུན་མོ་དང་བྲལ་སྐབས་ཀྱི་དོན་དེ་སེམས་སུ་ཤར་ནས་འཇིག་རྟེན་འཁོར་བ་དོན་མེད་ཟེར་བ་དེ་ཅི་མ་བདེན་བསམས་པ་དང་། ལྷག་པར་དུ་འཕྱན་མོ་འདི་རིགས་ཀྱི་བྱ་བར་ནང་དོན་མེད་ནའང་། ཁོ་མོ་ཚོས་རྒྱལ་ཁམས་ཤིག་བདག་སྐྱོང་བྱེད་ཐུབ་པའི་རྒྱལ་བོར་མགོ་སྐོར་གཏོང་ཐུབ་པ་ཡ་མཚན་རེད་སྙམ་ནས་དགོད་ཁ་ཤོར་བས། མུ་ཏིག་ཤིང་ཙེ་བཅོ་བརྒྱད་བསྐྱུགས་སོ། །

       རྒྱལ་བོའི་གྲོགས་པོ་ཡང་ཡ་མཚན་སྐྱེས་ཏེ་རྒྱལ་བོ་ལགས། སྔོན་གྱི་ལོ་ཕྱེད་རིང་ལ་ངས་ཁྱེད་ཀྱི་མདུན་ནས་དགོད་བྲོ་བའི་དོན་ཅི་འདྲ་མང་བོ་བསྒྲུབས་ཀྱང་ཁྱེད་དགོད་མ་ཤོར། མདང་ནུབ་མ་སེམས་ཅན་ཐམས་ཅད་ཉལ་ཚར་རྗེས་སུ་ཁྱེད་ཀྱིས་དོན་ཅི་ཞིག་ཡིད་ལ་ཤར་ནས་བགད་པ་དང་ཡང་ན་དོན་ཅི་ཞིག་གིས་ཁྱོད་དགོད་དུ་བཅུག་པ་ཡིན་ཞེས་དྲིས་པར། དོན་དེ་ཁྱེད་ལ་བཤད་མི་རུང་ཞེས་འཁོར་གཡོག་རྣམས་ལ་བརྡ་བརྒྱབ་སྟེ་ཕྱིར་འགྲོ་བའི་གྲ་སྒྲིག་བྱོས་ཟེར།

      འཁོར་གཡོག་རྣམས་ཀྱིས་གྲ་སྒྲིག་བཟང་བོ་བྱས་པ་དང་གྲོགས་པོས་ཀྱང་ལེགས་སྐྱེས་མང་བོ་ཕུལ་བས་ན། རྒྱལ་བོས་འཁོར་གཡོག་རྣམས་ལ་ཁྱོད་ཚོ་ཕྱིར་རང་རྒྱལ་ལ་སོང་། གྲོགས་པོ་ཁྱེད་ཀྱིས་ཀྱང་ལེགས་སྐྱེས་ཅི་ཡང་འབུལ་མི་དགོས། ང་ཕྱིར་རང་རྒྱལ་ལ་མི་འགྲོ་བས་དགོས་པའང་མེད་ཅེས་བཤད། གྲོགས་པོས་དེ་ནི་ཅིའི་དོན་དུ་ཡིན། ཁྱེད་རང་གི་རྒྱལ་ཁམས་ལ་མི་ཕེབས་པར་རྒྱལ་བོ་སུ་ཡིས་བྱེད། འབངས་མི་ལ་སུས་བདག་སྐྱོང་བྱེད་ཟེར་ནས་དྲིས། རྒྱལ་བོ་མུ་ཏིག་སྐྱུག་པས་འབངས་མིས་ཁོ་ཚོ་དགའ་བའི་རྒྱལ་བོ་འཇོག་སྲིད། ད་ལྟའི་འཇིག་རྟེན་འདིའི་མགོ་སྐོར་དང་བྲལ་ཏེ་མི་མེད་པའི་བྲག་ཕུག་ཅིག་ཏུ་སྒོམ་བརྒྱག་པར་འགྲོ་རྒྱུ་ཟེར་བ་དང་རང་གི་བཙུན་མོའི་གནས་ཚུལ་དེ་ཞིབ་མོ་བྱས་ནས་གྲོགས་པོར་བཤད་རྗེས་ཁུར་བོ་ཆུང་ཞིག་ཁུར་ཏེ་སོང་ངོ་། །


སྐབས་སྔོན་མ། རྒྱལ་སྲས་གླེན་པའི་གཉེན་སྟོན།
སྐབས་རྗེས་མ། བླུན་པོ་སྟག་གསོད།
མཉམ་སྤྱོད།