དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྒྱལ་སྲས་གླེན་པའི་གཉེན་སྟོན།

2022-11-16 22:15:17   |   756

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།   སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་བརྒྱ་དྲུག་ཅུ།


       གནའ་དུས་སུ། ཨ་མདོ་ཡུལ་གྱི་ས་ཆ་ཞིག་ན། སྟོད་ཀྱི་རྒྱལ་བོ་དང་སྨད་ཀྱི་རྒྱལ་བོ་ཟེར་བའི་རྒྱལ་བོ་གཉིས་ཡོད། ལོ་ཞིག་ལ། རྒྱལ་བོ་གཉིས་ཀྱི་བཙུན་མོ་ལ་མངལ་སྦྲུམ་ནས་མཉམ་དུ་མཇལ་སྐོར་ལ་སོང་། ལམ་བར་དུ་རྒྱལ་བོ་གཉིས་ཀྱིས་བྱིས་པ་བཙས་རྗེས་གཅིག་གི་དེ་བུ་དང་གཅིག་གི་དེ་བུ་མོ་ཡིན་ཚེ་ནར་སོན་ན་བུ་མོ་དེ་བུ་ལ་མནའ་མ་སྟེར་རྒྱུའི་དམ་བཅས། དེ་ནས་བཙུན་མོ་གཉིས་ཕྱིར་ཡུལ་ལ་ལོག་ནས་ཅང་མ་འགོར་བར་སྔ་གཞུག་བྱས་ནས་བྱིས་པ་རེ་བཙས་པ་དང་། སྟོད་ཀྱི་རྒྱལ་བོའི་བྱིས་པ་ནི་བུ་གེ་སར་ཞིག་དང་སྨད་ཀྱི་རྒྱལ་བོའི་བྱིས་པ་ནི་བུ་མོ་འབྲུག་མོ་ཞིག་ཡིན།

      ལོ་འགའ་འགོར་བ་ན་སྟོད་ཀྱི་རྒྱལ་བོ་ལ་ནད་ཅིག་བྱུང་སྟེ་གློ་བུར་དུ་སྐུ་གཤེགས། དེའི་བུ་ནི་སྐད་ཆའང་གསལ་བོ་ཞིག་བཤད་མི་ཤེས་པའི་གླེན་པ་ཞིག་ཡིན་ཕྱིན་རྒྱལ་ཁབ་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་སོང་བས། ཨ་མ་འདུག་མ་གཟོད་པར་རང་གི་བུ་ལ“ཁྱོད་རྒྱུན་དུ་འདི་ལྟར་ཡུལ་ལ་འཛུལ་ནས་འདུག་པ་ལས་ས་ཆ་གཞན་དུ་སོང་ནས་སྐད་ཆ་ཚིག་འགའ་རེ་ཡིན་ཡང་བསླབ་ན་མི་ལེགས་སམ”ཞེས་དངུལ་ལྔ་བཅུ་མ་ཞིག་བྱིན་ཏེ་ལམ་དུ་བཅུག དེ་ནས་རྒྱལ་སྲས་ལམ་ཕྲན་ཞིག་བརྒྱུད་ནས་སོང་བ་ན་ཟམ་པ་ཞིག་གི་ཐོག་ཏུ་མི་འགས་ཁ་བརྡ་བྱས་ནས་འགྲོ་བ་དང་འཕྲད་པས། དེ་ཚོའི་རྗེས་དེད་ནས་སོང་བ་ན་ལམ་འགྲོ་བ་ཞིག་གིས“ཆུ་གཅིག་ཟམ་གཅིག་ཁ་རུ་མི་གང་ཡིན་འགྲོ་དཀའ”ཞེས་ཟེར། རྒྱལ་སྲས་ཀྱིས་ཚིག་དེ་ཐོས་འཕྲལ་མྱུར་དུ་མི་དེའི་གམ་དུ་སོང་ནས་དངུལ་ལྔ་བཅུ་མ་གཅིག་པོ་བྱིན་རྗེས་ཕྱིར་རང་ཡུལ་དུ་ལོག

       ཨ་མས“ཁྱོད་ད་ཐེངས་སོང་ནས་སྐད་ཆ་ཅི་ཞིག་བསླབ་པ་ཡིན”ཞེས་དྲིས་པར། བུས་སྐད་ཆ་དེ་ཨ་མར་བཤད་པས། ཨ་མ་ཁོང་ཁྲོ་ལངས་ཏེ་སྡིགས་མོ་བྱས། དེ་ནས་ཉིན་འགའ་འགོར་རྗེས་ཨ་མའི་རྣ་ལམ་དུ་སྨད་ཀྱི་རྒྱལ་བོ་ཚང་གི་སྲས་མོར་མག་པ་གཞན་ཞིག་ནས་ལེན་རྩིས་ཡོད་པའི་གཏམ་ངན་ཐོས་ཡོང་བས། ཨ་མ་འདུག་མ་བཟོད་པར་བུ་ལ། “ཁྱོད་ཡང་ཕྱི་རུ་སྐད་ཆ་བསླབ་ཏུ་སོང་། ཁྱོད་བུ་ངར་བ་ཞིག་ཡིན་ན་རྒྱལ་བོའི་སྲས་མོ་ཁྱོད་ལ་ཆུང་མར་སྟེར་བར་གདོན་མི་ཟ། འོན་ཀྱང་ད་ལྟ་རེ་བ་མེད”ཅེས་སྡུག་སྨྲེ་ཡང་ནས་ཡང་དུ་བཏོན་པར། བུ་སུན་སྣང་སྐྱེས་ཏེ་ཡང་ལྔ་བཅུ་མ་གཅིག་ལག་ཏུ་བཟུང་ནས་སྒོ་ཕྱི་ལ་སྐད་ཆ་སློབ་ཏུ་སོང་། གྲམ་པ་ཞིག་གི་ཁར་སླེབས་ཚེ། དར་ཐོག་ཅིག་ཏུ་མི་འགས་སྡོང་བོ་ཆེན་པོ་ཞིག་དྲུད་ཀྱང་འདྲུད་ཐག་ཡང་ཡང་ཆད་པས་སྡོང་བོ་འདྲུད་མ་ཐུབ་པར་བསྡད་འདུག སྐབས་ཤིག་ལ་མི་ཞིག་གིས“སྣ་ནང་དུ་རྩྭ་ཐག་བཞི་རྐྱ་བརྒྱབ་ནས། ཡ་མིན་སྒོ་ཁར་འདྲུད་རྒྱུ”ཞེས་བཤད་པ་ཐོས་པས་རྒྱལ་སྲས་སོང་ནས་ལྔ་བཅུ་མ་གཅིག་པོ་མི་དེར་བྱིན་ནས་སྐད་ཆ་དེ་སྦྱངས་རྗེས་ཡུལ་དུ་ཡོང་བ་ལ། ཨ་མས“ད་ཐེངས་སོང་ནས་སྐད་ཆ་ཅི་ཞིག་བསླབ་པ་ཡིན”ཞེས་དྲིས་པས། བུས་ཁོས་སྦྱངས་པའི་སྐད་ཆ་དེ་ཨ་མར་བཤད་པ་ལ། ཨ་མས་སྔར་བཞིན་རྒྱལ་སྲས་ལ་སྡིགས་མོ་བྱས།

       སྨད་ཀྱི་རྒྱལ་བོའི་སྲས་མོར་མག་པ་ལེན་པའི་ཉིན་མ་ཐོན་པས། ཨ་མ་ཡང་འདུག་མ་གཟོད་པར་བུ་ལ་ལྔ་བཅུ་མ་གཅིག་བྱིན་ཏེ་སྐད་ཆ་བསླབ་ཏུ་བཏང་། རྒྱལ་སྲས་སོང་ནས་ཆུ་ཁ་ཞིག་ལ་ཐོན་ཚེ། དར་ཐོག་ཏུ་བོང་བུ་ཁལ་ཁུར་ཞིག་ཐང་ལ་འགྱེལ་ཏེ་ལངས་མ་ཐུབ་པར་བདག་པོས་རྔ་མ་ནས་འཐེན་ཞོར་དུ། “དིར་དིར་བླ་མ་འབུལ་རྒྱུ”ཟེར་བ་ཐོས་པས། རྒྱལ་སྲས་ཀྱིས་མི་དེར་ལྔ་བཅུ་མ་གཅིག་བྱིན་ཏེ་སྐད་ཆ་དེ་བསླབས་རྗེས་ཕྱིར་ཡུལ་དུ་ཡོང་ནས་སྐད་ཆ་དེ་ཨ་མར་བཤད་པས། ཨ་མ་ཡིད་གཏིང་ནས་ཆད་སོང་།

       དེ་ནས་སྨད་ཀྱི་རྒྱལ་བོ་ཚང་གི་སྟོན་མོ་བྱེད་པའི་ཉིན་དེར་རྒྱལ་སྲས་ཀྱིས་ཨ་མར་ཁོ་དེ་རིང་སྨད་ཀྱི་རྒྱལ་བོ་ཚང་གི་སྟོན་ཐོག་ཏུ་འགྲོ་རྒྱུ་ཟེར་ནས་སོང་། ཕོ་བྲང་དུ་ཐོན་མ་ཐག་སྨད་ཀྱི་རྒྱལ་བོས་མཐོང་སྟེ་གཡོག་མོ་ཞིག་མངགས་ནས་རྒྱལ་སྲས་ལ་ཇ་ལྡུད་དུ་བཅུག གཡོག་མོས་དཀར་ཡོལ་ཞིག་གི་ཁར་ཐུར་མ་གཅིག་བཞག་ནས་རྒྱལ་སྲས་ལ་བྱིན་པ་ན། རྒྱལ་སྲས་ཀྱིས་གཡོག་མོ་ལ“ཨ། ཆུ་གཅིག་ཟམ་གཅིག་ཁ་རུ་མི་གང་ཡིན་འགྲོ་དཀའ”ཞེས་བཤད་པས། གཡོག་མོ་ངོ་ཚ་སྟེ་འབྲོ་བར་བརྩམས་པ་ལ་རྐང་བ་ཐུ་སྣེར་སྤོས་ནས་ཐང་དུ་འགྱེལ། དེར་ཡང་རྒྱལ་སྲས་ཀྱིས“དིར་དིར་བླ་མ་འབུལ་རྒྱུ”ཞེས་བཤད་པས། གཡོག་མོ་ཁོང་ཁྲོ་ལངས་ནས་རྒྱལ་བོ་ལ་ཞུ་རུ་འགྲོ་སྐབས་རྒྱལ་སྲས་ཡར་ལངས་ཏེ“ཡ་ཡ་ངས་ཁྱོད་ཀྱི་སྣ་ནང་དུ་རྩྭ་ཐག་བཞི་རྐྱ་བརྒྱབ་ནས་ཡ་མིན་སྒོ་ཁར་ཅིག་འདྲུད”ཅེས་ཟེར་ཞོར་དུ་སྒོའི་ཕྱིར་བུད་པས། གཡོག་མོ་སོང་ནས་རྒྱལ་སྲས་ཀྱི་བཤད་པའི་སྐད་ཆ་དེ་དག་ཇི་མ་ཇི་བཞིན་དུ་རྒྱལ་བོ་ལ་ཞུས།

       སྨད་ཀྱི་རྒྱལ་བོའི་སེམས་སུ་འདིས་བཤད་པའི་ཚིག་ལ་དོན་སྙིང་ལྡན། ཧ་ཅང་མཁས་པ་ཞིག་ཏུ་གྱུར་ཡོད་པར་བསམ་ནས། བློན་པོ་ཞིག་མངགས་ནས་འབོད་དུ་བཅུག རྒྱལ་སྲས་ཕྱིར་ཕོ་བྲང་དུ་ཐོན་མ་ཐག་རྒྱལ་བོས་ངག་འཇམ་པའི་ངང“རྒྱལ་སྲས། ཁྱོད་ང་ཚིག་ཐོག་ཏུ་མ་བསྡད་པ་ལ་ཁོང་ཁྲོ་མེད་པར་མཁྱེན། དེ་རིང་ངས་ཁྱོད་ལ་སྲས་མོ་ཆུང་མར་སྟེར་རྒྱུའི་སེམས་ཐག་བཅད་པར་མ་ཟད། ཉིན་བཟང་སྐར་བཟང་ཞིག་གཏན་ཁེལ་བྱས་ནས་སྟོན་མོ་བྱེད་རྒྱུའང་བློ་ཐག་བཅད་དོ”ཞེས་ཟེར་བས། རྒྱལ་སྲས་དགའ་སྤྲོ་སྐྱེས་ནས་ཡུལ་དུ་ཡོང་སྟེ་གནས་ཚུལ་དེ་ཨ་མར་བཤད་པ་ན། ཨ་མ་ཡིད་མ་ཆེས་པར“ཁྱོད་ཀྱིས་གླེན་གཏམ་མ་བཤད། སྐད་ཆའང་གསལ་བོ་ཞིག་བཤད་མི་ཤེས་པའི་གླེན་པ་ཁྱོད་ལྟ་བུ་ཞིག་ལ་སྲས་མོ་ཞིག་ཆུང་མར་སྟེར་སྲིད་དམ”ཞེས་སྡིགས་མོ་བྱས་པས། བུས་ཨ་མ་ལ་ཁོས་གཡོག་མོར་སྐད་ཆ་ཇི་ལྟར་བཤད་ཚུལ་དང་། རྒྱལ་བོས་ཕྱིར་བོས་ནས་ཁོ་ལ་ཇི་ལྟར་བཤད་ཚུལ་ཡང་དང་རིམ་པས་བཤད་མཐར། ཨ་མ་ཡང་ཡིད་ཆེས་ཅུང་ཙམ་བྱུང་སོང་། ཨ་མས་ཡང་ཁོ་ཚང་ཧ་ཅང་དབུལ་བོར་གྱུར་ཡོད་པས། དངོས་གནས་དེ་འདྲ་ཡིན་ན་འུ་གཉིས་ཀྱིས་མནའ་མ་ལེན་དུས་སྟོན་མོ་ཇི་ལྟར་བྱེད་རྒྱུ་ཟེར་ནས་སེམས་སྡུག་ཆེན་པོ་བྱས། དུས་དེར། ཁོ་ཚང་ལ་ཨ་ཁུ་ཧ་ཅང་ཕྱུག་པོ་སྟེ། དྲེད་མོ་ཡང་མང་བོ་གསོས་ཡོད་པ་དེས་གནས་ཚུལ་དེ་དག་ཐོས་ཏེ་རྡོ་དཀར་པོ་ཞིག་བཟུང་ཡོང་ནས་རྡོ་དེ་རྒྱལ་སྲས་ལ་བྱིན། རྒྱལ་སྲས་ཀྱི་རྡོ་དེའི་ཅི་བྱེད་དགོས་པ་མ་ཤེས་པར་བལྟས་ནས་བསྡད་པ་ན་ཨ་ཁུས། “རྡོ་དེ་ནི་སྨད་ཀྱི་རྒྱལ་བོས་དྲེད་མོ་གསོད་བྱེད་ཀྱི་ལག་ཆ་བཟང་བོ་ཞིག་རེད། རྡོ་འདི་ཡོད་ན་ཁྱོད་ཀྱི་དོན་བྱ་ཡོད་ཚད་ལེགས་པོར་འགྲུབ་ངེས་ཡིན། ཁྱོད་མ་བུ་གཉིས་ཀྱི་སེམས་སྡུག་བྱེད་དགོས་དོན་མེད། ཁྱོད་ཀྱིས་རྡོ་འདི་བཟུང་སྟེ་ངེད་ཚང་གི་དྲེད་མོ་ཚང་མ་དེད་དེ་མཚོ་ཁར་སོང་ནས་དྲེད་ཕྲུག་རྣམས་སྔོན་དུ་རེ་རེ་བཞིན་མཚོ་ནང་དུ་འཕངས་རྗེས་རང་གི་ཡང་རྡོ་འདི་བཟུང་ནས་མཚོ་ནང་དུ་ལྡིང་རྩིས་བྱས་ན་དྲེད་མོས་ཁྱོད་ལ་བལྟས་ནས་ལྡིང་རྩིས་བྱེད་ངེས་ཡིན། སྐབས་དེར་ཁྱོད་ཀྱི་མྱུར་མོར་རྡོ་དེ་མཚོ་ནང་དུ་འཕངས་ན་དྲེད་མོ་ཡང་རྡོའི་རྗེས་འབྲངས་ཏེ་མཚོ་ནང་དུ་ལྡིང་ངེས་ཡིན”ཞེས་གསལ་བཤད་བྱས་པས། རྒྱལ་སྲས་དགའ་སྟེ་མྱུར་དུ་སོང་ནས་ཨ་ཁུའི་བཤད་པ་ལྟར་དྲེད་མོ་ཚང་མ་མཚོ་ནང་དུ་འཕངས་ནས་བསད། དེ་ནས་སྡེ་བའི་མི་མང་བོ་ཡོང་ནས་མཚོ་ནང་གི་དྲེད་ཤ་ཚང་མ་བླངས་ནས་སྟོད་ཀྱི་རྒྱལ་སྲས་དང་སྨད་ཀྱི་རྒྱལ་བོའི་སྲས་མོ་གཉེན་སྒྲིག་པར་སྟོན་མོ་ཆེན་པོ་ཞིག་བྱས་སོ། །


སྐབས་སྔོན་མ། མགར་སྟོང་བཙན་དང་མཚོ་སྔོན་པོ།
སྐབས་རྗེས་མ། རྒྱལ་བོ་མུ་ཏིག་སྐྱུག་པ།
མཉམ་སྤྱོད།