མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མགར་སྟོང་བཙན་དང་མཚོ་སྔོན་པོ།

2022-11-16 22:13:34   |   255

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  སྲིད་པའི་གཏམ་རྒྱུད་མཚན་ཞག་སུམ་རྒྱ་དྲུག་ཅུ།


         སྔོན་དཔག་པར་དཀའ་བའི་དུས་ཤིག་ལ། མཚོ་སྔོན་པོའི་གཞི་དེ་ནི་ཡངས་ཤིང་མུ་མཐའ་མེད་པའི་རྩྭ་ཐང་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ཞིག་ཡིན་ཞིང་། དེ་ན་འབྲོག་པའི་དུད་ཚང་ཁྲི་ཕྲག་གཅིག་ཙམ་ཡོངས་སུ་བཀྲམས་ནས་བསྡད་ཡོད་པའི་དཀྱིལ་དབུས་སུ་རང་བྱུང་གི་དོང་ཆུ་གཙང་ཞིང་དྭངས་ལ། ཡངས་ཤིང་བསིལ་བ་ཞིག་མངོན་པར་གྲུབ་ཡོད། དེ་གའི་མི་རྣམས་ཀྱིས་དོང་ཆུ་ནང་གི་ཆུ་བླངས་རྗེས་ཕྱིར་ཁར་རྡོ་ལེབ་ཅིག་གིས་གཅོད་དགོས་པ་ནི་བགྲེས་གཞོན་ཀུན་གྱིས་ཤེས་ཡོད།
སྐབས་དེར་བློན་པོ་མགར་སྟོང་བཙན་སྟོད་ཉི་མ་ལྷ་ས་ནས་རྒྱལ་བོ་སྲོང་བཙན་སྒམ་པོའི་ཁྲིམས་ལ་འགལ་ཏེ་མིག་གཉིས་བླངས་ཏེ་གནས་ནས་སྤྱུགས་པས་རང་གི་བུས་ཁྲིད་དེ་ས་ཆ་དེར་ཐོན་ནས། ཁོང་ཕ་བུ་གཉིས་ཀྱིས་གནས་དེའི་ཤར་ལྷོའི་ཕྱོགས་ཀྱི་རི་བོ་མཐོན་པོའི་འདབས་སུ་ཁྱིམ་གཞི་བཙུགས་ནས་བསྡད།
       ཉིན་ཞིག་མགར་ཚ་སྐོམ་ཤིན་ཏུ་ཆེ་བས་བུ་དོང་ཆུ་ཁར་ཆུ་ལེན་དུ་འགྲོ་རུ་བཅུག བུས་འཚབ་འཚུབ་ངང་ཆུ་བླངས་རྗེས་རྡོ་ལེབ་དེས་དོང་ཆུའི་ཁ་ཕྱིར་གཅོད་རྒྱུ་བརྗེད་པས་ཆུ་འཕྱུར་ནས་རིམ་བཞིན་ཐོན་ཡོང་། དེར་བུས་ཇ་སྐོལ་ཞིང་ནང་ལ་ཚྭ་བཏབ་པའི་ཚེ། མགར་གྱིས་མཚོ་འཕྱུར་བའི་སྒྲ་ཐོས་ཏེ་ན་རེ། “ཨ་ཙི། བུ་ད་མ་འགྲིག་ཐལ། མཚོ་འཕྱུར་བྱུང་བ་ཁོ་ཐག་རེད། བྱ་བ་མཐའ་དག་བསྐྱུར་ལ། ང་ཁུར་དང་ངེད་གཉིས་རི་མགོར་འགོ”ཞེས་ཟེར་བས། བུས་ཨ་ཕ་ཁུར་ནས་རི་མགོར་འགོས།(སོང་ཤུལ་ནས་ཚྭ་ཡོད་པའི་ཇ་མཚོའི་ནང་ལ་འདྲེས་སྟབས། མཚོ་ལ་ཚྭ་ཁ་བའི་རྒྱུ་མཚན་དེ་ཡིན་ཟེར)དེ་ནས་མགར་གྱིས་བུ་ལ། “ད་ངེད་གཉིས་ངལ་གསོ་ཅུང་ཙམ་བྱེད་ལ། ཁྱོད་ཀྱིས་ཕྱིར་ལྟོས་དང་། རིག་རྒྱུ་མཐོང་རྒྱུ་ཅི་ཡོད”ཅེས་དྲིས་པ་ལ། བུས“ཆུ་ནི་ཇེ་ཆེར་སོང་སྟེ་འབྲོག་པའི་དུད་ཚང་ཁྲི་ཕྲག་བོ་བསྣུབས་སོང་། ཆུ་རྒྱས་ནས་རི་རྩེར་ཐོན་ལ་ཉེ”ཞེས་ཟེར།(མཚོ་སྔོན་པོ་ལ་ཁྲི་གཤོག་རྒྱལ་མོ་ཟེར་དོན་ཡང་དུད་ཚང་ཁྲི་གཅིག་མཚོ་ནང་ལ་ཤོར་བའི་ཆ་ནས་བཏགས་པ་ཡིན་པར་གྲགས)དེ་ནས་ཡང་བུས་ཨ་ཕ་ཁུར་ནས་རི་མགོར་འགོས་ཚེ། མགར་གྱིས་བུ་ལ“ད་ལམ་ཅང་ཨེ་རིག”ཅེས་དྲིས་པ་ན། བུས་ཕར་བལྟས་ཚེ་མཁའ་དབྱིངས་སུ་བྱ་ཕོ་རོག་ཅིག་འཕུར་ཏེ་ཡོང་བར། ཡ་མཚན་པ་ཞིག་ལ་བྱ་དེའི་ཁ་ནང་ལ་གསེར་གྱི་རྡོ་རྗེ་རང་བྱོན་ཞིག་བཟུང་ཡོད་ཅིང་། གསེར་གྱི་རྡོ་རྗེ་དེ་ཆུ་འཕྱུར་སའི་དྲང་ཕྱོགས་སུ་མར་ཕངས་ཏེ་དོང་ཆུའི་ཁ་ལེགས་པར་བཅད་པས་ཆུ་འཕྱུར་མཚམས་རྦད་དེ་བཞག   བུས་རིག་མཐོང་ཐམས་ཅད་ཨ་ཕ་ལ་བཤད་རྗེས།  མགར་གྱིས“འོ། ད་སྐྱོན་ཅི་ཡང་མེད། ཆུ་ཡར་མི་ཡོང་ཁོ་ཐག་ཡིན། ང་ཕྱིར་ཁུར”ཞེས་ཟེར། དེ་ནས་ཕ་བུ་གཉིས་ཀ་རི་རྩེ་ནས་མར་བབས་ཏེ་མཚོ་ཁར་སོང་ནས་བལྟས་ཙ་ན། མཚོའི་དབུས་སུ་ལྷུན་གྱིས་གྲུབ་པའི་རི་བོ་ཞིག་ཆགས་འདུག མཚོའི་ནུབ་ཕྱོགས་སུ་རྩེ་གསུམ་ཅན་གྱི་བྲག་དཀར་ཞིག་ཀྱང་གར་ཡོང་འདི་ཡོང་མེད་པར་གྲུབ་འདུག   བྱ་ཕོ་རོག་དེ་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱི་སྤྲུལ་བ་ཡིན་ཞིང་། གསེར་གྱི་རྡོ་རྗེ་དེ་ནི་སློབ་དཔོན་ཁོང་གིས་རྒྱ་གར་གྱི་ཡུལ་གྲུ་ཞིག་གི་རི་བོ་མ་ཧཱ་དེ་ཝ་ཟེར་བའི་མགོ་བཅད་ནས། གསེར་གྱི་རྡོ་རྗེར་བསྒྱུར་ཏེ་དོང་ཆུའི་ཁ་བཅད་དོ་ཟེར། ད་ལྟ་རྒྱ་གར་གྱི་རི་བོ་དེའི་མགོ་མེད་པར་གྲགས་ཤིང་། མཚོ་སྙིང་ངམ་མཚོ་སྙིང་མ་ཧཱ་དེ་ཝ་ཟེར་དོན་ཡིན་ཟེར།
        ཡང་དུས་དེར་བག་ཧ་གཞོང་ན་འདྲེ་མོ་གདུག་རྩུབ་ཆེ་བ་ཞིག་གནས་འདུག་པ་དེ། མཚོ་འཕྱུར་ན་ཧ་ཅང་དགའ་བ་དང་མཚོ་འགྲིབ་པ་ལ་ཞེ་སྡང་མེ་ལྟར་འབར་བ་བཞིན་གྱུར་ནས། དོང་ཆུའི་ཁ་གཅོད་བྱེད་ཀྱི་རི་མགོ་དེ་ཕར་བསློགས་པར་འདོད་དེ། བཀའ་འགྱུར་སྟག་ཆེན་རི་རྒྱུད་ཀྱི་ད་ལྟ“བྲག་མགོ་ལོ”ཟེར་བ་དེའི་མགོ་བཅད་དེ་མཚོ་སྙིང་རི་བོར་བརྒྱབ་ཀྱང་། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཐུ་དང་སྟོབས་ཀྱིས་བཀག་སྟབས། མཚམས་སུ་འདྲེ་མོ་མཚོ་ནང་དུ་ལྷུང་སོང་ཟེར། (དེང་སང་དེ་ལ་འདྲེ་མོ་བྲག་དཀར་ཐོགས་དོན་ཡང་གོང་གསལ་གྱི་རྒྱུ་མཚན་ལ་ཐུག་ཡོད་ཟེར) མཇུག་མཐར་བློན་པོ་མགར་ཡང་དེང་སང་བློན་པོ་གསེར་ཆེན་ཟེར་བའི་ས་དེ་རུ་ཚེ་ལས་འདས་ཏེ་གཞི་བདག་ཏུ་གྱུར་ནས་སྒང་དེ་ལ་གནས་པའི་དབང་གིས་རི་དེ་ལ་བློན་པོ་གསེར་ཆེན་ཞེས་ངག་རྒྱུན་དུ་ཆགས་པའི་དོན་ཡང་དེ་ཡིན་པར་གྲགས་ཞེས་བཤད་དོ། །


མཉམ་སྤྱོད།