མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག

2022-11-17 21:42:58   |   282

རྩོམ་སྒྲིག  སངས་དོན།    ལོ་ཙཱ།   རྡོ་རྗེ་བྱམས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


(1994ལོའི་ཟླ3པའི་ཚེས21ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དགུ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་ལྔ་བས་གྲོས་འཆམ་བྱུང་།  1995ལོའི་ཟླ3པའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པས་ཆོག་མཆན་ཐོབ།  2004ལོའི་ཟླ1པའི་ཚེས6ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་ལྔ་བས་གྲོས་འཆམ་བྱུང་བ་དང་།   2004ལོའི་ཟླ3པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བས་ཆོག་མཆན་ཐོབ་པའི《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས<མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག>བཟོ་བཅོས་བྱ་བའི་ཐད་ཀྱི་གྲོས་ཆོད》ལ་དག་བཅོས་ཐེངས་དང་པོ་བྱས།)

དོན་ཚན་དང་པོ།  བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད། འཕེལ་རྒྱས་གཏོང་བར་ཁག་ཐེག་དང་སྐུལ་འདེད་བྱེད་པ་དང་། བོད་ཀྱི་སྐད་ཡིག་གི་ཚད་གཞི་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཐག་གཅོད་བཅས་ཀྱི་བྱ་བ་སྐུལ་འདེད་བྱེད་ཆེད། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མངའ་ཁོངས་རང་སྐྱོང་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུན་མོང་གི་སྤྱོད་པའི་སྐད་ཡིག་བཅའ་ཁྲིམས》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》བཅས་ཀྱི་འབྲེལ་ཡོད་གཏན་ཁེལ་དང་། རང་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་ཟུང་འབྲེལ་བྱས་ཏེ། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ།  རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་དང་འབྲེལ་ཡོད་ཁྲིམས་ལུགས། ཁྲིམས་སྲོལ་ལག་ལེན་དོན་འཁྱོལ་བྱེད་པ་དང་། རིགས་སོ་སོའི་སྐད་ཡིག་འདྲ་མཉམ་དང་རང་མོས་རང་འདེམས། རིགས་དབྱེ་མཛུབ་སྟོན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་མི་རིགས་སོ་སོས་རང་གི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་བའི་དབང་ཆ་ཁག་ཐེག་བྱེད་དགོས།

དོན་ཚན་གསུམ་པ།  བོད་ཀྱི་སྐད་ཡིག་ནི་རང་སྐྱོང་ཁུལ་གྱི་མངའ་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱིས་དབང་ཆ་བེད་སྤྱོད་བྱེད་པའི་གལ་ཆེའི་སྐད་ཡིག་གི་ཡ་གྱལ་ཡིན། རང་སྐྱོང་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་ལས་འགན་ལག་བསྟར་བྱེད་སྐབས། བོད་རྒྱ་སྐད་ཡིག་གཉིས་མཉམ་བཀོལ་བྱེད་དགོས།

དོན་ཚན་བཞི་བ།  རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་ཡིག་བྱ་བར་མཐོང་ཆེན་དང་ཤུགས་སྣོན་བྱེད་པ་དང་། ཁྱབ་རྡལ་དང་མཐོར་འདེགས་ཟུང་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ལོ་རྒྱུས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བོད་ཀྱི་སྐད་ཡིག་གི་ལས་དོན་འཕེལ་རྒྱས་བཅས་ལ་སྐུལ་འདེད་བྱེད་དགོས།

དོན་ཚན་ལྔ་བ།  རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རིགས་སོ་སོའི་ལས་བཟོ་བར་སློབ་གསོ་བཏང་ནས་མི་རིགས་ཕན་ཚུན་གྱི་སྐད་དང་ཡི་གེར་སློབ་སྦྱོང་བྱེད་པར་སྐུལ་མ་གཏོང་དགོས། བོད་རིགས་ལས་བཟོ་བས་རང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་མཉམ་དུ། རྒྱའི་སྤྱི་སྐད་དང་ཚད་ལྡན་ཡི་གེ་ལ་སློབ་སྦྱོང་བྱེད་དགོས། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་ལས་བཟོ་བས་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་པ་དར་སྤེལ་གཏོང་དགོས།

དོན་ཚན་དྲུག་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་བྱ་བའི་ལས་ཁུངས་ཀྱི་འོས་འགན་གཙོ་བོ་ནི།

གཅིག  རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་ཇུས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ། ཁྲིམས་ལུགས་ཁྲིམས་སྲོལ་ཁྲོད་ཀྱི་མི་རིགས་སྐད་ཡིག་གི་འབྲེལ་ཡོད་གཏན་ཁེལ་དང་སྲོལ་ཡིག་འདི་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་པ།

གཉིས། རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་བྱ་བའི་དོ་དམ་གྱི་འགན་ཁུར་དགོས།འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་། སྲོལ་ཡིག་འདི་གཞི་བྱས་ནས་བོད་ཀྱི་སྐད་ཡིག་བྱ་བའི་ལག་བསྟར་འཆར་གཞི་བཟོས་ཏེ་བཀོལ་སྤྱོད་དང་འཕེལ་རྒྱས་ཀྱི་བྱེ་བྲག་གི་ཐབས་ཤེས་གཏན་ཁེལ་བྱེད་པ།

གསུམ། རང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། ཁེ་ལས།ལས་དོན་ལས་ཁུངས་བཅས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ། མཛུབ་སྟོན་བྱེད་པ།

བཞི། བོད་སྐད་ཡིག་བྱ་བའི་སྡེ་ཁག་བར་གྱི་འབྲེལ་ཡོད་ལས་སྒོའི་འབྲེལ་བ་མཐུན་སྦྱོར་བྱེད་པ།

ལྔ། བོད་སྐད་ཡིག་གི་ཁྱབ་གདལ་བཀོལ་སྤྱོད་དང་རིག་གཞུང་ཞིབ་འཇུག ཉམས་མྱོང་བརྗེ་རེས།ཆེད་ལས་མི་སྣའི་གསོ་སྦྱོང་གི་བྱ་བ་སོགས་རྩ་འཛུགས་དང་དོ་དམ་བྱེད་པ།

དྲུག  བོད་ཡིག་གི་གནའ་དཔེའི་འཚོལ་སྡུད་དང་དག་སྒྲིག   པར་སྐྲུན་སོགས་བྱ་བའི་འགན་ཁུར་དགོས།

བདུན། གོང་རིམ་ལས་ཁུངས་དང་རིམ་པ་འདྲ་བའི་ལས་ཁུངས་ཀྱི་གལ་ཆེའི་གཞུང་ཡིག་དང་ཚོགས་འདུའི་ཡིག་ཆ། འབྲེལ་ཡོད་དཔྱད་གཞིའི་ཡིག་སྒྱུར་གྱི་འགན་ཁུར་དང་ལེན་བྱེད་པ།

བརྒྱད། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས། ལས་དོན་ལས་ཁུངས་བཅས་ཀྱི་ཐམ་ཀ་དང་མིང་བྱང་། ཚོང་རྫས་ཀྱི་མིང་སོགས་འགྱུར་ཡིག་ཞིབ་བཤེར་གཏན་འབེབས་ཀྱི་འགན་ཁུར་དགོས།

དགུ། རང་སྐྱོང་ཁུལ་ནང་ཁུལ་གྱི་བོད་སྐད་ཡིག་གི་སློབ་ཁྲིད་དང་ཡིག་རྨོངས་སེལ་བའི་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱེད་པ་བཅས་ཡིན།

དོན་ཚན་བདུན་པ། རང་སྐྱོང་ཁུལ་མངའ་ཁོངས་ཀྱི་རྫོང་མི་དམངས་སྲིད་གཞུང་གི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་ཁྲིམས་ལྟར་རང་ས་ཁུལ་གྱི་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པར་མཛུབ་སྟོན་དང་དོ་དམ། ལྟ་སྐུལ་བྱེད་དགོས།

དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་སྡེ་ཁག་གི་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། ཚན་རིག་ལག་རྩལ། རིག་གནས། སྒྱུ་རྩལ། འཕྲོད་བསྟེན། གསར་འགྱུར་པར་སྐྲུན། རྒྱང་སྒྲོག  བརྙན་འཕྲིན། ལུས་རྩལ་སོགས་ཁྱབ་ཁོངས་སུ་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་བྱེད་དགོས།

དོན་ཚན་དགུ་བ། རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱིས་གཏན་ཁེལ་བྱས་པའི་ཁེར་སྤྱོད་སྲོལ་ཡིག་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ། དྲིལ་སྒྲོག་ཡིག་ཆ་སོགས་ལ་དངོས་ཡོད་ཀྱི་གནས་ཚུལ་གཞི་བཟུང་ནས། བོད་རྒྱ་ཡིག་རིགས་གཉིས་མཉམ་བཀོལ་བྱེད་དགོས།

རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བསྡུས་བའི་ཚོགས་འདུ་ཆེ་ཤོས་ལ་བོད་ཡིག་གི་ཚོགས་འདུའི་ཡིག་ཆ་མཁོ་འདོན་བྱེད་དགོས།

དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས། ལས་དོན་ལས་ཁུངས་བཅས་ཀྱི་ཐམ་ག་དང་སྒོ་བྱང་། དཔང་ཡིག། སྦྱར་ཡིག  ཚོགས་འདུའི་རྟགས་བྱང་། གཞུང་ཡིག་དབུ་བྱང་། ཡིག་ཤུབས། བརྡ་ཁྱབ་སོགས་ལ་བོད་རྒྱ་ཡིག་རིགས་གཉིས་མཉམ་བཀོལ་བྱེད་དགོས།

རང་སྐྱོང་ཁུལ་ནང་ཁུལ་གྱི་རྫོང་མཁར་དང་མཁར་གྲོང་གི་གལ་ཆེའི་སྲང་ལམ་གྱི་མིང་དང་ལམ་རྟགས། ས་རྟགས། སྤྱི་སྤྱོད་སྒྲིག་ཆས། འགྲིམ་འགྲུལ་མཚོན་རྟགས། རླངས་འཁོར་སྒོ་བྱང་སོགས་ཡི་གེ་འབྲི་དགོས་པ་ལ་བོད་རྒྱ་ཡིག་རིགས་གཉིས་མཉམ་བཀོལ་བྱེད་དགོས། རང་སྐྱོང་ཁུལ་གྱི་བཟོ་ལས་ཐོན་རྫས་ཀྱི་ཚོང་རྟགས་དང་གསལ་བཤད་ཡི་གེ   ཞབས་ཞུ་ལས་རིགས་ཀྱི་བདག་གཉེར་ལས་གཞི། ཐོན་རྫས་ཀྱི་མིང་། རིན་གོང་རེའུ་མིག་སོགས་ནི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། རིམ་བཞིན་བོད་རྒྱ་ཡིག་རིགས་གཉིས་ཀྱིས་འབྲི་དགོས།

དོན་ཚན་བཅུ་གཅིག  རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ལས་ཁུངས་དང་རང་སྐྱོང་ཁུལ་ནང་ཁུལ་གྱི་ཁེ་ལས། ལས་དོན་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་གཏན་ཁེལ་ལྟར། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དཔྱད་ཞིབ་བསྡུ་ལེན་དང་སློབ་བསྡུ། ལག་རྩལ་དཔྱད་ཞིབ། རིམ་འཕར། གོ་མིང་དཔྱད་བསྡུར་གཏན་འབེབས་སོགས་བྱེད་སྐབས། བོད་རྒྱ་ཡིག་རིགས་གཉིས་མཉམ་བཀོལ་བྱེད་དགོས་ལ། རྒྱུགས་ལེན་མཁན་གྱི་འདོད་བློ་ལྟར་ཡིག་རིགས་གཉིས་ལས་གང་རུང་གདམ་ཀ་བྱེད་དུ་འཇུག་དགོས།

དོན་ཚན་བཅུ་གཉིས།  རང་སྐྱོང་ཁུལ་ནང་ཁུལ་གྱི་བོད་རིགས་སློབ་མ་ཅུང་མང་བའི་མི་རིགས་སློབ་གྲྭ་འབྲིང་ཆུང་དུ་བོད་སྐད་ཡིག་གི་སློབ་ཁྲིད་བྱ་བར་ཤུགས་སྣོན་བྱེད་དགོས། སློབ་གྲྭ་ཆུང་འབྲིང་དཀྱུས་མ་དང་བྱིས་པ་ཁང་གིས་དངོས་ཡོད་ཀྱི་དགོས་མཁོར་གཞིགས་ནས། བོད་སྐད་ཡིག་གི་བསླབ་ཚན་འཛུགས་པ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་དེབ་བཀོལ་དགོས།

དོན་ཚན་བཅུ་གསུམ།  རང་སྐྱོང་ཁུལ་གྱི་མི་རིགས་ལས་རིགས་སློབ་གྲྭས་ཁུལ་ཡོངས་ཀྱི་སྐད་གཉིས་དགེ་རྒན་གྱི་གསོ་སྦྱོང་ལ་ཤུགས་སྣོན་བྱེད་དགོས། 

རང་སྐྱོང་ཁུལ་གྱི་སློབ་དཔྱོད་ལས་ཁུངས་སུ་བོད་རྒྱ་སྐད་གཉིས་སམ་ཡང་ན་སྐད་རིགས་མང་པོ་བྱང་ཆུབ་པའི་སློབ་ཁྲིད་ཞིབ་འཇུག་གི་མི་སྣ་བཀོད་སྒྲིག་བྱེད་དགོས།

དོན་ཚན་བཅུ་བཞི། རང་སྐྱོང་ཁུལ་གྱིས་ཧུར་ཐག་གིས་བོད་སྐད་ཡིག་གི་སྦྲག་ཐོག་སློབ་ཁྲིད་དང་རྒྱང་སྒྲོག   བརྙན་འཕྲིན་སློབ་གསོ་འཕེལ་རྒྱས་སུ་གཏོང་་དགོས།

དོན་ཚན་བཅོ་ལྔ། རང་སྐྱོང་ཁུལ་ནང་ཁུལ་གྱི་དཔེ་དེབ་འགྲེམ་སྤེལ་སྡེ་ཁག་གིས་བོད་ཡིག་དཔེ་དེབ་དང་དུས་དེབ་ཉོ་སྒྲུབ་འགྲེམ་སྤེལ་གྱི་བྱ་བ་ལེགས་པོ་སྒྲུབ་དགོས།

རང་སྐྱོང་ཁུལ་གྱིས་བོད་སྐད་ཀྱི་གསར་འགྱུར་པར་སྐྲུན་དང་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་དོན་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། བོད་སྐད་ལེ་ཚན་གྱི་བརྒྱུད་སྒྲོག་དང་ཡང་ན་བོད་སྐད་ལེ་ཚན་སྒྲིག་འཛུགས་ཀྱི་བྱ་བ་ལེགས་པོ་སྒྲུབ་དགོས།

རང་སྐྱོང་ཁུལ་གྱི་རིག་གནས་སྡེ་ཁག་དང་སྒྱུ་རྩལ་ཚོགས་པས་བོད་སྐད་ལེ་ཚན་གྱི་གསར་རྩོམ་དང་འཁྲབ་སྟོན་ལ་ཤུགས་སྣོན་བྱེད་དགོས།

དོན་ཚན་བཅུ་དྲུག  རང་སྐྱོང་ཁུལ་གྱི་རང་སྐྱོང་སྡེ་ཁག་གི་ཚན་རྩལ་མི་སྣས་བོད་སྐད་ཡིག་གི་ལམ་ནས་ཚན་རིག་ཤེས་བྱ་དང་དངོས་སྤྱོད་ལག་རྩལ་ཁྱབ་རྡལ་གཏོང་བར་བསྔགས་སྐུལ་དང་དར་སྤེལ་བྱེད་དགོས།

རང་སྐྱོང་ཁུལ་གྱི་རང་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་གཏན་ཁེལ་ལྟར། བོད་སྐད་ཡིག་གི་ལས་དོན་སྒྲུབ་མཁན་གྱི་ལས་སྒོའི་དཔྱད་ཞིབ་དང་གོ་གནས་འཕར་བ། གོ་མིང་དཔྱད་བསྡུར་གཏན་འབེབས་སོགས་ཀྱི་བྱ་བ་ལེགས་པོ་སྒྲུབ་དགོས།

དོན་ཚན་བཅུ་བདུན།  རང་སྐྱོང་ཁུལ་ནང་ཁུལ་གྱི་བོད་རིགས་སྤྱི་དམངས་འདུས་སྡོད་བྱེད་པའི་མཁར་གྲོང་དུ་བསྡུས་པའི་ཚོགས་འདུ་ལ་དངོས་ཡོད་ཀྱི་དགོས་མཁོར་གཞིགས་ནས་ཡིག་བསྒྱུར་བྱེད་དགོས། རང་སྐྱོང་ཁུལ་ནང་ཁུལ་གྱི་བོད་རིགས་སྤྱི་དམངས་ལ་འབྲེལ་འདྲིས་ཅུང་མང་བའི་སྡེ་ཁག་དང་ཞབས་ཞུ་ལས་རིགས་སུ་བོད་རྒྱ་སྐད་རིགས་གཉིས་ཤེས་པའི་ལས་བྱེད་མི་སྣ་ཡོད་དགོས།

དོན་ཚན་བཅོ་བརྒྱད། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་སྡེ་ཁག་དང་ལས་དོན་ལས་ཁུངས་ཀྱིས་རིགས་སོ་སོའི་སྤྱི་དམངས་ཀྱི་ཡིག་བསྐུར་ཞུ་གཏུག་དང་ལེན་དང་སྣེ་ལེན་བྱེད་སྐབས། ཡིག་བསྐུར་ཞུ་གཏུག་བྱེད་མཁན་གྱི་ཤེས་པའི་སྐད་དང་ཡི་གེ་བཀོལ་དགོས།

དོན་ཚན་བཅུ་དགུ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ཞུ་གཏུག་བྱེད་སྒོའི་ཁྲོད། བོད་རྒྱ་ཡིག་རིགས་གཉིས་མཉམ་བཀོལ་དང་ཡང་ན་སོ་སོར་བཀོལ་སྤྱོད་བྱེད་དགོས། བོད་སྐད་ཡིག་དང་ཡང་ན་རྒྱའི་སྐད་ཡིག་མི་ཤེས་པའི་ཞུ་གཏུག་པར་ལོ་ཙཱ་བྱེད་དགོས།

རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ཞུ་གཏུག་ཡི་གེ་དང་ཁྲིམས་གཅོད་ཡི་གེ བསྒྲགས་ཡིག  ཁྲིམས་ལུགས་ཡིག་རིགས་གཞན་པ་སོགས་ལ་དགོས་མཁོར་གཞིགས་ནས། བོད་རྒྱ་ཡིག་རིགས་གཉིས་མཉམ་བཀོལ་དང་ཡང་ན་སོ་སོར་བཀོལ་སྤྱོད་བྱེད་དགོས།

དོན་ཚན་ཉི་ཤུ། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱིས་འཆར་གཞི་ཡོད་པའི་སྒོ་ནས་བོད་སྐད་ཡིག་གི་བྱ་བ་བྱེད་མཁན་གདམས་ནས་ས་ཁུལ་གཞན་གྱི་མཐོ་རིམ་སློབ་གླིང་དུ་ཟབ་སྦྱོང་བྱེད་པར་མངགས་ཏེ། ཆེད་ལས་ཤེས་བྱ་གསར་སྒྱུར་དང་ལས་སྒོའི་བྱང་ཚད་མཐོར་འདེགས་གཏོང་དགོས།

དོན་ཚན་ཉེར་གཅིག རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཆེད་གཉེར་ལོ་ཙཱ་བྱེད་མཁན་གྱི་གསོ་སྐྱོང་ལ་མཐོང་ཆེན་བྱེད་དགོས་པ་དང་། རང་སྐྱོང་ཁུལ་གྱི་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱིས་བོད་རྒྱ་ཡིག་རིགས་གཉིས་ཤེས་པའི་དྲུང་ཡིག་བཀོད་སྒྲིག་བྱེད་པར་མཐོང་ཆེན་བྱེད་དགོས། རང་སྐྱོང་ཁུལ་གྱིས་བོད་སྐད་ཡིག་གི་ལོ་ཙཱ་དང་བརྡ་འཕྲིན་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། བོད་སྐད་ཡིག་གི་མིང་ཚིག་ཐ་སྙད་ཚད་ལྡན་ཅན་གྱི་བྱ་བ་ལེགས་པོར་སྒྲུབ་པ། བོད་སྐད་ཡིག་གི་མིང་ཚིག་ཐ་སྙད་གཅིག་གྱུར་དང་ཚད་ལྡན་བཀོལ་སྤྱོད་ལ་ཤུགས་སྣོན་བྱེད་དགོས།

དོན་ཚན་ཉེར་གཉིས། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་བྱ་བའི་ལས་སྒོའི་འགྲོ་གྲོན་དང་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་གི་འགྲོ་གྲོན་དེ་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇོག་པ་དང་། མ་དངུལ་གྱི་དོ་དམ་དང་བཀོལ་སྤྱོད། ལྟ་རྟོག་ལ་ཤུགས་སྣོན་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།

དོན་ཚན་ཉེར་གསུམ། རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས། ལས་དོན་ལས་ཁུངས། མི་སྒེར་བཅས་ཚང་མས་སྲོལ་ཡིག་འདི་བརྩི་སྲུང་བྱེད་དགོས་པ་མ་ཟད། རིམ་པ་སོ་སོའི་བོད་སྐད་ཡིག་བྱ་བའི་ལས་ཁུངས་ཀྱིས་སྲོལ་ཡིག་འདིའི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པ་དང་ལེན་བྱེད་དགོས།

རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་སྲོལ་ཡིག་འདི་ལག་བསྟར་བྱེད་པའི་དཔེ་མཚོན་ལས་ཁུངས་དང་མི་སྒེར་ལ་བསྔགས་བསྟོད་དང་བྱ་དགའ་སྟེར་དགོས། སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་བའི་ལས་ཁུངས་དང་མི་སྒེར་ལ། གནས་ཚུལ་ལ་གཞིགས་ནས་སྐྱོན་བརྗོད་སློབ་གསོ་དང་ཡང་ན་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས།

དོན་ཚན་ཉེར་བཞི། འཇུ་ལག་ཧེ་རིགས་རང་སྐྱོང་རྫོང་གིས་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ཏེ། བབ་སྟུན་གྱིས་སྲོལ་ཡིག་འདི་ལག་བསྟར་བྱེད་དགོས།

དོན་ཚན་ཉེར་ལྔ། སྲོལ་ཡིག་འདིའི་བཀོལ་སྤྱོད་ཁྲོད་ཀྱི་ཞིབ་ཕྲའི་གནད་དོན་ལ་རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་འགྲེལ་བཤད་བྱེད་དགོས།

དོན་ཚན་ཉེར་དྲུག  སྲོལ་ཡིག་འདི1995ལོའི་ཟླ10ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།


མཉམ་སྤྱོད།