དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

གཅིག འབྱུང་ཁམས་ཀྱི་སྐོར།

2022-11-17 13:22:59   |   819

ཁེད་ཀྱི་ཕ།

ཅི་ཁེད། ལན་ནི་གནམ།

ཁེད་ཀྱི་མ། 

ཅི་ཁེད། ལན་ནི་ས།

ཁེད་ཀྱི་བུ།

ཅི་ཁེད། ལན་ནི་རིག་པ།

ཁེད་ཕྲུག་མིག་དམར།

ཅི་ཁེད།   ལན་ནི་གློག་འཁྱུག་པ།

རྡོ་སྔོ་ལེབ་སྟེང་གི་རྡེའུ་ཁྲ་ལེབ།

ཅི་ཁེད།   ལན་ནི་གནམ་གྱི་སྐར་མ།

བལྟས་ན་ཡག་ཐུག་མི་ཐུབ།

ཅི་ཁེད།   ལན་ནི་འཇའ།

བར་སྣང་ཁམས་ཀྱི་རྔ་བོ་ཆེ།

ཅི་ཁེད།   ལན་ནི་འབྲུག་སྒྲ།

རྟ་དཀར་དཀར་ཁེབ་མ་ནག་པོ་ཅན།

ཅི་ཁེད།   ལན་ནི་དར་ཐོག་ལ་ས་ཆགས་པ།

བསྐལ་པ་རིང་མོ་དཀར་ནག་ཕྲེང་གིས་གྲུབ།

ཅི་ཁེད།   ལན་ནི་ཉིན་མཚན་དུས་དྲུག

ང་ཐུག་མི་ཉན་ལྷུང་འགྲོ།

ཅི་ཁེད།   ལན་ནི་རྩྭ་མགོའི་བཟིལ་བ།

ཐུག་མི་ཐུབ་སྐེ་རགས་རྒྱང་བལྟས་ཅན།

ཅི་ཁེད།   ལན་ནི་འཇའ་ཚོན།

ལག་པས་མ་འཐག་རྩམ་པ་ཉིལ་ལི་ལི།

ཅི་ཁེད།   ལན་ནི་ཁ་བ་འབབ་པ།

ད་ལྭའི་ཐང་ན་རྩྭ་མེད། ད་ལྭའི་རྟ་ལ་དབུགས་མེད།

ཅི་ཁེད།   ལན་ནི་སྐར་མ།

གཡུ་ཡི་སྡེར་མ་སྔོན་པོའི་ནང་། དངུལ་གྱི་ཕྲ་རྒྱན་ཁྲི་མ་འབུམ།

ཅི་ཁེད།   ལན་ནི་སྐར་མ།

སྨད་ནས་རྔ་མོང་དཀར་མོས་ཁ་གདངས་ན། སྟོད་ནས་ཨོ་རྒྱན་པད་མའི་ལུག་འདྲོགས་ཀི།

ཅི་ཁེད།   ལན་ནི་སྐྱ་རེངས་བཀྱག་པ།

ཨ་ཐང་ཐང་ན་རྩྭ་མེད། ཨ་ཐང་ཐང་ན་ལུག་མེད།

ཅི་ཁེད།   ལན་ནི་ནམ་མཁའི་སྐར་མ།

ཐོར་ནག་ཐང་ན་རྩྭ་མེད། ཐོར་ནག་ཐོར་བུར་རྡུལ་མེད།

ཅི་ཁེད།   ལན་ནི་སྐར་མདའ་།

མགྱོགས་ནི་ངའི་མགྱོགས་ཟིག་མེད། ལ་གྲི་རྩེ་ཙམ་ཞིག་ངས་མི་ཆོད།

ཅི་ཁེད།   ལན་ནི་ཆུ།

དགུན་གསུམ་བླ་མ་གསེར་ཞྭ་ཅན། དབྱར་གསུམ་སྔགས་པ་རལ་པ་ཅན།

ཅི་ཁེད།   ལན་ནི་དབྱར་རྩྭ་དགུན་འབུ།

རྒྱལ་བོ་གཅིག་ལ་བློན་པོ་བཅུ་གཉིས། ནང་འཁོར་སུམ་བརྒྱ་དྲུག་ཅུ་ཡོད།

ཅི་ཁེད།   ལན་ནི་ལོ་འཁོར་གཅིག

ཨ་ཆེན་ཐང་གི་ཐང་སྟོད་ན། སྤྱང་དཀར་གཞིའི་འགྲམ་རུས་ཐང་ལ་ལྷུང་།

ཅི་ཁེད།   ལན་ནི་ཟླ་ཚེས།

ལྷ་དང་བླ་མས་རྔ་ཞིག་བརྡུངས། མ་ཡེ་ཤེས་མཁའ་འགྲོས་ཆང་ཞིག་བཙགས།

ཅི་ཁེད།   ལན་ནི་འབྲུག་གྲགས་ནས་ཆར་བབས་པ།

ཨ་ཁུ་བློན་པོ་སྒོ་ན་ཡོད། སྐེ་རགས་གློ་ཁྱ་ཁྱིམ་ན་ཡོད།

ཅི་ཁེད།   ལན་ནི་སྦྲ་ནང་གི་ཉི་ཐིགས།

དར་སྔོན་ལག་ཕྱིས་སྔོ་ཤིགས་སེ། ཐོག་གི་དངུལ་རྒྱན་ཁྲ་ཆིལ་ལེ།

ཅི་ཁེད།   ལན་ནི་སྐར་མ་ཤར་བ།

བལ་ཁ་ཆུ་ཉིལ་ལེར་གནམ་ནས་ལྷུང་། རི་ལ་ཐང་མེད་པར་ཕྱིང་དཀར་འཇོག

ཅི་ཁེད།   ལན་ནི་ཁ་བ།

ཉི་མ་དགུང་ན་ཡོད། སྐེ་རགས་ཁྱིམ་ན་ཡོད།

ཅི་ཁེད།   ལན་ནི་ཉི་ཐིག

བླ་ཆེན་དབུ་སྐྲ་དཀར་པོ་ཅན། དབྱར་དགུན་གཉིས་ཀར་དབུ་རྩེ་མཐོ།

ཅི་ཁེད།   ལན་ནི་གངས་རི།

སྨད་ནས་སྤྱང་ཀིས་ཁ་གདངས་ན། སྟོད་ནས་ཕྱུག་པོའི་ལུག་ཞོགས་ཀི།

ཅི་ཁེད།   ལན་ནི་སྐྱ་རེངས་ཤར་བ།

བཙན་གྱི་རྒོད་མ་དམར་ལྡང་མ། རིག་མཁན་མང་ཡང་རེག་མཁན་མེད།

ཅི་ཁེད།   ལན་ནི་ཉི་མ།

རྩྭ་ཐང་གཡང་གི་ཁ་ཆུ་ལ། ནངས་ཉི་ཟེར་ཕོག་ན་ཇེ་ཡག་རེད།

ཅི་ཁེད།   ལན་ནི་ནངས་མོའི་བཟིལ་བ།

གཟུགས་མེད་བུ་མོ་མྱུར་མགྱོགས་མ། སོང་ན་ལུང་བ་འུར་གྱིས་བཀང་།

ཅི་ཁེད།   ལན་ནི་རླུང་།

སྲིད་པ་རྒན་པོ་སྔོ་རིས་མ། དབྱར་དགུན་མེད་པར་གོས་དཀར་གྱོན།

ཅི་ཁེད།   ལན་ནི་གངས་རི།

གོས་སྔོན་པོ་ཐང་ལ་བཏིངས་འདྲ་བོ། གསེར་མུ་ཏིག་ཐང་ལ་ཐོར་འདྲ་བོ།

ཅི་ཁེད།   ལན་ནི་ནམ་མཁའི་སྐར་མ།

གཡུ་ཡི་སྡེར་མ་སྔོན་མོའི་ནང་། དངུལ་གྱི་ཕྲ་རྒྱན་ཁྲི་མ་འབུམ།

ཅི་ཁེད།   ལན་ནི་ནམ་མཁའི་སྐར་མ།

ཁང་ཁ་ཞིག་ན་སྡོང་བོ་ཞིག། རྣོ་སྟ་རེས་མི་ཆོད་རླུང་གིས་ཆོད།

ཅི་ཁེད།   ལན་ནི་དུ་ཁུང་ནང་གི་དུ་བ།

ཀ་བ་མེད་པའི་གུར་ཁང་ནང་ན། དར་ཚོན་སྣ་ལྔའི་སྐེ་རགས་ཤིག།

ཅི་ཁེད།   ལན་ནི་འཇའ་ཚོན།

ཀ་རུ་མ་བཀུག་རུ་མ། ཉིན་འགྲོ་མ་མཚན་འགྲོ་མ།

ཅི་ཁེད།   ལན་ནི་ཆུ་བོ་བཞུར་བ།

ཁ་མིག་མེད་པའི་འུར་སྒྲ་ཅན། རྐང་ལག་མེད་པའི་ཐང་ཕྱགས་མ།

ཅི་ཁེད།   ལན་ནི་རླུང་།

མཐོ་ཨ་སྔོན་དབྱིངས་ནས་ལྷ་རྔ་རྡུང་། དགུང་སྔོན་པོའི་མིག་ཆུ་ཁྲོ་ལོ་ལོ།

ཅི་ཁེད།   ལན་ནི་འབྲུག་གྲགས་པ་དང་ཆར་བབས་པ།

སྔོན་པོ་ཐང་གི་ཐང་དཀྱིལ་ན། དུང་གི་ཟོར་བ་ཡུ་མེད་ཅིག།

ཅི་ཁེད།   ལན་ནི་ཟླ་བ།

སྔོན་མོ་གཡུ་ཡི་གདན་སྟེང་ན། འགྲུལ་བ་ཁ་དོག་སེར་པོ་ཅན།

ཅི་ཁེད།   ལན་ནི་ཉི་མ། 

སྔོན་པོ་གཡུ་ཡི་ཐང་དཀྱིལ་ན། འབྲི་མོ་དཀར་མོ་མཚན་འགྲོ་བྱེད།

ཅི་ཁེད།   ལན་ནི་ཟླ་བ།

སྔོན་པོ་གཡུ་ཡི་ཐང་ཆེན་ལ། དཀར་པོ་དངུལ་གྱིས་ཕྲ་མང་བརྒྱབ།

ཅི་ཁེད།   ལན་ནི་ནམ་མཁའི་སྐར་མ།

འཇམ་པོ་རླུང་ལ་འཕྲད་ན་རྫིག་ཉམས་སྟོན། བརླན་གཤེར་ཆུ་ལ་ཕྲད་ན་རང་སྲོག་ཤོར།

ཅི་ཁེད།   ལན་ནི་མེ།

ཉིན་མཚན་མེད་ལ་འགྲོ་མཁན་མ། ཉིན་ནུབ་མེད་པར་གླུ་ལེན་མཁན།

ཅི་ཁེད།   ལན་ནི་ཆུ་ཕྲན།

ཁོག་སྟོད་དཔའ་བོ་ངར་ཞགས་ཅན། ཁོག་སྨད་རྟ་བོ་དྲུག་ཞེང་ཅན།

ཅི་ཁེད།   ལན་ནི་མེ།

རྒྱལ་བོ་ཚང་གི་མཁར་ཁ་ན། ལྕགས་ཀྱི་སྡོང་བོ་སྔོན་པོ་དེ། སྟ་རེས་མི་ཆོད་རླུང་གིས་ཆོད།

ཅི་ཁེད།   ལན་ནི་དུ་བ།

དང་པོ་མཛོ་གི་རྭ་དང་འདྲ། བར་དུ་དཀྱིལ་འཁོར་ཐིག་དང་འདྲ། མཐའ་མ་རྐུན་མའི་རྐུས་དང་འདྲ།

ཅི་ཁེད།   ལན་ནི་ཟླ་ཚེས།

དར་སྐྱ་འདོམ་གང་། དར་དམར་ཁ་གང་། རྡེའུ་ཕྲུག་གཞོང་གང་།

ཅི་ཁེད།   ལན་ནི་དུ་བ་དང་། མེ།  ཐལ་བ།

སྲབ་མེད་མཐུར་མེད་རྟ་སེར་སྒ་སེར་ཅན། རྫི་བོས་མ་ཐུབ་ནུབ་ཀྱི་རི་ལ་བྲོས། བཙལ་བས་མི་རྙེད་ཕྱི་ཉིན་ཞོགས་པར་ཡོང་།

ཅི་ཁེད།   ལན་ནི་ཉི་མ།

ཆུང་དུས་ཟོག་གི་རྭ་འདྲ། ཆེ་དུས་མི་ཡི་ངོ་འདྲ། རྒས་དུས་མུན་པའི་སྨག་ལ་ཉལ།

ཅི་ཁེད།   ལན་ནི་ཟླ་བ།

གནམ་ལྕགས་མདུང་མོས་ང་མི་ཕུག། སྤུ་གྲི་ངར་མོས་ང་མི་ཆོད། བརྒྱད་ཅུའི་ལོ་ལས་ང་མི་ཐར།

ཅི་ཁེད།   ལན་ནི་ཆུ།

དམའ་མོའི་མཚོ་ནའང་ཡོད། ཕྱུག་པོའི་ཁྱིམ་ནའང་ཡོད། སྤྲང་བོའི་སྣོད་ནའང་ཡོད།

ཅི་ཁེད།   ལན་ནི་ཆུ།

ཨ་དུང་དུང་གིས་དུང་ཞིག་བོས། མ་གཡུ་མཚོ་དཀར་མོས་ཆུ་ཞིག་གཏོར། ཕ་མེ་མཚོ་དམར་པོས་མེ་ཞིག་བུས།

ཅི་ཁེད།   ལན་ནི་འབྲུག་གྲགས་པ་དང་ཆར་བབས་པ། གློག་འཁྱུག་པ།

དབྱར་ཟླ་གསུམ་གྱི་བག་མ། སྦྲང་ཆར་བསིལ་མའི་ཚ་མོ། གཡུ་འབྲུག་སྔོན་མོའི་གྲོགས་མོ།

ཅི་ཁེད།   ལན་ནི་འཇའ།

ཕར་གན་ན་དུང་གི་རྔ་ཞིག་རྡུང་། མ་ཡེ་ཤེས་མཁའ་འགྲོས་ཆང་ཞིག་བཙགས། བུ་ཁྱུང་ཕྲུག་རྒོད་པོས་མེ་ཞིག་རྡེབ།

ཅི་ཁེད།   ལན་ནི་འབྲུག  ཆར།   གློག

ཉལ་ཡོད་ཀྱང་གང་སར་ཐོན་པ། བལྟས་མེད་ཀྱང་གང་ཡིན་མཐོང་བ། ཁ་མ་རེག་གང་ཞིམ་ཟ་བ།

ཅི་ཁེད།   ལན་ནི་རྨི་ལམ།

དང་པོར་མཛོ་ཆུང་རྭ་འདྲ་བ། བར་དུ་དཀྱིལ་འཁོར་ཐིག་འདྲ་བ། ཐ་མར་རྐུན་མའི་བརྐུས་འདྲ་བ།

ཅི་ཁེད།   ལན་ནི་ཟླ་བ།

འབོད་མི་དགོས་རྒྱལ་པོ་གསེར་ཕྲེང་ཅན། ཁྱོད་ཡོང་དུས་གསེར་ཞག་འཁྱིལ་ལེར་ཡོང་། ཁྱོད་འགྲོ་དུས་མུན་ནག་འཐིབ་བེ་འགྲོ།

ཅི་ཁེད།   ལན་ནི་ཉི་མ། 

སྲབ་མེད་མཐུར་མེད་རྟ་སེར་གསེར་སྒ་ཅན། རྫི་བོས་མ་རྙེད་ནུབ་ཀྱི་རི་ལ་ཡལ། ཕྱི་ཉིན་ཞོགས་པར་ཤར་ཕྱོགས་རི་ནས་རྙེད།

ཅི་ཁེད།   ལན་ནི་ཉི་མ།

སྲིད་པའི་བྱ་རྒན་སེ་བོ་ལ། རྔ་སྒྲོ་ལེབ་མོ་བཅུ་གཉིས་ཡོད། སྒྲོ་ཐུང་སུམ་བརྒྱ་དྲུག་ཅུ་ཡོད།

ཅི་ཁེད།   ལན་ནི་ལོ་འཁོར་གཅིག

སྲིད་པའི་བྱ་རྒན་སེ་བོ་ལ། དང་རི་ཨ་ཆེན་བཅུ་གཉིས་ཡོད། སྒྲོ་མགོ་སུམ་བརྒྱ་དྲུག་ཅུ་ཡོད། ཕྱེད་ཀ་དཀར་ལ་ཕྱེད་ཀ་ནག།

ཅི་ཁེད།   ལན་ནི་ལོ་གཅིག་གི་ལོ་སྐོར་ཟླ་བ་ཟླ་བ་བཅུ་གཉིས་དང་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཉིན་མཚན་གཉིས་བཅས་སོ།

སྲིད་པའི་གླང་རྒན་སྔོ་ལྡང་ལ། བྱ་སྤུ་བྱེའུ་སྤུ་ཁལ་ཟིག་བཀལ། ལྷ་ཆེན་ཚངས་པས་སྔོན་ནས་འཁྲིད། གོང་སྨན་རྒྱལ་མོས་རྗེས་ནས་སྐྱོར།

ཅི་ཁེད།   ལན་ནི་གནམ།  སྐར་མ།  ཉི་མ།  ཟླ་བ།

རིང་གི་རིང་ཞིག་མེད། སྟོད་རྒྱ་གར་ཡུལ་ལ་ཐོན་ཡོད། ཐུང་གི་ཐུང་ཞིག་མེད། ཆུ་བོའི་ཕར་ཁ་མི་ཐོན།

ཅི་ཁེད།   ལན་ནི་ལམ།

འགྱིག་གཞོང་ཆེ། འགྱིག་རྡེའུ་ཆུང་། བལྟས་ན་ཆོག། འདེད་མི་ཐུབ།

ཅི་ཁེད།   ལན་ནི་ནམ་མཁའི་སྐར་མ།

སྟོད་ཀྱི་ཤེལ་དཀར་ཁང་པ་དེ། ཤིང་བཟོ་བརྒྱ་ཡིས་བཤིག་མི་ཐུབ། སྨད་ཀྱི་འབྲོང་རྭ་རློན་པ་དེ། མགར་བ་བརྒྱ་ཡིས་འགུག་མི་ཐུབ།

ཅི་ཁེད།   ལན་ནི་གངས་རི་དང་རྨ་ཆུ།

ཆེ་བ་ང་ཡི་ཆེ་ཞིག་མེད། གནམ་ས་མེད་པར་ངས་བཀང་ཡོད། ཆུང་བ་ང་ཡི་ཆུང་ཞིག་མེད། སྲིབ་རྟ་རྔ་ཙམ་ནས་ང་མི་ཐར།

ཅི་ཁེད།   ལན་ནི་ཉི་འོད།

ཤར་རྨ་རྒྱལ་རི་ཡི་གཡས་ཟུར་ནས། བྱ་རྒྱལ་འབར་བ་དུག་གིས་བཟུང་། བྱ་གན་ལ་བྱ་བདག་མ་བུད་ན། མི་གཞན་གྱིས་མི་བདག་བྱས་རབས་མེད།

ཅི་ཁེད།   ལན་ནི་ཉི་ཟླ་གཟའ་ཡིས་བཟུང་བ།

སྟོད་ཀྱི་འབྲོང་རྭ་སྐམ་པོ་དེ། མགར་བ་བརྒྱ་ཡིས་གཏོར་མི་ཐུབ། སྨད་ཀྱི་འབྲོང་རྒྱུ་རློན་པ་དེ། ཤེད་ཅན་བརྒྱ་ཡིས་གཅོད་མི་ཐུབ།

ཅི་ཁེད།   ལན་ནི་རྫ་རི་དང་རྫ་ཆུ།

དབྱར་དྲོད་ཁོལ་ལྡན་དུས་འོད་དཀར་འཕྲོ། དགུན་གྲང་ངར་ཆེ་དུས་གོས་དཀར་གྱོན། གླུ་སྙན་མོ་ལེན་མཁས་སྐད་ཡག་མ། ཉ་གསེར་མིག་མང་པོ་བསྐུང་ས་ཡིན།

ཅི་ཁེད།   ལན་ནི་གཙང་བོ།

ལྡེའུ་ཨ་མྱེས་རྒན་པོ་དེ། བསུ་མི་དགོས་ཞོགས་པའི་དུས་སུ་ཡོང་། སྐྱེལ་མི་དགོས་གྲིབ་ཆེན་གོན་དུས་འགྲོ། ཕ་ཕྱུག་པོའི་བུ་ཡིས་བསླུ་རྒྱུ་མེད། བུ་དཔའ་བོའི་མཚོན་གྱིས་འགོག་རྒྱུ་མེད། སྨན་བུ་མོའི་ཡག་གིས་འགུག་རྒྱུ་མེད།

ཅི་ཁེད།   ལན་ནི་ཉི་མ།


སྐབས་སྔོན་མ། མེད།
སྐབས་རྗེས་མ། གཉིས། ལུས་ཕུང་གི་སྐོར།
མཉམ་སྤྱོད།