དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་མྱེས་སྟོང་སོ།

2024-08-27 14:52:56   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

རྩོམ་སྒྲིག   སངས་དོན།     བཤེར་འབེབས།   རིན་ཆེན་ཚེ་རིང་། 


3333.png

ཨ་མྱེས་སྟོང་སོ་ནི་མདོ་ལ་རྫོང་གི་ལྷོ་ནུབ་ཕྱོགས་དང་། བཙུན་མོ་གཞོང་གྲོང་རྡལ་ཆགས་སའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ7.2མཚམས་སུ་ཡོད། མདོ་ལ་རིང་མོའི་ཐོ་ལི་ལྷོ་རིའི་ཁོངས་སུ་གཏོགས། མཚོ་འཕགས་སྨི4620ཡིན།  ཨ་མྱེས་སྟོང་སོ་ནི་ཁེར་ཚུགས་སུ་འགྱིངས་པའི་རི་ཞིག་ཡིན་ལ། ལོ་ཧྲིལ་བོར་རི་རྩེ་གངས་ཀྱིས་བཟུང་ཞིང་རི་སྐེད་ནགས་ཀྱིས་བསྐོར་ཡོད།  གནས་འདི་རུ་གླ་དང་དྲེད་མོང་།  ཤྭ་བ། སྤྱང་ཀི་སོགས་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཡོད་པ་མ་ཟད། དབྱར་རྩ་དགུན་འབུ་སོགས་སྨན་རྩྭའི་རིགས་ཀྱང་མང་པོ་ཡོད།  

4444.png

2017ལོར། ཆེད་མཁས་པས་དཔྱད་བཤེར་བྱས་པ་བརྒྱུད། ཨ་མྱེས་སྟོང་སོ་ལྗོངས་ཁུལ་དེ5Aརིམ་པའི་གནས་སྐོར་མཚེས་ལྗོངས་ཁུལ་གསར་འཛུགས་བྱ་རྒྱུའི་མིང་ཐོ་ནང་ཚུད་པ་དང་། 2020ལོའིཟླ11པར། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་ཨ་མྱེས་སྟོང་སོ་གནས་སྐོར་མཛེས་ལྗོངས་ས་ཁུལ་དང་ཚྭ་མཚོ་མཛེས་ལྗོངས་ས་ཁུལ། གསེར་དངུལ་ཐང•རྡུལ་ཕྲན་མཁར་མཛེས་ལྗོངས་ས་ཁུལ་བཅས་ལ་རིག་གནས་དང་གནས་སྐོར་པུ་ཡིས་མཛེས་ལྗོངས་ས་ཁུལ་གྱི་སྤུས་ཚད་དཔྱད་བཤེར་ལས་དོན་སྤེལ། 2020ལོའི་ཟླ12པར། རིག་གནས་དང་གནས་སྐོར་པུ་ཡིས་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་ལྗོངས་ཁུལ་དུ་དཔྱད་འདེམས་བྱས་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱི5A རིམ་པའི་གནས་སྐོར་མཛེས་ལྗོངས་གྲགས་ཅན་དུ་གྱུར་ཡོད།

999.jpg

དེ་ཡང་། ངག་རྒྱུན་དུ།  གླིང་རྗེ་གེ་སར་རྒྱལ་པོས་ཧོར་ལ་དམག་དྲངས་ནས་ཧོར་གུར་དཀར་རྒྱལ་པོ་ཆམ་ལ་ཕབ་པ་དང་།  ཧོར་ཡུལ་གྱི་སེར་སྐྱ་ཕོ་མོ་ཡོངས་ལ་དམ་པའི་ཆོས་ཀྱི་དབང་ལུང་མན་ངག་གི་བདུད་རྩི་ཆར་བཞིན་ཕབ་རྗེས་དམག་དཔུང་འཁྲིད་ནས་ཕྱིར་ལོག་པ་དང་།  སོ་བ་སྟོང་ལྷག་བཞག་ནས་ཧོར་ཡུལ་གྱི་གནས་ཚུལ་ལ་སོ་བྱེད་དུ་བཅུག  རྗེས་སུ་སོ་བ་སྟོང་གི་དམག་དཔུང་ས་གནས་འདིའི་གནས་བདག་རུ་གྱུར་བ་དང་། སྟོང་སོ་ཞེས་པའི་མིང་དེ་ཡང་དེ་ལྟར་བྱུང་བར་བཤད།

888.jpg

ཡང་བཤད་ཚུལ་གཞན་ཞིག་ལས།  གནའ་སྔ་མོའི་དུས་སུ། མདོ་ལ་ས་ཆ་འདི་ད་ལྟ་ནང་བཞིན་རི་ཆུ་ནགས་གསུམ་འཛོམས་ཤིང་།  ས་འོག་གཏེར་དང་ས་ཁ་ཕྱུགས་ཀྱིས་ཁེངས་པ།  རི་དྭགས་སྣ་ཚོགས་བག་ཡངས་རྒྱུ་ཞིང་བྱ་བྱེའུ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པའི་ལྷ་ཡི་ཞིང་ཁམས་ལྟ་བུ་ཞིག་མ་ཡིན་པར་བདུད་སྡིག་ཅན་གྱིས་དམངས་ལ་འཚེ་བ་སྣ་ཚོགས་བཏང་ནས་འོ་དོད་ཀྱི་སྐད་ངན་སྒྲོག་པའི་དམྱལ་ཁམས་ལྟ་བུ་ཞིག་ཡིན།  གླིང་རྗེ་གེ་སེར་རྒྱལ་བོས་གནས་ཚུལ་འདི་ཤེས་རྗེས།  གཞི་བདག་བཞི་མངག་ནས་བདུད་སྡིག་ཅན་འདི་དག་འདུལ་དུ་ཡོང་བ་དང་།  གཞི་བདག་བཞི་བོས་རི་འདིའི་སྟེང་དམག་སྟོང་ལྷག་བསྐུངས་ནས་བདུད་སྡིག་ཅན་དག་ལས་རྣམ་པར་རྒྱལ་པས་སྟོང་སོ་ཞེས་པའི་མིང་དེ་ལྟར་ཐོགས་པར་བཤད་ལ།  རྗེས་སུ་གཞི་བདག་བཞི་བོའང་གནས་འདི་ནས་ལུས་པ་དང་། ཁོ་ཚོས་ས་འདི་ལ་བྱིན་གྱིས་བརླབས་ཤིང་གསེར་དངུལ་མང་པོ་གཏོར་བས་མདོ་ལ་ས་ཁུལ་འདི་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་སྣ་འཛོམས་པ་དང་ཕྱུགས་རིགས་ཀྱི་འཕེལ་ཁ་དར་བའི་གནས་མཆོག་ཅིག་ཏུ་གྱུར།  

22222.jpg

གང་ལྟར་ཀྱང་། ཨ་མྱེས་སྟོང་སོ་ནི་མདོ་ལ་ས་ཁུལ་གྱི་གནས་རི་གཙོ་བོ་དང་མདོ་ལའི་ཚབ་མཚོན་རང་བཞིན་གྱི་གནས་སྐོར་ལྗོངས་ཁུལ་གཙོ་བོ་ཡིན་པ་མ་ཟད། འཇུ་ལག་ཆུ་བོའི་འབབ་རྒྱུད་ཀྱི་མུ་རི་མཐོན་པོ་བཅུ་གསུམ་ནང་གི་གཅིག་ཡིན། 


མཉམ་སྤྱོད།