དེ་རིང་ནི2025ལོའི་ཟླ04པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕྱུགས་ཟོག་གིས་བདེ་འཇགས་ངང་དགུན་སྐྱེལ་བར་འོམ་ཆུ་གྲོང་རྡལ་གྱིས་འདི་ལྟར་བསྒྲུབས།

2024-12-24 09:52:25   |   2739

རྩོམ་སྒྲིག  སངས་རྒྱས་སྐྱིད།  ཡོང་ཁུངས།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་ཕྱུགས་ལས་ཐོན་སྐྱེད་ལ་བཟོས་པའི་ཤུགས་རྐྱེན་ངན་པར་ཁ་གཏོད་པ་དང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཕྱུགས་ལས་རྒྱུན་མཐུད་དང་བརྟན་བརླིང་། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱ་ཆེད།    ཉིན་ཤས་རིང་འོམ་ཆུ་གྲོང་རྡལ་གྱིས་ཕྱུགས་ར་ཞིག་གསོ་དང་གཟན་རྩྭ་གཟན་ཆས་གྲབས་གསོག ནད་རིགས་འགོག་བཅོས་སོགས་ཀྱི་ལས་དོན་ལ་དམིགས་ནས་ཧུར་ཐག་གིས་གསོ་སྤེལ་ཐོན་ལས་ཁྱབ་ཁོངས་ཀྱི་དྲོད་སྙོམས་གྲང་འགོག་དང་དེ་བཞིན་ཐོན་སྐྱེད་བདེ་འཇགས་ཀྱི་མཛུབ་སྟོན་ལས་དོན་སྤེལ།

ཁྲིད་སྟོན་ལ་ཤུགས་བསྣན་ཏེ་དྲིལ་སྒྲོག་ལས་དོན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། “དཀྱིས་སྙིང་གཅིག་དང་རུ་ཁག་ལྔ”ཡི་བྱ་བའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དྲ་ཐོག་ཏུ་བརྒྱུད་སྐུར་དང་དྲ་འོག་ཏུ་བཅར་འདྲི་བྱས་པ་བརྒྱུད། གནམ་གཤིས་སྔོན་བརྡའི་ཆ་འཕྲིན་དུས་ལྟར་ཁྱབ་བསྒྲགས་བྱས་ཏེ། ཞིང་འབྲོག་ཁྱིམ་ཚང་དང་གསོ་སྤེལ་ཁྱིམ་ཚང་ལ་གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་ཕྱུགས་ལས་ལ་གནོད་འཚེ་བཟོ་སྲིད་པར་ངོས་ཤེས་ཡོད་པར་བྱས་ཤིང་། གྲང་ངར་ཆེ་བའི་གནམ་གཤིས་སྔོན་འགོག་གི་བྱ་ཐབས་ལ་ཤུགས་བསྣན། དུས་མཚུངས་སུ། སྡེ་བ་སོ་སོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་སྡེ་སྡོད་ལས་དོན་རུ་ཁག ཕྱུགས་ལས་སྨན་བཅོས་ས་ཚིགས་ཀྱི་ལས་སྒྲུབ་པ་སོགས་ཞིང་ཕྱུགས་ས་ཁུལ་དུ་བསྐྱོད་དེ་ཞིང་ཕན་སྲིད་ཇུས་དང་གནོད་འགོག་ཕྱུགས་སྲུང་། སྲོག་ཆགས་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན། ཕྱུགས་ར་ཞིག་གསོ། ཕྱུགས་ཟོག་བཤས་གཏོང་། རྩྭ་ཐང་གི་མེ་འགོག་བདག་སྐྱོང་། རྩྭ་ཕྱུགས་དོ་མཉམ། ནོར་ལུག་ཉེན་སྐྱོབ་སོགས་ཤེས་བྱ་དྲིལ་སྒྲོག་བྱས་ནས་མང་ཚོགས་ཀྱི་སྲིད་ཇུས་ཤེས་ཚད་དང་གནོད་འགོག་གནོད་སྐྱོབ་ཀྱི་ནུས་པ་ཇེ་མཐོར་བཏང་། ད་ལྟའི་བར་དུ་གྲོང་རྡལ་ཡོངས་ཀྱི་སྡེ་བ་སོ་སོས་དྲ་འོག་འཚམས་འདྲི་དང་དྲིལ་སྒྲོག་ཐེངས90ལྷག་ཙམ་སྤེལ་བ་དང་། སྐད་འཕྲིན་ཚོགས་པར་འབྲེལ་ཡོད་ཆ་འཕྲིན100 ལྷག་ཙམ་བརྒྱུད་སྐུར་བྱས།

ཟོན་འགོག་ལ་ཤུགས་བསྣན་ཏེ་གྲབས་གསོག་ལས་དོན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། གྲོང་རྡལ་གྱི་ཞིང་ཕྱུགས་དང་འཕྲལ་བསྟུན། ཐོན་སྐྱེད་བདེ་འཇགས་བཅས་ཀྱི་ལས་དོན་དང་ཕྱུགས་སྨན་དཔུང་ཁག་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་གསོ་སྤེལ་ཁྱིམ་ཚང་གིས་ནོར་ལུག་བཤས་གཏོང་ཇེ་མགྱོགས་སུ་གཏོང་བར་མཛུབ་ཁྲིད་བྱས་པ་དང་། གྲང་འགོག་གི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ། ནན་ཏན་སྒོས་ཕྱུགས་ར་ཞིག་གསོ་དང་བརྟན་པོར་བཏང་ནས་བདེ་འཇགས་ཀྱི་བྱུར་རྐྱེན་སེལ། ཆབས་ཅིག་ཏུ་གཟན་རྩྭ་གཟན་ཆས་གྲབས་གསོག་དང་དེ་བཞིན་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བར་དུག་སེལ་དང་གཙང་འཁྲུད་ཀྱི་བྱ་སྤྱོད་ཡག་པོ་སྤེལ་ནས། དགུན་དུས་སུ་ཕྱུགས་ཟོག་ལ་མཁོ་བའི་གཟན་རྩྭ་གཟན་ཆས་འདང་བར་ཁག་ཐེག་བྱས་ཤིང་། ཕྱོགས་ཡོངས་ནས་གསོ་སྤེལ་ཁོར་ཡུག་གཙང་བཟོ་བྱས། ད་ལྟའི་བར་དུ། གྲོང་རྡལ་ཡོངས་ཀྱི་ཕྱུགས་ཟོག་བཤས་གཏོང་གི་ཁྱོན་སྡོམ་མགོ་གྲངས་ཁྲི6.7དང་གཟན་རྩྭ་གཟན་ཆས་ཏུན་ཁྲི0.82གྲབས་གསོག་བྱས་པ་དང་། གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བར་དུག་སེལ་དང་གཙང་འཁྲུད་ཀྱི་བྱེད་སྒོ་ཐེངས7སྤེལ།

སྔོན་འགོག་ལ་ཤུགས་བསྣན་ཏེ་ནད་རིགས་སྔོན་འགོག་གི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། གྲོང་རྡལ་ཕྱུགས་སྨན་ས་ཚིགས་ཀྱི་ཕྱུགས་ཟོག་ནད་རིགས་འགོག་བཅོས་ལས་དོན་དང་ཟུང་འབྲེལ་གྱིས། “གྲོང་རྡལ་གྱི་སྡེ་བ་གཅིག་ཀྱང་མི་ལུས་པ། སྡེ་བའི་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ། ཁྱིམ་ཚང་གི་ཕྱུགས་ཟོག་གཅིག་ཀྱང་མི་ལུས་པ། ཕྱུགས་ཟོག་ལ་ཁབ་མི་གཅིག་ཀྱང་ལུས་པ།”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། དུས་ལྟར་རིམས་འགོག་སྨན་ཁབ་བརྒྱབ་ནས་རིམས་འགོག་གི་སྤུས་ཚད་དང་རིམས་འགོག་གི་འདུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་། གསོ་སྤེལ་ར་བར་སྐྱེ་དངོས་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་གསོ་སྤེལ་གྲངས་འབོར་གྱི་རྩིས་ཁྲ་དང་གསོ་སྤེལ་དོ་དམ་གྱི་གོ་རིམ།    རིམས་འགོག་སྨན་ཁབ་རྒྱག་པའི་སྡོམ་རྩིས་སོགས་གསལ་པོ་བཟོས་ཏེ་ཕྱུགས་ལས་ཐོན་སྐྱེད་བདེ་འཇགས་དང་སྤུས་ཚད་མཐོར་གཏོང་གི་འཕེལ་རྒྱས་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། ད་ལྟའི་བར་དུ། གྲོང་རྡལ་ཡོངས་ཀྱི་ཕྱུགས་ཟོག་ལ་སྐྱུག་ལྡད་དང་ཁ་ཚ་སོགས་ཀྱི་རིམས་འགོག་སྨན་ཁབ་ཁྱོན་སྡོམ་མགོ་གྲངས་ཁྲི34.6བརྒྱབ་པ་དང་ཁེབས་ཚད100%ཟིན་ཡོད།







མཉམ་སྤྱོད།
Loading...