དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏུང་ཧྥིང་ལེགས་འབྱེད་ཀྱིས་རྐང་ཚའི་འབྲོག་ལུག་ཕྱིར་འཚོང་བྱས་ཏེ་ཐུན་མོང་ཕྱུག་འགྱུར་ལ་ནུས་བ་བཏོན།

2025-12-18 17:04:40   |   215

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲི་ལག་ལེན་བསྟར་བྱ་ཆེད་དང་། མཐོ་སྒང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འབྲོག་ཁུལ་ལས་བརྒལ་ཏེ་ཁྱིམ་ཚང་ཁྲི་སྟོང་དུ་བསྐྱོད་དུ་འཇུག་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རང་འགུལ་ངང་གློག་རྡུལ་ཚོང་དོན་སྟེགས་བུ་དང་སྦྲེལ་མཐུད་བྱས་ཏེ་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་ཏུང་ཧྥིང་ལེགས་འབྱེད་ཚོགས་པ་དང་མཉམ་འབྲེལ་གཏིང་ཟབ་སྒོས། “ཤེས་བྱ་སྤྱད་དེ་ཚོང་ཟོག་བཙོང་བ་དང་། བརྩེ་བ་བརྒྱུད་སྤྲོད་བྱེད་པའི”ཁྱད་ཆོས་ལྡན་པའི་རྣམ་པའི་བཀོལ་ཏེ་རྐང་ཚའི་འབྲོག་ལུག་ཆེད་འཚོང་གི་ཐད་གཏོང་མགོ་བརྩམས་པ་དང་།“འབྲོག་ར་ནས་མདུན་ཅོག”བར་གྱི་བརྩེ་བའི་ཟམ་པ་བསྐྲུན་ནས་འབྲོག་ལུག་གི་དྲི་ཞིམ་དང་འབྲོག་པའི་བརྟན་སྲུང་གི་བྱ་སྤྱོད་བསྣམས་ནས་རྒྱལ་ཡོངས་ཁྲོམ་རར་བསྐྱོད་མགོ་ཚུགས།


རྩྭ་ཐང་གི་ཡུལ་དངོས་ནས་ཐོན་རྫས་འཚོལ་བ་དང་། སྤུས་ཚད་ལ་ཡིད་རྟོན་ཚད་ཇེ་མཐོར་བཏང་། སྲོལ་རྒྱུན་གྱི་ཐད་གཏོང་ཁང་གི་རྣམ་པ་དོར་ནས་ཐད་གཏོང་བརྙན་ཤེལ་རྐང་ཚ་རྫོང་རྟ་ཕྱུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ་ཐད་ཀར་གཏད་པ་དང་། མཚོ་སྔོན་པོ་པང་དུ་བླངས་ཤིང་མདོ་ལ་རིང་མོའི་འབྲོག་ར་གདན་དུ་བཏིངས་ནས། འབྲོག་ལུག་གིས་རང་མོས་ངང་རྩྭ་ཆུར་རོལ་བའི་རྣམ་པ་དང་འབྲོག་པས་ཚན་རིག་དང་མཐུན་པའི་ཕྱུགས་འཚོ་སྟངས་མངོན་པར་བྱས་ཏེ། ནམ་མཁའ་དང་། རྩྭ་ཐང་། ཆུ་ཕྲན་བཅས་ཀྱིས་གྲུབ་པའི་རང་བྱུང་བརྙན་རིས་སྤྱད་དེ་རྐང་ཚའི་འབྲོག་ལུག་གིས“གངས་ཆུ་འཐུང་བ་དང་། རང་བྱུང་གི་སྔོ་རྩྭ”སྤྱོད་པའི་སྐྱེ་འཚར་གསང་གྲངས་ཐད་ཀར་མངོན་ལ། འཛད་སྤྱོད་པར་ཐོན་ཁུངས་དངོས་མཐོང་ཐུབ་ཏུ་བཅུག ལག་རྩལ་ཆེད་མཁས་པ་བརྒྱུད་རིམ་ཧྲིལ་པོར་ཟབ་ཞུགས་བྱས་ཏེ། ཕྱུགས་རིགས་འདེམས་གསོ་ནས་སྐྱེ་ལྡན་གསོ་སྤེལ་གྱི་ཚད་གཞིའི་བར་དང་། ནད་ཡམས་ཞིབ་བཤེར་ཚད་ལེན་གྱི་བརྒྱུད་རིམ་ནས་རིམ་པ་དབྱེ་འབྱེད་ཚད་ལྡན་དུ་གཏོང་བའི་བར་གྱི་དོགས་གཞི་རེ་རེ་བཞིན་སེལ། མཉམ་ལས་ཁང་གིས་འབྱུང་ཁུངས་དངོས་ནས་ཐད་ཀར་ཕྱིར་འཚོང་གི་འགན་སྲུང་མཁོ་འདོན་བྱས་པ་དང་དུས་མཚུངས་སུ་འཁྱགས་སྦྲེལ་ཟོག་འགྲེམས་མ་ལག་འཐུས་ཚང་དུ་བཏང་བར་བརྟེན་ནས་བཤས་ཤ་སྐྱེལ་འདྲེན་ཁྲོད་ཀྱི་དྲོད་འཁྱགས་ཚོད་འཛིན་མངོན་འགྱུར་བྱས་ནས་མཐོ་སྒང་གི་ཤ་རིགས་ཐད་ཀར་སྐྱེལ་འདྲེན་བྱེད་པར་འགན་ལེན་བྱས།

རིག་གནས་ཀྱི་ནང་སྙིང་གཏིང་ཟབ་ཏུ་སྔོག་པ་དང་། བརྩེ་བ་སྦྲེལ་མཐུད་བྱས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྐུལ་སྤེལ་བཏང་། ཐད་གཏོང་ཚོགས་པ “མཐོ་སྒང་ཞིང་ཕྱུགས་ཐོན་རྫས་ཀྱི་རིག་གནས་མགྲིན་ཚབ་པ”བྱས་ཏེ། རྐང་ཚའི་འབྲོག་ལུག་གི་ས་ཁམས་མཚོན་རྟགས་ཀྱི་ངོ་བོ་དང་བོད་རིགས་ཀྱི་འབྲོག་ལས་རིག་གནས་དང་སྐྱེ་ཁམས་སྲུང་སྐྱོང་གི་གཏམ་རྒྱུད་ཟུང་འབྲེལ་བྱས་ཏེ། འབྲོག་ལུག་གི་ཤ་ལ“སྤྲི་དཀར་མཐོ་བ་དང་ཞག་ཚིལ་ཉུང་བ། བཤུལ་དྲི་མེད་པ”སོགས་ཀྱི་འཚོ་བཅུད་ལེགས་ཆ་ཁྱབ་གདལ་བཏང་བ་མ་ཟད། མཐོ་སྒང་གནམ་གཤིས་དང་རང་བྱུང་སྔོ་རྩྭ་ལས་གྲུབ་པའི་བྲོ་བའི་གཞི་རྒྱུ་གསལ་འགྲེལ་བྱས་ཤིང་། འབྲོག་པས“རྩྭ་ཆུ་འཛོམས་སར་རུ་སྤར་བའི”འཚོ་གནས་རིག་གནས་དང“སྐྱེ་ཁམས་སྔོན་འཇོག”གི་འཚོ་སྐྱོང་འདུ་ཤེས་ཀྱང་བསྟན་ཡོད་པས་འབྲོག་ལུག་གི་ཤ་ལ་དྲོད་ཚད་དང་དོན་སྙིང་ལྡན་པར་བྱས་ཏེ། “ཐོན་རྫས་རིན་ཐང”དང“བརྩེ་བའི་རིན་ཐང”གཉིས་ཀྱི་བརྒྱུད་སྤྲོད་མངོན་འགྱུར་བྱུང་ཡོད། ཁྱིམ་ཚང་གི་འདུ་འཛོམས་དང་། རྒྱུན་ལྡན་གྱི་གཡོས་སྦྱོར། དུས་ཆེན་གྱི་ལེགས་སྐྱེས་སོགས་གནས་ཚུལ་མི་འདྲ་བར་དམིགས་ནས། ཐོན་རྫས་རིགས་དབྱེའི་རྣམ་པས་ཐད་གཏོང་བྱས་ཏེ། དམར་བཙོས་ལ་འཚམ་པའི་རྩིབ་ཤ་ནས་རླངས་བཙོས་ཆོག་པའི་ལུག་སུག སྟབས་བདེ་རིང་བཞིན་གྱི་ཤ་སྒྲིལ་ནས་ལུག་ཤ་བཙོས་མའི་བར་དུ་དྲ་དཔོན་གྱིས་ཡུལ་དངོས་སུ་ཟས་རིགས་གཡོས་སྦྱོར་གྱི་ལག་རྩལ་གསལ་སྟོན་བྱས་པ་དང་། བརྔོས་ཚལ་འདྲ་མིན་དང་དགུན་དུས་ཀྱི་ཁམས་གསོ་སོགས་ལ་སྦྱར་ཏེ། ཕྱོགས་ཡོངས་ཀྱི་འཛད་སྤྱོད་པའི་དགོས་མཁོ་བསྐངས་ཡོད།

3.png

དྲ་བའི་རྒྱུག་ཚད་སྤྱད་དེ་སྤུས་རྟགས་ཀྱི་རིན་ཐང་ཆེ་རུ་བཏང་ནས་ཞིང་ལས་དར་སྤེལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་ཡོད། ཚོང་ཟོག་ཁྲི4ལྷག་ཙམ་དང་བཙོང་འབོར་སྒོར་ཁྲི600ལྷག་ཙམ་གྱི་ཕྱིར་འཚོང་གི་གྲངས་གཞི་ནི་མངོན་གསལ་དོད་པའི་གྲུབ་འབྲས་ཞིག་ཡིན་པ་མ་ཟད། དེ་བས་ཀྱང་ནུས་ལྡན་གྱི“སྤུས་རྟགས་གསར་བཟོ”ཞིག་ཀྱང་རེད། ཏུང་ཧྥིང་ལེགས་འབྱེད་སྟེགས་བུའི་དྲ་ཐོག་གི་ཤུགས་རྐྱེན་དང་སྤུས་རྟགས་ཀྱི་བློ་རྟོན་ཆོག་པའི་ནུས་ཤུགས་ལ་བརྟེན་ནས། རྐང་ཚའི་འབྲོག་ལུག་རང་ས་གནས་ཀྱི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ནས“རྒྱལ་དམངས་རིམ་པའི་ཟས་རིགས”བར་རིམ་སྤོར་བྱས་པ་མ་ཟད། རྐང་ཚའི་འབྲོག་ལུག་ཐོན་ལས“ཚད་ལྡན་ཅན་གྱི་འཚོ་སྐྱོང་དང་། ཞིབ་ཕྲའི་ལས་སྣོན། སྤུས་རྟགས་རང་བཞིན་གྱི་གཉེར་སྐྱོང་། གློག་རྡུལ་རང་བཞིན་གྱི་ཕྱིར་འཚོང་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། དེ་སྔོན་རྐང་ཚའི་འབྲོག་ལུག་ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་དཔང་ཡིག་ཐོབ་པ་དང“རྒྱལ་ཡོངས་དམིགས་བསལ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གྲགས་ཅན་གསར་པའི”མིང་ཐོའི་ནང་བཅུག་ཡོད། ཐེངས་འདིའི་ཐད་གཏོང་གིས་མདོ་ལ་རི་རིང་མོའི་འདབས་ཀྱི་འབྲོག་ར་བཟང་བོ”ཡི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ཕན་ནུས་སྔར་བས་ཆེ་རུ་ཕྱིན་ནས། “འབྲོག་ལུག་རྒྱལ་ཡོངས་སུ་ཁྱབ་པར”རྨང་གཞི་བརྟན་པོ་བཏིངས་ཡོད།

མདོ་ལ་རིང་མོའི་ཁོད་ཡངས་པའི་རྩྭ་ཐང་ནས་གྲོང་ཁྱེར་གྱི་ཁྱིམ་ཚང་ཁྲི་སྟོང་གི་མདུན་ཅོག་བར་དང་། འབྲོག་པའི་ཞུམ་མེད་ཀྱི་བརྩོན་པ་ནས་འཛད་སྤྱོད་པའི་ལྕེ་ཤེས་ཀྱི་མྱོང་བའི་བར་དང་། སྒེར་གྱི་ཆེད་ལས་མཉམ་ལས་ཁང་ལISOམ་ལག་བཞིའི་དཔང་ཡིག་ཐོབ་རྒྱུར་རོགས་འདེགས་བྱས་ཏེ་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ་ནས་ཏུང་ཧྥིང་ལེགས་འབྱེད་དང་རྐང་ཚའི་འབྲོག་ལུག་མཉམ་སྦྲེལ་གྱིས་ཚོང་ལམ་བསྐྲུན་པའི་བར་བཅས་ནི་གློག་རྡུལ་ཚོང་ལས་ཀྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ལ་ནུས་པ་འདོན་པ་དང་གྲོང་གསེབ་དར་སྤེལ་ལ་རོགས་རམ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཤིག་རེད། འབྲོག་ལུག་གི་དྲི་ཞིམ་དེ་ཐད་གཏོང་གི་དྲོད་ཚད་དང་འཕྲད་པ་དང་། མཐོ་སྒང་གི་བརྟན་སྲུང་དེ་རྒྱལ་ཡོངས་ཀྱི་ཁས་ལེན་དང་འཕྲད་སྐབས། “དགུན་དུས་ཀྱི་བྲིན་འཚོང”དེ་སྔ་མོ་ནས་ཉོ་ཚོང་རང་ངོས་ལས་བརྒལ་ནས་གྲོང་ཁྱེར་དང་འབྲོག་ཁུལ་འབྲེལ་མཐུད་བྱས་པ་དང་། དྲོད་ཁོལ་དང་རེ་བ་བརྒྱུད་སྤྲོད་བྱེད་པའི་འབྲེལ་ཐག་ཞིག་ཏུ་གྱུར་ཡོད།



མཉམ་སྤྱོད།